ལོ་ངོ་བཅུ་གཅིག་ལ་ཚབ་ཁྲིད་བྱས་པའི་དགེ་རྒན་བསོད་ནམས་སྒྲོལ་མ།
2016.08.29 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 34

ཉིས་སྟོང་བཅུ་བཞི་ལོའི་དབྱར་ཁར་ལོ་ཉེར་བཞི་ལ་སོན་པའི་བསོད་ནམས་སྒྲོལ་མ་སློབ་ཆེན་ནས་མཐར་ཕྱིན། དབྱར་ཁ་དེར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་འབའ་དགོན་ཞང་ཞག་སྡོད་སློབ་ཆུང་དུ་དགེ་རྒན་བྱེད་བཞིན་པའི་ཨ་ཅེས་མོ་ལ་སློབ་གྲྭའི་དགེ་རྒན་གཉིས་ཀྱིས་གནང་བ་ཞུས་པས་དགེ་རྒན་ཧ་ཅང་ཉུང་། ཟླ་གཅིག་ཙམ་ལ་སློབ་ཁྲིད་བྱེད་རོགས་བྱས་ན་ཅི་འདྲ་ཞེས་བཤད། ཨ་ཅེས་མོ་ལ་རོགས་རམ་བྱེད་པ་ཙམ་ལས་ཟླ་ཕོགས་སོགས་ཅི་ཡང་མེད་ཚུལ་བརྗོད། ཡིན་ན་ཡང་། བསོད་ནམས་སྒྲོལ་མས་རོགས་རམ་བྱེད་རྒྱུ་ཁས་བླངས། ཟླ་གཅིག་གི་རྗེས་སུ། དགེ་རྒན་དེ་གཉིས་ཕྱིར་སླེབས་བྱུང་ནའང་། དགེ་རྒན་གཞན་པ་གཉིས་ཀྱིས་ལས་གནས་སྤར་བས། སློབ་གྲྭར་སྔར་བཞིན་དགེ་རྒན་ཤིན་ཏུ་ཉུང་། བསོད་ནམས་སྒྲོལ་མའི་ཨ་མས་ཟླ་ཕོགས་མེད་ཀྱང་སྐྱོན་ཅི་ཡོད། ང་ཚོས་ཁྱོད་ཀྱི་ཕོ་བ་ལྟོགས་སུ་འཇུག་ནི་མ་རེད། ཁྱོད་ཀྱིས་སློབ་མ་ཚོར་སློབ་ཁྲིད་ཡག་པོ་བྱོས་དང་དེས་མི་ཆོག་པ་ཅི་ཡོད་ཅེས་བཤད། དེ་ནས་བཟུང་བྱིས་པ་ལ་དགའ་བའི་བསོད་ནམས་སྒྲོལ་མ་ནི་འབའ་དགོན་ཞང་ཞག་སྡོད་སློབ་ཆུང་གི་ཚབ་ཁྲིད་དགེ་རྒན་ཞིག་ཏུ་གྱུར། མོའི་ཁྲིད་བྱ་ནི་རྒྱ་ཡིག་དང་རྩིས་རིག་ཡིན་ལ། བྱིས་པ་ཚོས་མོ་ལ་ཨ་ཅེ་དགེ་རྒན་ཞེས་འབོད་བཞིན་ཡོད།

ཟླ་ཕོགས་མེད་པས། བསོད་ནམས་སྒྲོལ་མས་སློབ་གྲྭ་གྲོལ་རྗེས་སློབ་གྲྭའི་སྒོ་ཁ་ནས་སྲེག་ཟས་བཙོང་བ་ལ་ཡོང་སྒོ་ཡང་ཅུང་བཟང་། མོས་དེ་འདྲའི་འཚོ་བ་ནི་ཚིམ་སྣང་ལྡན་པ་ཞིག་རེད་ཟེར། ཉིས་སྟོང་དྲུག་ལོར་སློབ་གྲྭས་དགེ་རྒན་བསྡུས་ཤིང་། དགེ་རྒན་ཇེ་མང་དུ་སོང་བས། ཁྱིམ་མི་ཚོས་མོ་ལ་རྫོང་མཁར་ནས་ཟླ་ཕོགས་སྒོར་སྟོང་གཉིས་ལྔ་བརྒྱ་ཡོད་པའི་ལས་ཀ་ཞིག་བཙལ། ཡིན་ན་ཡང་ཅང་མ་འགོར་བར། སློབ་གཙོས་བསྟུད་མར་ཐེངས་གསུམ་ལ་མོའི་ལས་ཁུངས་དང་འབྲེལ་བ་བྱས་འདུག མ་གཞི་བསོད་ནམས་སྒྲོལ་མ་སོང་རྗེས། ཁྱིམ་བདག་རྣམས་ཀྱིས་སློབ་གྲྭར་མོ་ཕྱིར་འབོད་དགོས་པའི་རེ་འདུན་བཏོན་ཡོད་སྐད། བསོད་ནམས་སྒྲོལ་མས་དེ་མ་ཐག་ཕྱིར་འབའ་དགོན་ཞང་ཞག་སྡོད་སློབ་ཆུང་དུ་སོང་ནས། མུ་མཐུད་དུ་བྱིས་པ་རྣམས་ཀྱི་ཨ་ཅེ་དགེ་རྒན་བྱེད་རྒྱུར་ཐག་བཅད། སློབ་གྲྭས་མོ་ལ་ཟླ་ཕོགས་སྒོར་སུམ་བརྒྱ་རེ་སྟེར་རྒྱུ་བྱས།

ཉིས་སྟོང་བཅོ་ལྔ་ལོར་བསོད་ནམས་སྒྲོལ་མར་གཞི་ནས་དགེ་རྒན་གྱི་ལས་གནས་ལ་རྒྱུགས་སྤྲད་པ་བརྒྱུད་སྒྲིག་ཁོངས་ཀྱི་མིང་སྐལ་ཐོབ། ཚབ་ཁྲིད་བྱས་པའི་ལོ་ངོ་བཅུ་གཅིག་གི་རིང་ལ། ཟླ་ཕོགས་ཉུང་ནའང་མོའི་བྱིས་པ་རྣམས་ལ་བཅངས་པའི་བརྩེ་སེམས་ལ་ནམ་ཡང་གཡོ་འགུལ་ཐེབས་མ་མྱོང་། ང་རང་བྱིས་པ་ལ་དགའ་ཞིང་། སློབ་གསོའི་ལས་དོན་ལ་དགའ། བྱིས་པ་ཚོ་དང་མཉམ་དུ་བསྡད་ན་ངའི་སེམས་ཁམས་ཀྱང་ཤིན་ཏུ་སྐྱིད། བྱིས་པ་ཚོར་ང་མཁོ་ལ་ང་ཡང་བྱིས་པ་ཚོ་མཁོ། བསོད་ནམས་སྒྲོལ་མས་དེ་ལྟར་བཤད་ཀྱིན་འདས་དོན་ལ་ཕྱིར་དྲན་བྱས། དང་ཐོག་ཚབ་ཁྲིད་དགེ་རྒན་བྱེད་དུས། སློབ་གྲྭར་འཛིན་གཉིས་ཡོད། འཛིན་གྲྭ་རེར་སློབ་མ་བདུན་ཅུ་ཡི་ཡན་ཡོད། དཀའ་ཁག་མང་པོའི་མདུན་ནས་ཚང་མས་བློ་རྩེ་གཅིག་ཏུ་གཏད་ནས་སློབ་ཁྲིད་ཀྱི་བྱ་བ་བདེ་བླག་ངང་སྤེལ། ལོ་ངོ་བཅུ་གཅིག་གི་རིང་ལ། མོས་རང་ནུས་ཡོད་རྒུས་བྱ་བ་བསྒྲུབས། སློབ་མར་གཅེས་ཤིང་སློབ་ཁྲིད་ནན་ཏན་གྱིས་བྱས། བྱིས་པ་ཚོས་མོ་ལ་ཨ་ཅེ་དགེ་རྒན་ཞེས་འབོད་པར་མ་ཟད་ཁྱིམ་བདག་རྣམས་ཀྱིས་ཀྱང་མོ་ལ་དེ་ལྟར་འབོད།

སློབ་ཁྲིད་བྱེད་ཐབས་ཀྱི་ཐད་ནས་བསོད་ནམས་སྒྲོལ་མ་ལ་རང་ཉིད་ཀྱི་ཐབས་མཆོག་ཅིག་ཡོད། འབྲོག་ཁུལ་གྱི་བྱིས་པ་རྣམས་རྒྱ་ཡིག་རྒྱ་སྐད་ལ་འབྲེལ་འདྲིས་ཉུང་བས། དེ་སྦྱོང་བར་དཀའ་ཁག་ཤིན་ཏུ་ཆེ། ཞིང་སྡེ་རུ་གསབ་སྦྱོང་འཛིན་གྲྭ་ཡང་མེད་པས་ཁྱིམ་བདག་རྣམས་ཀྱིས་ཀྱང་དེའི་ཐད་ལ་རོགས་རམ་བྱེད་མི་ཐུབ། རྒྱ་ཡིག་གི་ལས་བྱ་ཡག་པོར་འགྲུབ་དཀའ། བྱིས་པ་རྣམས་ལ་རྒྱ་ཡིག་ཡག་པོ་སྦྱོང་དུ་འཇུག་ཆེད། བསོད་ནམས་སྒྲོལ་མས་བྱེད་ཐབས་སྣ་མང་བཏོན། དེ་དག་ལས་ཕན་འབྲས་ཆེས་བཟང་བའི་བྱེད་ཐབས་ནི། བྱིས་པ་ཚོས་ཡིག་ནོར་གཅིག་བྲིས་ན་ཁྲི་ཙེ་ཡིས་བསོད་ནམས་སྒྲོལ་མའི་ལག་མཐིལ་ལ་གཅིག་གཞུ་བ་དང་། ལས་བྱ་མ་བྲིས་ན་ཐེངས་ཉི་ཤུར་གཞུ་བ་དེ་ཡིན། གཞུ་ཐེངས་ཆེས་མང་བ་ནི་བསོད་ནམས་སྒྲོལ་མའི་ལག་མཐིལ་གྱིས་གཞུ་ཐེངས་སུམ་བརྒྱ་མྱངས་པ་དེ་རེད་ལ། མོའི་ལག་པའང་སྐྲངས་འདུག བྱིས་པ་ཚོས་མ་བཟོད་པར་མཆི་མ་ཤོར་ཞིང་། རྗེས་སུ་ལས་བྱ་ངེས་པར་ནན་ཏན་གྱིས་འབྲི་རྒྱུའི་དམ་བཅས། མོས་ད་དུང་དཔྱིད་ཀའི་ཁ་བ་དཔེ་གཞིར་བཟུང་ནས་བྱིས་པ་རྣམས་ལ་མཐོ་སྒང་གི་དཔྱིད་ཀའི་མཛེས་དཔལ་མྱོང་དུ་བཅུག བྱིས་པ་ཚོ་ཁྲིད་ནས་རོལ་རྩེད་ལ་ཞུགས་ཤིང་། རོལ་རྩེད་ཀྱི་ཁྲོད་ནས་འཚོ་བ་ལ་དགའ་ཞེན་བྱེད་པ་དང་རང་བྱུང་ལ་མོས་གུས་བྱེད་པ། རང་རློམ་གྱི་སྤོབས་པ་བསྐྱེད་ཚུལ་སོགས་བསླབ། སྐལ་བཟང་མེ་ཏོག་བྱ་འགུལ་གྱི་རྒྱུ་ཆ་བེད་སྤྱད་ནས་ལོ་བཅུ་གཉིས་ཡན་གྱི་བུ་མོ་རྣམས་དང་བུད་མེད་ཁྱིམ་བདག་རྣམས་ལ་ལུས་ཁམས་འཕྲོད་བསྟེན་གྱི་རྒྱུན་ཤེས་འཆད་སྒྲོག་བྱས་ཏེ། ཁོ་ཚོར་རང་ཉིད་ལ་གཅེས་སྐྱོང་བྱེད་པ་དང་བདེ་ཐང་གི་འཚོ་བ་རོལ་བའི་ཕྱོགས་ལ་མཛུབ་སྟོན་བྱས།
 

རྩོམ་སྒྲིག་པ། ཚེ་མགོན་རྒྱལ།