2015ལོའི་ཟླ12ཚེས4ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་དེ་སྔའི་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་རྒྱ་མཚོ་ལགས་བྱ་བའི་ངལ་དུབ་ཚད་ལས་བརྒལ་བའི་རྐྱེན་གྱིས་གློ་བུར་དུ་སྙིང་རྩ་འགགས་ནས་སྐྱོབ་ཐབས་མ་ཐུབ་པར་ཟི་ལིང་དུ་ཚེ་ལས་འདས་པ་དང་ལོ་ཞེ་བདུན་ཙམ་རེད།
མི་རྣམས་ཀྱིས་ཁོ་རང་རྗེས་སུ་དྲན་ནས། ཚང་མས་ཁོ་ནི་ལས་བྱེད་པའི་སེམས་ཁོང་གི་ཏང་ཡོན་བཟང་པོ་ཡིན་པ་དང་མང་ཚོགས་ཀྱི་སེམས་ཁོང་གི་ལས་བྱེད་པ་བཟང་པོ་ཡིན་པ། མངའ་འོག་གི་མི་རྣམས་ཀྱི་སེམས་ཁོང་གི་མགོ་ཁྲིད་པ་བཟང་པོ་ཡིན་པ། ཆོས་ལུགས་མི་སྣའི་སེམས་ཁོང་གི་གྲོགས་པོ་བཟང་པོ་ཡིན་པ། ཆུང་མའི་སེམས་ཁོང་གི་ཁྱོ་ག་བཟང་པོ་ཡིན་པ་རེད་ཅེས་བཤད།
རྒྱ་མཚོ་ནི1968ལོའི་ཟླ་དྲུག་པར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གི་ཞིང་པ་དཀྱུས་མ་ཞིག་གི་ཁྱིམ་དུ་སྐྱེས། 1991ལོའི་ཟླ་བདུན་པར་བྱ་བར་ཞུགས། 1995ལོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཧི་ནན་སོག་རིགས་རང་སྐྱོང་རྫོང་མཐོ་ཡེ་མ་ཞང་གི་ཞང་གཙོ་གཞོན་པ་དང་ཏང་ཨུའི་ཧྲུའུ་ཅི། རྫོང་དམངས་ཆེན་གཞུང་ལས་ཁང་གི་ཀྲུའུ་རིན། རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་གོ་གནས་བཅས་ཀྱི་འགན་རིམ་གྱིས་ཁུར་མྱོང་།
བྱ་བར་ཞུགས་ནས་ལོ་ངོ་ཉེར་བཞི་ཡི་རིང་ལ། ཞང་དང་གྲོང་རྡལ་གྱི་སྤྱིར་བཏང་གི་ལས་བྱེད་པ་ཞིག་ནས་རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པར་གྱུར། ལས་གནས་གང་དུ་ཡོད་ནའང་འདྲ། གོམ་པ་གང་རེ་གང་རེ་མདུན་དུ་སྤོ་ཐེངས་རེར། ཁོས་ནམ་ཡང་ཏང་གི་ལས་དོན་ལེགས་པར་སྒྲུབ་ཆེད་རང་ལ་རེ་བ་ནན་མོ་འཛིན་གྱིན་ཡོད། ལོ་ངོ་ཉེར་བཞིའི་རིང་དུ། ཁོས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་གཞུང་ལུགས་ཀྱི་སློབ་སྦྱོང་དེ་ལྷོད་མ་མྱོང་བར། རང་སྟེང་གི་ཆབ་སྲིད་བྱང་ཚད་མུ་མཐུད་དུ་མཐོར་འདེགས་བྱས་ཤིང་། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་འདུ་ཤེས་བརྟན་པོ་བཙུགས་ནས། ཏང་ལ་བློ་དཀར་བ་དང་མི་དམངས་ལ་བློ་དཀར་བ། བྱ་གཞག་ལ་བློ་དཀར་བའི་ཕུལ་བྱུང་གི་ཆབ་སྲིད་གཤིས་ཀ་བཞེངས་སྐྲུན་བྱས།
ཁྱད་པར་དུ2006ལོའི་ཟླ་བདུན་པར་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་འགན་བཞེས་རྗེས། ཁོས་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བྱ་བའི་ཆབ་སྲིད་རང་བཞིན་དང་སྲིད་ཇུས་རང་བཞིན་དྲག་པོ་ཡིན་པ་གཏིང་ཟབ་ཏུ་ཤེས་པ་དང་། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་གོང་འཕེལ་གྱི་སྤྱི་ཡོངས་ལ་འབྲེལ་བ་ཡོད་པས་འགན་འཁྲི་གལ་ཆེན་ཡིན་པ་སེམས་གཏིང་ནས་ཚོར་བྱུང་། མི་རིགས་མི་འདྲ་བ་དང་དད་མོས་མི་འདྲ་བའི་མི་རྣམས་ནི་རྩྭ་ཐང་སྟེང་རྣམ་པར་བཞད་པའི་མེ་ཏོག་དང་མཚུངས། དཔྱིད་དཔལ་ལ་གཅེས་སྤྲས་བྱས་ཤིང་། རང་རང་གི་ལས་འགན་ལེགས་པར་བསྒྲུབས་ཏེ། ཁ་དོག་མི་འདྲ་བའི་མེ་ཏོག་སྣ་མང་རྣམ་པར་བཞད་ཚེ་མཛེས་སྡུག་གི་ཞིང་ཁམས་ཤིག་ཡོད་སྲིད་འདི་ནི་རྒྱ་མཚོའི་ངག་ནས་རྒྱུན་པར་བཤད་པའི་སྐད་ཆ་ཞིག་ཡིན། བྱ་བ་ལེགས་སྒྲུབ་བྱེད་པའི་ཆེད་དུ། ཁོས་རྒྱུན་དུ་འཐབ་ཕྱོགས་གཅིག་གྱུར་བྱ་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་དང་ཆོས་ལུགས་བྱ་བའི་གནད་དོན་གལ་ཆེན་ལ་བརྟག་ཞིབ་བྱས་པ་དང་། འབྲོག་ཁྱིམ་དང་གྲྭ་ཤག དགོན་པ། སྡེ་བ་བཅས་སུ་སོང་ནས་གནས་ཚུལ་རྒྱུས་ལོན་དང་གནད་དོན་དབྱེ་ཞིབ། གནད་འགག་བཙལ་རོགས་བཅས་བྱས་ཏེ་ཐག་གཅོད་བྱེད་ཐབས་བཏོན། རྒྱུན་དུ་བཅར་འདྲི་དང་བཞུགས་མོལ་སོགས་ཀྱི་བྱེད་སྟངས་སྣ་མང་བརྒྱུད་དེ་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག་བྱས་པ་དང་། ཤ་ཚ་ཚ་དང་སྙིང་ཉེ་ཉེའི་སྒོ་ནས་འགལ་བ་དང་རྩོད་གཞི་སྣ་ཚོགས་ཐག་གཅོད་དང་འདུམ་འགྲིག་བྱས། རང་དཔེ་གཞན་སྟོན་གྱི་སྒོ་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་འཆམ་མཐུན་བརྟན་འཇགས་ལེགས་པར་བཟུང་ནས། དགོན་པའི་ནང་དུ་སྲིད་ཇུས་དང་བཅའ་ཁྲིམས་སྣེ་ཁྲིད་དེ་སྒྲོག་བཤད་བྱས་ཤིང་། གྲྭ་བཙུན་གྱི་བསམ་བློ་སློབ་གསོའི་ཁྲིད་སྟོན་ཧུར་ཐག་གིས་ལེགས་སྒྲུབ་བྱས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་འགུལ་དང་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ཁོངས་གཏོགས་ཀྱི་མི་འདང་སར་ཁ་གསབ་བྱེད་ཐབས་ཀྱི་བྱ་འགུལ་ཅི་ཐུབ་ཀྱིས་སྐུལ་འདེད་བྱས་ནས། བྱ་བ་གང་ཅིའི་ཐད་ལ་ཕན་འབྲས་མངོན་གསལ་ཐོབ་པ་དང་ས་དེའི་མང་ཚོགས་ཀྱིས་ཁོ་ལ་སོག་ཡུལ་ལ་ལྷག་བསམ་དཀར་མཁན་ཞེས་བསྟོད་པའི་མཐེ་བོང་བསྒྲེངས།
ཧི་ནན་རྫོང་ལ་བསྡོམས་པས་དགོན་པ་བཞི་དང་གྲྭ་བཙུན་བཞི་བརྒྱ་དང་བདུན་ཅུ་ཡོད། རྒྱ་མཚོས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་འགན་ཁུར་བའི་ལོ་དགུའི་དུས་ཡུན་ནང་། ཐེངས་མང་པོར་དགོན་པར་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ལས་དོན་ལ་རྩ་འཛུགས་བྱས།
ལ་ཁ་དགོན་པ་དེ་རྫོང་མཁར་དང་སྤྱི་ལེ་གཉིས་ཀྱི་མཚམས་སུ་ཡོད་ལ། དགོན་པར་གྲྭ་བཙུན་བརྒྱ་དང་བདུན་ཅུ་ཡོད། གྲྭ་བཙུན་མང་ཆེ་བའི་གྲྭ་ཤག་ལོ་སུམ་ཅུ་ལྷག་འགོར་ནས་ཁང་རྙིང་དུ་གྱུར་ཡོད་པ་དེ་རྒྱ་མཚོས་ཤེས་རྗེས། 2009ལོར་གྲྭ་ཤག་བསྒྱུར་བཀོད་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས། རྒྱ་མཚོས་ལོ་ངོ་དྲུག་གི་རིང་ལ་འབད་བརྩོན་བྱས་པ་བརྒྱུད་དེ། ཧི་ནན་རྫོང་གི་ལ་ཁ་དགོན་དང་ཤིང་བཟའ་དགོན་སོགས་དགོན་པ་བཞིར་སྨན་བཅོས་ཉེན་ཚབ་དང་སྤྱི་ཚོགས་འགན་སྲུང་ཉེན་ཚབ་ལག་བསྟར་བྱས་ནས། གྲྭ་བཙུན་རྣམས་ཀྱི་འཚོ་བ་དང་སློབ་སྦྱོང་། གྲྭ་ཤག་བཅས་ཀྱི་ཆ་རྐྱེན་སྔར་ལས་ཇེ་བཟང་དུ་སོང་།
འབྲོག་ཁུལ་ནས་འཚར་ལོངས་བྱུང་བའི་རྐྱེན་གྱིས། རྒྱ་མཚོ་ནི་འབྲོག་པའི་སྐྱིད་སྡུག་ལ་ལྷག་ཏུ་ཆ་རྒྱུས་ཡོད། སྐད་རིགས་གཉིས་བཤད་ཤེས་པའི་ལེགས་ཆ་དེའི་དབང་གིས། ཁོས་རྒྱུན་དུ་འབྲོག་པ་མང་ཚོགས་ལ་འབྲེལ་འདྲིས་མང་ཙམ་བྱས། མཐོ་ཡེ་མ་ཞང་དང་གཡུ་སྒང་ཉིན་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར་པའི་སྐབས་སུ། རྒྱ་མཚོ་རྒྱུན་དུ་རྐང་ཐང་ངམ་ཡང་ན་རྟ་ལ་ཞོན་ནས་སྡེ་བར་བསྐྱོད་ཅིང་། འབྲོག་པ་མང་ཚོགས་དང་མཉམ་ཟ་མཉམ་འདུག་བྱས་ཏེ། ཁོ་ཚོར་ལས་ཀ་ལས་རོགས་བྱས་པ་དང་། མཚམས་ལར་ཟླ་བ་གཅིག་གི་རིང་དུ་འབྲོག་ཁུལ་ནས་བསྡད་དེ། ས་གནས་གང་ཞིག་ཏུ་དོན་དག་ཅི་ཞིག་བྱུང་བའམ་ཡང་ན་སུ་ཚང་ལ་དཀའ་ཁག་འདྲ་བྱུང་ན། ཁོས་རང་ནུས་གང་ཡོད་ཀྱིས་རོགས་རམ་བྱེད་པ་རེད།
གཡུ་སྒང་ཉིན་གྲོང་རྡལ་གྱི་སྡེ་བ་གཉིས་དང་རྩེ་ཁོག་རྫོང་གི་ཆ་སྐོར་ཞང་གཉིས་ཁྱིམ་མཚེས་སུ་ཡོད་པས་ཕྱུགས་ར་ཕན་ཚུན་འདྲེས་ཡོད། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་ཚུན་དུ། ཡུན་རིང་ལ་རྩྭ་ས་རྩོད་གླེང་བྱུང་བ་རེད། 2005ལོའི་དབྱར་ཁའི་མཚན་མོ་ཞིག་ལ། རྒྱ་མཚོས་ཆ་སྐོར་ཞང་གི་ནོར་ལུག་བརྒྱ་ཕྲག་འགའ་རྩྭ་ས་ལས་བརྒལ་ཏེ་འཚོ་བཞིན་པ་གཡུ་སྒང་ཉིན་གྲོང་རྡལ་གྱི་འབྲོག་པས་བཀག་བྱུང་བའི་གནས་ཚུལ་གོ་ཞིང་། ཕྱོགས་གཉིས་ཀས་རང་རང་གི་བདེན་ལུགས་མཁྲེགས་བཟུང་བྱས་ཏེ་མི་འགའ་རེས་ད་དུང་ལག་འགུལ་རྩིས་བྱེད་བཞིན་པ་དེ་ཤེས་མ་ཐག རྒྱ་མཚོས་ཕྱོགས་གཅིག་ནས་ཁ་པར་བཏང་སྟེ་ཉེན་བརྡ་བསྐྱལ་བ་དང་། ཕྱོགས་གཅིག་ནས་ལྭ་བ་ལག་ཏུ་བཟུང་ནས་རྩོད་གླེང་བྱུང་སའི་ཡུལ་དངོས་སུ་རྒྱུགས།
ཧྲུའུ་ཅི་རྒྱ་མཚོ་ཕེབས་བྱུང་། ཧྲུའུ་ཅི་ཡིས་ང་ཚོར་འགན་ལེན་ཐག་གཅོད་བྱེད་རོགས་ཞེས་སུ་ཞིག་གིས་དེ་སྐད་བསྒྲགས་བྱུང་བ་མ་ཤེས་མོད། མི་བརྒྱ་ཕྲག་འགའ་འདུས་པའི་ཁྲོམ་ཚོགས་དལ་ཅག་གེར་སོང་། རྒྱ་མཚོ་ཡིས་འདིར་བཞུགས་ཕར་ཚུར་ཚང་མ་རྨ་ཁུག་རྩྭ་ཐང་གི་ཁྱིམ་མཚེས་ཡིན། མཐུན་སྒྲིལ་དང་བརྟན་བརླིང་མེད་ན། དེ་རིང་གི་ཉི་མ་བཟང་པོ་ག་ལ་ཡོད། རྩྭ་ས་རྩོད་གླེང་གི་ཆེད་དུ་མཛའ་བརྩེ་ལ་རྨ་ཁ་བཟོས་ན་རིན་ཐང་མེད་ཅེས་སྐད་གསེང་མཐོན་པོས་བཤད།
རྩོད་གླེང་གནས་སྐབས་སུ་ཞི་འཇགས་སུ་སོང་རུང་། རྒྱ་མཚོ་ཡིས་རྩོད་གཞི་དེ་གློ་བུར་དུ་བྱུང་བ་མིན་པ་ཤེས་ནས། ངེས་པར་རྩོད་གཞི་འབྱུང་རྩ་གང་ཡིན་པ་གསལ་བོར་འཚོལ་དགོས་སྙམ། དེ་ནས་ཁོས་ཟླ་ངོ་གཅིག་ལྷག་གི་དུས་ཡུན་བེད་སྤྱད་དེ། རྟ་ལ་ཞོན་ནས་རྫོང་ཁོངས་ཀྱི་རི་ལུང་རེ་རེ་དང་དབྱེ་མཚམས་མི་གསལ་བའི་ས་ཕྱོགས་ཀུན་ཏུ་བསྐྱོད་དེ། ཏང་ཡོན་རྒན་པ་དང་འབྲོག་པ་རྒན་པ་རྣམས་ལ་དྲིས་ཏེ་གནས་ཚུལ་ངོ་མ་རྒྱུས་ལོན་བྱས་པ་དང་། མཉམ་དུ་ཚད་འཇལ་དང་མཉམ་དུ་ཐག་གཅོད་བྱེད་ཐབས་བཙལ་བ་རེད། མཇུག་མཐར་རྒྱ་མཚོ་ཡི་མཐུན་སྦྱོར་འདུམ་འགྲིག་འོག་ཏུ། ཁྱིས་མཚེས་སུ་གྱུར་པའི་སྡེ་བ་ཕན་ཚུན་ཚང་མ་ས་མཚམས་ཐིག་ལེན་དང་ས་རྟགས། ལྕགས་དྲ་བསྐོར་བར་འཐད་པ་བྱུང་བ་མ་ཟད། གྲོས་མཐུན་བཞག་པས། ལོ་ངོ་བཅུ་བདུན་ལྷག་གི་རིང་ལ་ཐག་གཅོད་མ་ཐུབ་པའི་རྩྭ་ས་རྩོད་གླེང་དེ་ནས་བཟུང་མཇུག་རྫོགས་སོང་། རྩྭ་རའི་ས་མཚམས་བརྟན་བརླིང་བྱུང་བའི་རྗེས་སུ། རྒྱ་མཚོས་སླར་ཡང་རྩྭ་རའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། ཆུ་གློག་ལམ་གསུམ་ཚང་མ་དངོས་འབེབས་དོན་འཁྱོལ་བྱས་ནས་འབྲོག་པ་མང་ཚོགས་རྣམས་ལ་སྟབས་བདེ་གང་ལེགས་བཟོས་ཡོད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།