དབུལ་ཕོངས་ཁྱིམ་ཚང་འཕགས་པ་ཚེ་རིང་“སྦྱིན་བདག་ཆུང་ཆུང་ཞིག་ཏུ་གྱུར་བ།”
2016.09.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

འཕགས་པ་ཚེ་རིང་གིས་ཡིད་ལའང་ཤར་མ་མྱོང་བ་ཞིག་ནི་རང་ཉིད་ལ་དངོས་སུ་འགྱིག་འཁོར་ཚོང་ཁང་ཞིག་ཡོད་པ་དེ་ཡིན། འབྲོག་དམངས་འཕགས་པ་ཚེ་རིང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་ཁོས་སུན་ཞང་ཁོས་སུན་སྡེ་བའི་ཡིག་ཚགས་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་ལ། ད་ལྟ། ཁོ་ཚང་ལ་རྩྭ་ས་མེད་ལ་ཕྱུགས་ཟོག་ཀྱང་མེད་པར་ཏང་གི་དབུལ་སྐྱོར་འཁྲེགས་གཏོར་སྲིད་ཇུས་ལ་བརྟེན་ནས་རྫོང་ཐོག་ཏུ་འགྱིག་འཁོར་ཚོང་ཁང་ཞིག་ཕྱེས་ནས་“སྦྱིན་བདག་ཆུང་ཆུང”ཞིག་ཏུ་གྱུར་ཡོད།

རང་ཉིད་ལ་རྩྭ་ས་མེད་པས་འཕགས་པ་ཚེ་རིང་གིས་གཞན་ལ་ཕྱུགས་འཚོ་བ་དང་ཕྱོགས་བཞི་མཚམས་བརྒྱད་དུ་སོང་ནས་གླ་བྱས་ཏེ་ཁྱིམ་མི་བཞི་བོའི་ཁ་གསོ་བ་དང་འཚོ་བ་ཧ་ཅང་བབ་ཆགས་ཐབས་རྡུགས་ཡིན། གཞན་ལ་ཕྱུགས་ཟོག་འཚོ་རོགས་བྱས་ན་གླ་ཆ་ཅུང་ཙམ་རེ་ཡོད་མོད། ཁ་ཆར་བུ་ཡུག་ཁྲོད་ཀྱི་དཀའ་སྡུག་མྱངས་དགོས་པ་ལས་གཞན་། ད་དུང་བྱིས་པ་གཉིས་སློབ་ལོ་རན་ཟིན་པ་དང་འགོར་འགྱངས་བྱས་ཚེ། སློབ་གྲྭར་འགྲོ་བར་དཀའ་ཁག་ཡོད་།དེ་བས་ཁོས་ཆུང་མ་དང་གྲོས་བསྡུར་བྱས་རྗེས་བྱིས་པའི་མདུན་ལམ་གྱི་ཆེད་དུ་ཁྱིམ་མི་གང་བོ་རྫོང་ཐོག་ཏུ་གནས་སྤར་རྒྱུ་ཐག་བཅད།

ཁོས་སུན་སྡེ་བའི་སྡེ་མི་ཡོངས་ཀྱིས་ཤེས་གསལ་ལྟར།སྡེ་བ་ཡོངས་སུ་དཀའ་ཁག་ཆེས་ཆེ་བ་ནི་འཕགས་པ་ཚེ་རིང་ཚང་ཡིན་མོད། འོན་ཀྱང་ཁོ་ཚང་ལ་རོགས་བྱེད་པའི་ཐབས་ལམ་བཟང་བོ་ཞིག་མ་རྙེད་པར་ཚང་མའི་སེམས་ལ་བྲེལ་བ་ལངས།  དབུལ་སྐྱོར་མཁྲེགས་གཏོར་གྱི་བྱེད་ཐབས་བཏོན་པ་ནས་བཟུང་། ཧི་ནན་རྫོང་དབུལ་སྐྱོར་ཅུའུ་དང་ཁོས་སུན་ཞང་གི་ལས་བྱེད་པ།མང་ཚོགས་བཅས་ཀྱིས་གྲོས་སྡུར་ཡང་ཡང་བྱས་མཐར། དབུལ་སྐྱོར་མ་དངུལ་སྒོར་ས་ཡ་དྲུག་དང་འབུམ་ལྔ་དང་། དབུལ་སྐྱོར་དངུལ་བུན་ས་ཡ་ལྔ་བསྐྱིས་ཏེ། ལེགས་སྒྲིག་མ་དངུལ་འབུམ་བརྒྱད་། དེའི་ཁར་མང་ཚོགས་རང་སྟེང་ནས་སྒོར་ས་ཡ་གཅིག་དང་འབུམ་བདུན་ཁྲི་བརྒྱད་བཅས་བསྡུས་ནས། རྫོང་མཁར་གྱི་གཡུ་སྒང་ཉིན་གྲོང་རྡལ་སྐྱེ་ལྡན་ཕྱུགས་ཐོན་ཐོན་ལས་གླིང་གི་ཤར་འགྲམ་དུ་འཛུགས་སྐྲུན་རྒྱུ་ཆ་དང་མཛེས་སྤྲས་རྒྱུ་ཆའི་ཉོ་ཚོང་ཁྲོམ་ར་ཞིག་བཙུགས། “གླ་གཏོང་བདག་གཉེར་བྱེད་སྟངས”སྤྱད་ནས་དབུལ་སྐྱོར་གྱི་མ་དཔེར་སྐུལ་འདེད་བྱེད་པ་དང་། མ་དངུལ་གྱི་ཆེས་ཆེ་བའི་ཚད་བཀག་ལྟར་གྲུབ་འབྲས་སྨིན་པར་བྱས། ཁོས་སུན་སྡེ་བ། མོ་ཆུ་སྡེ་བ། ཚ་ཧན་སོས་སྡེ་བ། རྒྱ་མཁར་སྡེ་བ་སོགས་སྡེ་བ་བཞིའི་མི་གྲངས་སྟོང་གསུམ་དྲུག་ཅུ་རེ་ལྔ་ལ་ཕན་ཁེ་ཐོབ་པ་དང་།རེག དེའི་ནང་དུ་དབུལ་སྐྱོར་ཁྱིམ་ཚང་གི་མི་བཞི་བརྒྱ་ལྔ་ཡོད་ལ། འཕགས་པ་ཚེ་རིང་ནི་དེའི་གྲས་ཀྱི་ཁེ་ཕན་རེག་པའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན།

ད་ལོའི་ལོ་མགོར། ཁོས་སུན་སྡེ་བས་མང་ཚོགས་ཚོགས་འདུ་འཚོགས་ནས། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མགོན་པོ་རྒྱལ་གྱིས་གྲོས་གཞི་བཏོན་ཏེ། རྫོང་ཐོག་གི་འཛུགས་སྐྲུན་རྒྱུ་ཆའི་ཁྲོམ་རར་ཚོང་ཁང་མདུན་ཕྱོགས་སུ་ཅན་གྱན་མིག་གཉིས་འདུག་ལ། དེ་རིན་མེད་ཀྱི་ངང་ནས་འཕགས་པ་ཚེ་རིང་ལ་ལས་གཞི་ཞིག་སྒྲུབ་ཏུ་འཇུག་རྒྱུའི་བསམ་ཚུལ་བཏོན་པས་ཚང་མས་རྒྱབ་སྐྱོར་ཐོབ། འཕགས་པ་ཚེ་རིང་ཀྱིས་དོན་བཟང་དེ་ཐོས་རྗེས། དགའ་བ་དང་ཐེ་ཚོམ་གྱི་རྒྱ་རུ་ཚུད། དགའ་བ་ནི་ཁོས་ཡུན་རིང་ཞིག་ལ་འགྱིག་འཁོར་ཚོང་ཁང་ཞིག་བསྒྲུབ་འདོད་པའི་ཕུགས་བསམ་མངོན་འགྱུར་ཡོང་བའི་གོ་སྐབས་དང་འཕྲད་པ་ཡིན་ལ། ཐེ་ཚོམ་ནི་ཚོང་ཁང་འདི་ལྟ་བུ་ཞིག་ཕྱེས་ན་ཆེས་མ་མཐའ་ཡང་སྒོར་ཁྲི་འགའི་མ་དངུལ་དགོས། མ་དངུལ་འདི་གནས་གང་དུ་འཚོལ་དགོས་སྙམ།
  མི་ལ་རོགས་བྱེད་ཚེ་མཐའ་འཁྱོལ་བ་ཞིག་བྱེད་དགོས། ཁོས་སུན་སྡེ་བའི་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ཏེ་གྲོས་སྡུར་བྱས་མཐར། སྡེ་བའི་མིང་ཐོག་ནས་འཕགས་ཚེ་རིང་ལ་དབུལ་བུན་སྒོར་ཁྲི་བཞི་ལྷག་བསྐྱིས་པ་དང་། ད་དུང་ཁོས་དབུལ་བུན་ཕྱིར་སྤྲོད་པའི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད། ལག་སོན་བྱུང་བའི་སྒོར་ཁྲི་བཞི་མཐོང་བས་འཕགས་པ་ཚེ་རིང་དགའ་སྤྲོས་ཁེངས།

ད་ལོའི་ཟླ་བདུན་པར། ཚང་མའི་རྒྱབ་སྐྱོར་འོག་ཁོས་སུན་འཛུགས་སྐྲུན་རྒྱུ་ཆའི་ཁྲོམ་རའི་སྒོ་ཁར་“ཧི་ནན་རྫོང་འགྱིག་འཁོར་ཞིག་གསོ་ཁང”གི་སྒོ་ཕྱེས་ཤིང་། ཚོང་བདག་ནི་འཕགས་པ་ཚེ་རིང་ཡིན། སྒོ་གསར་བ་ཕྱེས་པའི་ཚོང་ཁང་གི་ཚོང་ལས་དེ་འདྲ་བཟང་རྒྱུ་མེད་མོད། འོན་ཀྱང་འཕགས་པ་ཚེ་རིང་ཧ་ཅང་ཡིད་ཚིམས་ཡོད། ཆུང་མས་ཀྱང་རྫོང་ཐོག་གི་མགྲོན་ཁང་ཞིག་ཏུ་ཞབས་ཞུའི་ལས་ཀ་ཞིག་རྙེད་ཡོད་ལ། ཞོར་དུ་བྱིས་པའང་སློབ་གྲྭར་སྐྱེལ་ཐུབ་སོང་།

ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན། འཕགས་པ་ཚེ་རིང་གིས་གསར་འགོད་པར་སྟབས་བདེ་རྩིས་སྤྲོད་ཐེངས་ཤིག་བྱས་ཤིང་། འགྲོ་སྒོ་ཚང་མ་ཕུད་རྗེས་ཟླ་འདིའི་ནང་དུ་ཡོང་སྒོ་རྐྱང་བ་དམངས་སྒོར་ཉིས་སྟོང་ལྷག་ཡོད། དེའི་སྟེང་དུ་ཆུང་མས་ཞབས་ཞུའི་གླ་ཆ་བསྣན་ཚེ་ཁྱིམ་ཚང་གང་བོ་ལོ་མཇུག་གི་སྔོན་ལ་བདེ་ལེགས་ངང་དབུལ་ཐར་བྱེད་ཐུབ་སོང་ཟེར།

ཁོས་སུན་སྡེ་བའི་ཀྲུའུ་རེན་མགོན་པོ་རྒྱལ་གྱིས་སྤྲོ་སེམས་ལྡན་པའི་ངང་ནས་བཤད་རྒྱུར། ད་ལྟ་སྡེ་མི་ཚང་མས་འཕགས་པ་ཚེ་རིང་ལ་“སྦྱིན་བདག་ཆུང་ཆུང”ཞེས་འབོད་ཀྱིན་ཡོད། “སྦྱིན་བདག་ཆུང་ཆུང”གི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་རེད།  འགྱིག་འཁོར་ཚོང་ཁང་གི་ལྟག་རྒྱབ་ཀྱི་ཚོང་རའི་ནང་དུ། ཁྱིམ་ཚང་གང་བོ་དབུལ་ཐར་བྱེད་པར་གུང་ཁྲན་ཏང་ལ་བརྟེན་པ་ཞེས་བྲིས་ཡོད་ལ། འཕགས་པ་ཚེ་རིང་གིས་བཤད་རྒྱུར། རང་ཉིད་ཀྱིས་བདག་གཉེར་ལེགས་པོ་བྱས་ཏེ་ཚང་མ་དང་ལྷན་དུ་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་བུའི་སྟེང་དུ་ཧུར་ཐག་གིས་བགྲོད་རྒྱུ་ཡིན་ཟེར།
 

ལོ་ཙཱ།  བསོད་ནམས་བཀྲ་ཤིས།