ཡུལ་མི་ཚོར་རོགས་རམ་བྱས་ནས་དབུལ་ཐར་ཕྱུག་བསྒྱུར་བྱེད་མཁན་ཀླུ་སྐྱིད།
2016.09.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 35

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་མཚོ་སྔོན་པོ་ཞང་མདའ་བཞི་རུ་ཞོལ་སྡེ་བ་ན་བོད་རིགས་སྐྱེས་མ་ཞིག་གིས་རང་ཉིད་ཀྱི་བློ་རིག་དང་སྤོབས་པས་ཉེ་འགྲམ་གྱི་ཡུལ་མི་རྣམས་ཁྲིད་དེ་ཕྱུག་པོའི་བདེ་སྐྱིད་ཀྱི་ལམ་དུ་བསྐྱོད་ནས། གསེར་དངུལ་རྩྭ་ཐང་དུ་འཆམ་མཐུན་དང་མཐུན་སྒྲིལ་གྱི་སྲོལ་ཞིག་དར་དུ་བཅུག ཁོ་མོ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་དཔེ་སྟོན་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཀླུ་སྐྱིད་རེད།

ལོ་བཅུ་ཕྲག་འགའི་སྔོན་དུ། ད་རུང་བོད་རིགས་བུ་མོ་ཞིག་ཡིན་པའི་ཁོ་མོ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་ནས་ཧའེ་ཡན་རྫོང་ཧར་ཅིན་སོག་རིགས་ཞང་གི་སོག་རིགས་ཁྱིམ་ཚང་ཞིག་ཏུ་གནས་ལ་ཡོང་། ཀླུ་སྐྱིད་ཀྱིས“ཡུལ་འདིར་གནས་ལ་ཡོང་མ་ཐག་རང་ཉིད་གཞན་ཡུལ་གྱི་མི་ཡིན་པས། སྐད་བརྡ་མི་འཕྲོད་པས་ཡུལ་མི་དང་ཁྱིམ་མཚེས་རྣམས་དང་གླེང་མོལ་བྱེད་དཀའ་བར་གྱུར་རུང་། འོན་ཀྱང་དུས་ཡུན་རིང་པོ་འགོར་རྗེས་ང་རང་སེམས་མ་ཕམ་པར་ཁྱིམ་མཚེས་བར་དུ་དཀའ་སྡུག་ཡོད་ན་རང་འགུལ་གྱིས་རོགས་རམ་བྱས་པ་ཡིན། ཡུན་རིང་དུ་དེ་ལྟར་བྱས་པས་ཁྱིམ་མཚེས་རྣམས་དང་སེམས་པ་འདྲེས”ཟེར།

ཀླུ་སྐྱིད་གླེང་དུས། ཡུལ་དེའི་མི་ཚང་མས“ཁ་གསལ་ཁོག་དྲང་གི་སེམས་པ་དཀར་བའི་མི”དེ་ཡིན་པ་ཤེས།

2008ལོར། ནམ་ཡང་ཁོམ་ལོང་མེད་པའི་ཀླུ་སྐྱིད་ཀྱིས་མ་དངུལ་སྒོར་ཁྲི་ལྔ་ལྷག་བཟུང་སྟེ་གསེར་དངུལ་རྩྭ་ཐང་ནས་འུར་འུར་ཟིང་ཟིང་གིས་ཁོ་མོའི་བྱ་གསོ་བྱ་གཞག་སྤེལ་སོང་།

བྱ་བ་གང་ཡང་མགོ་རྩོམ་རྒྱུ་དཀའ། ཀླུ་སྐྱིད་ཀྱི་བྱ་ཁང་ཚང་མ་སྟབས་བདེའི་འགྱིག་ཤོག་དྲོད་ཁང་ཡིན་ལ། ཁོ་མོའང་སྟབས་བདེ་ཁང་པར་ཞག་འདུག་བྱས་ཏེ་འཚོ་བ་རོལ་དགོས་རུང་སྔར་བཞིན་ལས་དེ་མ་དོར། ཁོ་མོས་སེམས་འགུལ་ཐེབས་ཞོར་དུ“བྱ་གཞག་བསྐྲུན་པར་ཆེས་སྡུག་པའི་སྐབས་སུ། ཉེ་འགྲམ་དུ་སེམས་ཁུར་བྱེད་མཁན་དང་རོགས་རམ་བྱེད་མཁན་ཡོད་པས། དེ་ནི་ཆེས་ཆེ་བའི་སྒུལ་ཤུགས་རེད”ཟེར།

ད་ལྟ། ཀླུ་སྐྱིད་ཀྱི་མཐོ་སྒང་གི་སྐྱེ་ཁམས་བྱ་ནི་ཚོང་ཁྲོམ་སྟེང་དུ་སྙན་གྲགས་རྒྱས་མགོ་བརྩམས་ཏེ་མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ཐོན་ལས་ཅན་གྱི་ཁེ་ལས་མིང་གྲགས་ཤིག་ཏུ་གྱུར།“མཉམ་ལས་ཁང་དུ་ཁེ་སྤོགས་ཡོད་རྗེས་ངའི་སེམས་པ་མཐའ་མཇུག་བདེ་ལ་བབས། ལོ་ངོ་འདི་འདྲ་མང་པོ་ཞིག་བརྒྱུད་མཐར། ང་ལའང་ཚང་མར་ཕན་ཅུང་ཙམ་འདོགས་པའི་ནུས་པ་ཡོད་པར་གྱུར”ཅེས་ཀླུ་སྐྱིད་ཀྱིས་བཤད།

བཅར་འདྲི་བྱེད་པའི་སྐབས་སུ། གསར་འགོད་པས་ལོ་འདི་འགར་ཀླུ་སྐྱིད་ཀྱིས“མཉམ་ལས་ཁང་དང་དབུལ་ཕོངས་ཁྱིམ་ཚང”གི་བདག་གཉེར་དཔེ་དབྱིབས་སྤྱད་ནས། རོགས་སྐྱོར་མ་དངུལ་མ་རྐང་དུ་བཞག་ཅིང་ཁེ་སྤོགས་བགོ་རོགས་བྱེད་པ་དང་། སྡེ་བ་དྲུག་གི་རོང་འབྲོག་ཁྱིམ་ཚང་ལྔ་བརྒྱ་བཅུ་ལྷག་ལ་རོགས་རམ་དང་སྣེ་ཁྲིད་བྱས་པར་མ་ཟད། མཐའ་འཁོར་གྱི་མི་སུམ་བརྒྱ་ཙམ་ལ་སྣེ་ཁྲིད་ནས་མཉམ་ལས་ཁང་དུ་ལས་ཀར་ཚུད་དུ་བཅུག་པ་ཤེས། དེའི་ནང་བོད་རིགས་དང་སོག་རིགས། ཧོས་རིགས། རྒྱ་རིགས། ཧོར་རིགས་སོགས་ཡོད་ལ། ཁོ་མོའི་མཉམ་ལས་ཁང་གི་ནང་དུ་མི་རིགས་ཀྱི་ཁྱད་པར་མེད་ལ། ཇི་ལྟར་མཉམ་དུ་ཕྱུག་པོར་འགྱུར་རྒྱུ་དེ་རེད། ད་ལྟ། ཁྱིམ་ཚང་ཚང་མར་གཏན་འཇགས་ཀྱི་ཡོང་སྒོ་ཡོད་ལ། འཚོ་བའི་ཆ་རྐྱེན་ལོ་རེ་བཞིན་ཇེ་ལེགས་སུ་སོང་།

ཧའེ་ཡན་རྫོང་ཝ་མགྱོགས་ཞང་གི་སོག་རིགས་སྐྱེས་མ་ཞི་མོ་འཚོ་ལ་མཚོན་ན། སྔོན་ཆད་ཕྱུགས་འཚོ་བར་བརྟེན་ཡོད། ལོ་གསུམ་གྱི་ཡར་སྔོན་དུ་ཁོ་མོའང“གླ་ཕོགས་ལེན་མཁན”ཞིག་ཏུ་གྱུར། ཞི་མོ་འཚོས “ལོ་ངོ་གསུམ་གྱི་ཡར་སྔོན་དུ། ང་རང་ཀླུ་སྐྱིད་ཀྱི་བྱ་གསོ་མཉམ་ལས་ཁང་གི་བྱ་གསོ་པར་གྱུར། ཟླ་རེར་སྒོར་སྟོང་གསུམ་ལྷག་གི་གླ་ཕོགས་ཡོད། འདིར་ཐོན་རྗེས། གཏན་འཇགས་ཀྱི་ཡོང་སྒོ་ཡོད་པས་གྲོང་ཁྱེར་པའི་འཚོ་བའང་རོལ་ཐུབ་སོང”ཞེས་ཞི་མོ་འཚོ་ད་ལྟའི་འཚོ་བར་ཡིད་ཚིམ་ཡོད་པའི་བསམ་ཚུལ་བསྟན།

“མི་གཅིག་ཕྱུག་ན་ཕྱུག་པོར་མི་བརྩི་ལ། ཚང་མ་ཕྱུག་ན་ད་གཟོད་ཕྱུག་པོ་ཡིན།”འདི་ནི་ཀླུ་སྐྱིད་ཀྱིས་ནམ་ཡང་བརྗོད་པའི་སྐད་ཆ་ཡིན། མོས་ལོ་རེར་སྒོར་འབུམ་གཅིག་རེ་བཏོན་ནས་མཉམ་ལས་ཁང་གི་ལས་བཟོ་བ་ཚོ་དང་མཉམ་དུ་རྒན་གསོ་ཁང་སོ་སོར་སོང་སྟེ་གཅེས་སེམས་ཕུལ་དང་འབུལ་བཞིན་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།