སློབ་ཆེན་སློབ་མ་པད་མ་མཚོ་ཡི་འཕྲིན་ཕྲན་ཚོང་ལམ།
2016.08.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 56

ལས་རིགས་གསར་སྤེལ་ནི་ཆེས་དཀའ་ཁག་ཆེ་བ་ཞིག་ཡིན་ལ་དེའི་ཁྲོད་དུ་རྒྱལ་ཁ་ཐོབ་མཁན་དེ་བས་ཀྱང་དཀོན།  ཧུའུ་ཀྲུང་ཧོར་རིགས་རང་སྐྱོང་རྫོང་ཧོང་ཡན་ཙི་ཀུག་ཞང་ནས་ཐོན་པའི་བོད་རིགས་བུ་མོ་པད་མ་མཚོ་ནི་ལེའོ་ཉིན་པཱའོ་ཧེ་སློབ་གྲྭ་ཆེན་མོའི་དབྱིན་ཡིག་དགེ་རྒན་ཆེད་ལས་ཀྱི་ལོ་རིམ་བཞི་བའི་སློབ་མ་ཞིག་ཡིན་ལ་ལས་རིགས་གསར་སྤེལ་ཁྲོད་ཀྱི་ཕུལ་བྱུང་འཐུས་ཚབ་མི་སྣ་ཞིག་ཀྱང་རེད། ཁོ་མོ་འཕྲིན་ཕྲན་ཚོང་ལམ་དུ་ཞུགས་ནས་ལོ་ངོ་གསུམ་འགོར། ཐོག་དང་པོར་གཟའ་འཁོར་གཅིག་ལ་སྐེག་ཚོས་ཆ་ཚང་གཅིག་ཀྱང་བཙོང་ཐུབ་ཀྱིན་མེད་པའི་བོད་རིགས་བུ་མོ་འདི་ལ་ད་ལྟ་ཟླ་རེར་ཡོང་སྒོ་སྒོར་ཁྲི་ཉི་ཤུ་ལ་བུད་ཡོད།

སློབ་མ་པད་མ་མཚོའི་འཕྲིན་ཕྲན་ཚོང་ལམ་ནི་སློབ་ཆེན་སློབ་མ་རྣམས་ལ་སྐུལ་མ་ཐེབས་པའི་དཔེ་མཚོན་ལྟ་བུ་དུ་གྱུར་ཡོད།

རང་ཉིད་ཀྱིས་ཚོང་རྫས་ནང་འདྲེན་བྱེད་པ་དང་རང་ཉིད་ཀྱིས་དངོས་སུ་ཐོན་རྫས་ལ་ཞིབ་བཤེར་བྱེད་པ། དྲ་ལམ་ནས་ཚོང་གྲོགས་གཞན་ལ་སློབ་ཁྲིད་དང་ཉམས་མྱོང་གླེང་བ། ཚོང་རྫས་ཇི་ལྟར་བཀོལ་སྤྱོད་བྱེད་པའི་རྒྱུ་མཚན་བཤད་པ་དང་པར་བླངས་ནས་དྲ་ལམ་དུ་སྐུར་བ་སོགས་ཚོང་གཉེར་གྱི་ཇུས་གཞི་སྣ་ཚོགས་བཟོ་ཞོར་དུ་ད་དུང་རང་ཉིད་ཀྱི་སློབ་སྦྱོང་དང་དངོས་སྦྱོང་། རྒྱུགས་ལེན་སོགས་ཀྱི་བྱ་བའི་ཁྲོད་ནས་ཡོང་སྒོ་བཙལ་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན།  ཡིན་ཡང་པད་མ་མཚོ་ལ་མཚོན་ན་བྲེལ་འཚུབ་ཀྱིས་ཁྲོད་དུ་སྐྱིད་པོར་གནས་ཡོད།

པད་མ་མཚོའི་འཕྲིན་ཕྲན་ཚོང་ལམ་སྐོར་གླེང་ན་ལོ་ངོ་གསུམ་གྱི་ཡར་སྔོན་ནས་གླེང་དགོས། ཁོང་མོས་རང་གི་ཚོང་ལམ་ལ་ཕྱིར་དྲན་བྱེད་སྐབས།  ཐོག་མར་རང་གི་གདོང་ཡོངས་ལ་རྨ་ཆུང་ངུས་བཀང་ཚུལ་དང་། སྐེག་ཚོས་གང་རུང་བྱུགས་ཀྱང་ཕན་པ་མ་བྱུང་ཚུལ། རྗེས་སུ་ཁོ་མོས་ད་སྐབས་ཚོང་གཉེར་བྱེད་བཞིན་པའི་སྐེག་ཚོས་དེ་བཀོལ་སྤྱོད་བྱས་པ་བརྒྱུད་ནས་ངོ་གདོང་གི་རྨ་ཆུང་ངུ་དག་མེད་པར་གྱུར་ཚུལ། ད་དུང་མི་མང་པོ་ཞིག་གིས་ཁོ་མོའི་སྐེག་ཚོས་ཅི་ཞིག་བཀོལ་བ་དང་། ཇི་ལྟར་བཀོལ་སྤྱོད་བྱེད་པ་སོགས་དྲི་བ་མང་པོ་བྱུང་བ་བསྟུན་ནས་རང་ཉིད་ཀྱི་སེམས་ལ་མི་འདི་འདྲའི་མང་པོ་ཞིག་གིས་དོ་སྣང་བྱེད་ཀྱིན་ཡོད་པས་རང་ཉིད་ཀྱིས་འདིའི་སྐོར་གྱི་ཚོང་ཞིག་བླངས་ན་ཅིས་མི་ཆོག་སྙམ་ནས་ཚོང་ལ་ཞུགས་ཚུལ། ཁོ་མུ་མཐུད་ནས་ཕྱིར་དྲན་གྱི་ཚུལ་དུ་བཤད་རྒྱུར། དངོས་སུ་ཚོང་ལམ་ལ་ཞུགས་ནས་མངག་ཉོ་བྱེད་བསམ་དུས་ཉོ་མཁན་མང་པོ་མེད་པ་དང་། ཆེས་དཀའ་ཁག་ཆེ་དུས་ནི་ཐོག་མའི་མངག་ཉོ་བྱེད་པའི་དུས་རེད། ལྷག་པར་དུ་མ་དངུལ་དཀོན་པ་དང་ཐོན་རྫས་མང་པོ་ལེན་མི་ཐུབ་པ། རང་ཉིད་ཀྱིས་བླངས་པའི་ཐོན་རྫས་རྣམས་མཚམས་ལན་རེར་ཟླ་ཕྱེད་ནང་ལ་གཅིག་ཀྱང་བཙོང་མི་ཐུབ། ཚོང་ཆེས་བཟང་དུས་ནི་ཟླ་གཅིག་ལ་སྐེག་ཚོས་ཆ་ཚང་གསུམ་བཙོང་བ་རེད་ཟེར། དེ་ནས་རིམ་བཞིན་རང་གི་སློབ་གྲོགས་དང་མི་མང་པོར་ཐབས་ལས་སྣ་ཚོགས་སྒོས་ངོ་སྤྲོད་བྱས་མཐར་ཐོན་རྫས་མངག་ཉོ་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་གྱུར་ལ་ཚོང་བ་རྙིང་བས་ཚོང་བ་གསར་བ་ངོ་སྤྲོད་བྱས་པས་འཕྲིན་ཕྲན་ནང་གི་གྲོགས་པོ་ཇེ་མང་དང་ཐོན་རྫས་ཉོ་མཁན་གྱི་མིའང་ཇེ་མང་ནས་ཇེ་མང་ལ་སོང་ཟེར།

པད་མ་མཚོའི་ཚོང་ཇེ་བཟང་དང་ཚོང་རྫས་ཇེ་མང་ལ་སོང་བ་དང་བསྟུན་ནས་སློབ་གྲྭའི་སྒོ་ནང་དུ་མཛོད་ཁང་ཁང་མིག་གཅིག་གླས་ཤིང་རིམ་བཞིན་དྲ་ཐོག་ཚོང་ལམ་བརྒྱུད་ནས་ཞིང་ལྗོངས་ལྔར་ཕྱིན་ནས་སྤྱིའི་ཚབ་འཚོང་བྱེད་ས་བཙུགས་ཤིང་། ལོ་ངོ་གསུམ་ཙམ་གྱི་རིང་ལ། ལས་རིགས་གསར་བསྐྲུན་ལམ་ནས་གྲུབ་འབྲས་ཆེན་པོ་བླངས།

རང་ཁ་རང་གསོ་བྱེད་ཐུབ་པར་གྱུར་བ་ནི་པད་མ་མཚོ་ལ་མཚོན་ན་ཆེས་དགའ་འོས་པའི་དོན་དག་ཅིག་ཡིན་རེད། པད་མ་མཚོས་བཤད་རྒྱར། ད་ནི་ངས་རང་ཉིད་ཀྱི་ནུས་པ་ལ་བརྟེན་ནས་སློབ་ཡོན་སྤྲོད་པ་དང་ཡུལ་སྐོར་བྱེད་པ། ཉོ་ཚོང་བྱེད་པ་ཐུབ་པར་མ་ཟད། ད་དུང་ཁྱིམ་ཚང་ལ་ཡང་དཔལ་འབྱོར་གྱི་ཕྱོགས་ནས་རོགས་རམ་བྱེད་ཐུབ་ཟེར།

ཐོག་དང་པོར། ཕ་མ་གཉིས་ཀྱིས་པད་མ་མཚོ་འཕྲིན་ཕྲན་ཚོང་ལམ་དུ་ཞུགས་པ་དེས་ཁོ་མོའི་སློབ་སྦྱོང་ལ་གནོད་པ་ཡོད་མེད་དང་ཚོང་ལས་དེ་ཚད་ལྡན་ཞིག་ཡིན་མིན་ལ་སེམས་ཁུར་ཆེ་ན་ཡང་། པད་མ་མཚོ་ཡིས་ཚད་ལྡན་གྱི་དུས་ཚོད་བཀོད་སྒྲིག་བྱས་པ་དང་། ནམ་རྒྱུན་ཚད་ལྡན་གྱི་དུས་ཚོད་བཀོད་སྒྲིག་བྱས་ནས་ཚོང་རྒྱག་གིན་ཡོད་ལ། ཨ་ཕ་ཡང་བུ་མོ་དང་མཉམ་དུ་ཐོན་རྫས་ཐོན་སྐྱེད་བྱེད་སའི་བཟོ་གྲྭར་ཕྱིན་ནས་ཡུལ་དངོས་ནས་རྒྱུས་ལོན་བྱས་པས། དེང་སྐབས་བུ་མོའི་བྱ་བར་བྲེལ་བ་ཆེ་དུས་་ཕ་མ་གཉིས་ཀྱིས་ལས་ཞོར་དུ་བུ་མོར་རོགས་བྱེད་ཀྱིན་ཡོད། ཁྱིམ་གྱི་མཛོད་ཁང་སོགས་ལ་ཐོན་རྫས་ཀྱིས་བཀང་ཡོད་ལ། ཉིན་རེའི་ཕར་འགྲོ་ཚུར་འོང་གི་ཚོང་བ་རྒྱུན་ཆད་ཀྱིན་མེད།

མཛད་སྤྱོད་ཇེ་ཆེར་ཕྱིན་པ་དང་བསྟུན་ནས། མྱུར་སྐྱེལ་ཀུང་ཟི་མང་པོས་ཁོ་མོར་མཉམ་འབྲེལ་བྱེད་བཞིན་ཡོད་པར་མ་ཟད། ད་དུང་སྦྲག་སྲིད་མྱུར་སྐྱེལ་གྱིས་བསྐུར་རིན་སྒོར་20%མར་ཕབ། སྔོན་ཆད་ཐོན་རྫས་ཤིག་བསྐུར་ན་ལམ་ཐག་རིང་བོར་ཕྱིན་ནས་མྱུར་སྐྱེལ་ཀུང་ཟི་ལས་བསྐུར་དགོས་མོད།ད་སྐབས་མྱུར་སྐྱེལ་ཀུང་ཟིའི་རླངས་འཁོར་མངགས་ནས་དངོས་པོ་ཕར་སྐྱེལ་ཚུར་ལེན་བྱས་འགྲོ་ལ། སྟབས་བདེ་ཞིང་དུས་ཚོད་ཐུང་ངུ་ལས་བཀོལ་མི་དགོས།

མིག་སྔར། ཁོ་མོའི་མིང་འོག་ན་ཐད་གཏོགས་ཚབ་འཚོང1000ཡོད་ལ། གཟའ་འཁོར་རེར་ཚབ་འཚོང་བ་རྣམས་ལ་གསོ་སྦྱོང་བྱེད་པ་དང་། ཟླ་རེར་བྱ་བར་སྤྱི་བསྡོམས་དང་བྱ་བ་བཀོད་སྒྲིག་བྱས་ནས་བྱ་དགའི་ལམ་ལུགས་ལག་བསྟར་བྱེད་ཀྱིན་ཡོད། ཁོ་མོ་ཡི་ཚབ་འཚོང་བ་མང་པོ་ཞིག་ནི་སློབ་མ་ཡིན་ལ། ཁོ་ཚོའི་སློབ་སྦྱོང་གི་ཞོར་དུ་རང་ཉིད་ཀྱིས་གཞན་དང་འབྲེལ་འདྲིས་བྱེད་པ་དང་།བསམ་བློ་བརྗེ་རེས་བྱེད་པར་སྦྱོང་བརྡར་བྱེད་ཀྱིན་ཡོད། ད་དུང་དཔལ་འབྱོར་གྱི་ཡོང་འབབ་ཉུང་ཙམ་ཐོབ་པ་དེས་འཚོ་བར་ཁ་གསབ་རྒྱག་ཐུབ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་ཞིག་པད་མ་མཚོ་ཡི་སྣེ་ཁྲིད་འོག་འཕྲིན་ཕྲན་ཚོང་ལམ་ལ་ཞུགས་རྗེས་ཟླ་རེར་སྒོར་ཁྲི་བདུན་གྱི་ཡོང་སྒོ་ཡོད།

པད་མ་མཚོ་ཡིས་བཤད་དོན། དྲ་ཐོག་ནས་ཚོར་གཉེར་བྱས་ན་ན་ཆེས་ཆེ་བའི་ལག་ཡོང་ནི་རང་ཉིད་ལ་སྦྱོང་བརྡར་ཐེབས་རྒྱུ་དེ་རེད། སྔོན་ཆད་རང་གི་ངོ་ཤེས་པ་ཕར་ཞོག་རང་གི་ངོ་མི་ཤེས་པའི་མདུན་ནས་ཀྱང་སྐད་ཆ་ཚིག་གཅིག་ཀྱང་བཤད་མི་ཐུབ་མོད།ད་སྐབས་ཕན་ཚུན་ལ་འབྲེལ་འདྲིས་བྱེད་པ་དང་། གནད་དོན་ཐག་གཅོད་པའི་ཕྱོགས་ནས་རང་ཉིད་ལ་འཕེལ་རྒྱས་ཆེན་པོ་བྱུང་འདུག ཐེངས་ཤིག་ལ་ཐོན་རྫས་བཀོལ་སྤྱོད་བྱེད་པའི་གོ་རིམ་ཁྲོད་ནས་མཛད་སྤྱོད་པ་ཞིག་ལ་སྐེག་ཚོས་མ་འགྲིག་པའི་གནས་ཚུལ་བྱུང་། འདི་ནི་ལོ་ངོ་དུ་མའི་རིང་ལ་འཕྲད་མ་མྱོང་བའི་དོན་རྐྱེན་དང་པོ་རེད། ཁོ་མོ་དང་ཐག་ཧ་ལས་པོ་བྱུང་ན་ཡང་དེ་མ་ཐག་ལུས་སེམས་བདེ་ལ་བབས་རྗེས་དེ་ལ་རྒྱུ་རྐྱེན་གཞན་ཞིག་ཡོད་པར་བསམ། ཚོང་མགྲོན་གྱི་སེམས་ཅུང་ལྷོད་ལ་བབས་རྗེས་སུ། བན་མ་མཚོ་ཡིས་ཞིབ་ཚེགས་ཀྱི་སྒོ་ནས་ཐོན་རྫས་བཀོལ་སྤྱོད་བྱེད་པའི་གོ་རིམ་ཁྲོད་ནས་ཟས་རིགས་གང་དག་ལོངས་སུ་སྤྱད་པ་དྲིས་རྗེས་སུ་དོན་དག་དེ་བདེ་ལེགས་ངང་ནས་ཐག་བཅད། མཛད་སྤྱོད་པ་དེ་ནི་ད་དུང་བན་མ་མཚོ་ཡི་ཡིད་རྟོན་རུང་བའི་ཚོང་མགྲོན་ཞིག་ཡིན།

ལས་སྒོ་རྒྱ་བསྐྱེད་པའི་ཕྱོགས་ནས། ཁོ་མོས་ཕྱོགས་གཅིག་ནས་དྲ་རྒྱའི་ཚོང་ལམ་ཇེ་ཆེར་བཏང་བ་དང་། ཕྱོགས་གཞན་ཞིག་ནས་ཚོང་ཁང་དང་མཉམ་འབྲེལ་བྱས་ནས་ཁོ་ཚོ་ལ་བྲིན་ཚོང་གི་ཁོར་ཡུག་ཅིག་བསྐྲུན། མིག་སྔར་ཚོང་ཁང་ལྔ་ལ་མཉམ་འབྲེལ་བྱས་ཡོད་པ་དང་མུ་མཐུད་དུ་ཚོང་ཁང་གཞན་དང་འབྲེལ་འདྲིས་བྱེད་བཞིན་ཡོད།

2015ལོའི་ཟླ་10བར། ཁོ་མོས་ཐེངས་དང་པོར་ཚབ་འཚོང་མི་སྣའི་ཐུག་འཕྲད་ཚོགས་འདུ་བསྡུས་པ་དང་། ཆེད་དུ་ཚབ་འཚོང་ཕུལ་བྱུང་ཅན་ལ་བྱ་དགའ་སྟེར་བ་དང་། ཉམས་མྱོང་ཕྱོགས་བསྡུས། ཚང་མའི་བརྩོན་སེམས་ལ་སྐུལ་འདེད་བཏང་ནས། དྲ་ཐོག་ཚོང་ལམ་གྱི་དགོས་མཁོ་ལྟར་མིང་གྲགས་ཐོན་རྫས་ཇེ་ལེགས་དང་ཇེ་རྒྱས་སུ་གཏོང་རྒྱུ་ཟེར།

ཚད་ལྡན་གྱིས་བྱ་བ་དང་སློབ་སྦྱོང་གི་དུས་ཚོད་བཀོད་སྒྲིག་བྱས་ནས་མཐར་ཕྱིན་ལ་ཡོད་པའི་སློབ་མ་ཞིག་ལ་མཚོན་ན་འཕྲིན་ཕྲན་ཚོང་ལམ་ནས་གྲུབ་འབྲས་ཁོ་ན་ལེན་རྒྱུ་མིན་པར་སློབ་སྦྱོང་གི་ཕྱོགས་ནས་ཀྱང་ལག་ཡོང་ངེས་ཅན་ཞིག་ཡོད་རྒྱུ་དེ་རེད། མིག་སྔར། ཁོ་མོའི་དབྱིན་ཡིག་ཆེད་ལས་ཀྱི་རིམ་པ་བཞི་བའི་རྒྱུགས་འཕྲོད་སོང་ལ། ཆེད་ལས་ཀྱི་རིམ་པ་བརྒྱད་པའི་རྒྱུགས་སྐར་ལ་སྒུག་བཞིན་པའི་སྐབས་ཡིན། དེའི་མཚུངས་སུ། ཁོ་མོའི་དགེ་རྒན་གྱི་ཐོབ་ཐང་དཔང་ཡིག་དང་། རྒྱལ་ཁབ་ཀྱི་རྩིས་འཁོར་གྱི་རིམ་པ་གཉིས་པའི་ཐོབ་ཐང་དཔང་ཡིག་སོགས་བླངས་ཡོད།

མིག་སྔར། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ལས་ཞུགས་ཅུའུ་ཡིས་ཁོ་མོ་སློབ་ཆེན་སློབ་མའི་ལས་རིགས་གསར་སྤེལ་གྱི་གསར་དར་འགྲན་སྡུར་དུ་གདན་འདྲེན་ཞུས་ལ། ཁོ་མོས་ཀྱང་སྔར་ལས་ལྷག་པའི་སྒོ་ནས་སློབ་མ་མང་པོ་ཞིག་ལས་རིགས་གསར་སྤེལ་ཁྲོད་ཞུགས་པར་སྣེ་ཁྲིད་བྱེད་ཀྱིན་ཡོད།

མིང་གྲགས་ཀྱི་ཐོན་རྫས་བསྐྲུན་འདོད་ན། ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། དམིགས་ཡུལ་གཅིག་ལ་གཏད་དེ། མུ་མཐུད་དུ་འབད་པས་སྒྲུབ་དགོས། ཉི་མ་རེ་རེ་བཞིན་བརྩི་མཐོང་དང་གྲོགས་པོ་རེ་རེ་ལ་བརྩི་མཐོང་བྱེད་དགོས། འདི་ནི་པད་མ་མཚོ་འཕྲིན་ཕྲན་ཚོང་ལམ་དུ་ཞུགས་པའི་གསང་བའི་མན་ངག་ཅིག་ཡིན། ཁོ་མོས་བཤད་དོན། མིག་སྔར་འཕྲིན་ཕྲན་སྤྱོད་མཁན་མི་དུང་ཕྱུར་ལས་བརྒལ་ཡོད་པས། ཚོང་ལས་འགག་རྩར་བཟུང་ནས་ཚོང་གཉེར་གྱི་ཐབས་ཇུས་དང་། བྱེད་ཐབས་ལ་དོ་སྣང་བྱས་ན  །སློབ་ཆེན་སློབ་མས་ལས་རིགས་གསར་སྤེལ་བྱེད་པར་ང་ཚོ་དང་ཐག་མི་རིང་ཟེར།
 

ལོ་ཙཱ།  བསོད་ནམས་ལྷ་མོ།