དཔལ་དོན་གྲུབ་རྒྱལ་གྱིས་བཤད་པ་ལྟར།འཇིག་རྟེན་ཐོག་ན་བརྩེ་དུངས་རིགས་གཉིས་ཏེ། གཅིག་ནི་རང་གི་ཁེ་ཕན་དང་རང་གི་ཐོབ་ཤོར་གཞིར་བཞག་སྟེ་སྒེར་སེམས་དང་། གཡོ་སྒྱུ། ངན་སེམས། བཅོས་མ་ལ་སོགས་པའི་ཐ་ཤལ་གྱི་བརྩེ་དུངས་ཡིན་པ་དང་། ཅིག་ཤོས་ནི་བདག་བས་གཞན་གཅེས་དང་རང་གཞན་ཀུན་ཕན་གྱི་བསམ་བློ་གཞིར་བཞག་སྟེ་སྤུས་དག་ཅིང་། གཡོ་མེད་པ། རྒྱུད་དྲང་བ། སེམས་བསམ་པའི་སྟེང་ནས་ཐོན་པའི་བླ་ན་མེད་པའི་བརྩེ་དུངས་དེ་རེད་ཅེས་གསུངས་མྱོང་བ་ང་ཚོའི་བུད་མེད་དཔལ་མོ་ཡག་གི་སྟེང་ནས་བདེན་པར་མཐོང་།
མོའི་མིང་ལ་དཔལ་མོ་ཡག་དང་གཅེས་མིང་ལ་ཧྭ་ཧྭ་ཟེར། མོ་ནི་ལས་ལ་བརྩོན་ཞིང་ཀུན་ལ་བྱམས་སེམས་ལྡན་པའི་བུད་མེད་ཡ་རབས་ཤིག་ཡིན། གློ་བུར་བའི་འགྲིམ་འགྲུལ་ཆག་སྒོ་ཞིག་ལས་རང་གི་ཚེ་གྲོགས་ཡུལ་ལྷ་དབང་བོ་ཉམས་པའི་མི་ཞིག་ཏུ་གྱུར་ནའང་མོས་དཀའ་ངལ་ཡོད་ཚད་སེལ་ནས་གཉོར་སྐྱོང་བྱས་པའི་བྱ་སྤྱོད་ལ་ཐེམ་ཆེན་རྫོང་གི་ཡུལ་མི་ཡོངས་ཀྱི་བསྟོད་པའི་མེ་ཏོག་མི་གཏོར་བ་གཅིག་ཀྱང་མེད་ལ། མོས་སེམས་བསམ་པའི་སྟེང་ནས་ཚེ་གྲོགས་ཡུལ་ལྷར་བཅངས་པའི་བླ་མེད་བརྩེ་དུངས་ཀྱི་གཏམ་རྒྱུད་ལ་ཉན་རྗེས་ང་ཚོ་གསར་འགོད་པ་དག་གིས་ཀྱང་མིག་ཆུ་དབང་མེད་དུ་ཤོར་སོང་།
ཉིས་སྟོང་བདུན་ལོའི་ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན། མོའི་ཁྱོ་ག་ཡུལ་ལྷ་བྱ་བའི་དབང་གིས་མར་གཞི་རིམ་ལ་འགྲོ་བའི་ལམ་བར་ནས་སྟབས་མ་ལེགས་པར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་ནས། ཀླད་པའི་དབང་རྩར་སྐྱོན་ཚབས་ཆེན་ཤོར་བས། ཞིང་ཆེན་རྒྱ་གྲམ་དམར་བོའི་སྨན་ཁང་ནང་མྱུར་སྐྱོབ་བྱས་ནས། སྲོག་བྱར་སྐྱོན་མ་བྱུང་ན་ཡང་། སྨན་པས་ཡུལ་ལྷའི་ཚེ་སྨད་ཉལ་ཁྲིའི་སྟེང་རོལ་དགོས་པའི་ཆོད་གཏམ་བཏང་། འོན་ཀྱང་དཔལ་མོ་ཡག་གིས་རང་ཉིད་ཀྱི་ཁྱོ་གར་སྨན་བཅོས་བཟང་བོ་ཞིག་བྱེད་ཆེད། ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཁྱིམ་ཚང་གི་གསོག་དངུལ་ཡོད་ཚད་བཀོལ་པ་དང་། ཞིང་ཆེན་རྒྱ་གྲམ་དམར་བའི་སྨན་ཁང་ནང་སྨན་བཅོས་བྱེད་པའི་ལོ་ཕྱེད་ཀྱི་རིང་ལ། སྔ་གཞུག་ཐེངས་གཉིས་ལ་ཀླད་པར་གཤག་བཅོས་ཆེན་པོ་བྱས་པས་ཡུལ་ལྷ་ནི་རྣམ་ཤེས་མི་གསལ་ཞིང་། རང་གི་རྒྱུན་ལྡན་གྱི་འཚོ་བ་རང་མགོ་མི་ཐོན་པ་ཕར་ཞོག ཐ་ན་དབང་ཤེས་ཉམས་པའི་མི་ཞིག་གི་ཚད་ལ་ལྷུང་འདུག དེ་བས་མོས་སྨན་པའི་ཕྱོགས་ནས་དབང་ཤེས་ཉམས་པའི་མི་གཉེར་སྐྱོང་བྱེད་པར་ཕན་པའི་ཤེས་བྱའི་སྐོར་རྒྱུས་ལོན་ཞིབ་མོ་བྱས་པ་མ་ཟད། ད་དུང་འཕུར་མཉེད་དང་འཚོ་བའི་ཁྲོད་གསོ་བཅོས་བྱེད་པར་ཕན་པའི་དཔེ་ཆ་མང་པོ་ཉོས་ནས་རང་སྦྱོང་བྱས་པ་དང་། ཉིན་མོར་དུས་ཚོད་མེད་ན་མཚན་མོའི་དུས་ཚོད་བེད་སྤྱད་དེ་རང་སྦྱོང་བྱས་པ་ཡིན། ཁྱོ་གའི་དྲན་ཤེས་ཉམས་ཡོད་ན་འང་མོས་དུས་རྒྱུན་ཁྱོ་གར་དོན་རྐྱེན་མ་བྱུང་བའི་སྔོན་གྱི་འཚོ་བ་དང་ཁོའི་ལས་ཁོངས་ཀྱི་དོན་དག་གླེང་པ་ཡིན་ལ། ལན་རེར་མོའི་ཚགས་པར་སྟེང་གི་གསར་འགྱུར་ཡང་ཁྱོ་གར་ཀློག་པ་ཡིན། འདི་ལྟར་ཞིང་ཆེན་རྒྱ་གྲམ་དམར་པོའི་སྨན་ཁང་ནང་མྱུར་སྐྱོབ་བྱེད་པའི་ཉིན་ཉེར་གཅིག་ནང་། མོ་གཉིད་སྐྱིད་པོ་ཞིག་གཞི་ནས་ཡོང་མ་མྱོང་། བྱ་བ་ཆེ་མ་ཆུང་གསུམ་རང་ཉིད་གཅིག་པས་ཁུར་དགོས་ཤིང་། ཁྱོ་ག་གཉོར་སྐྱོང་དང་ཁྱིམ་ཚང་གི་བྱ་བ་ཡོད་ཚད་མོའི་ཕྲག་ལ་ལྷུང་བའི་ཉིན་མོ་ནས།དཀའ་སྡུག་ཆེ་ཆུང་ཚང་མ་དང་དུ་བླངས་པ་དང་། མོས་མིག་སྔར་གྱི་་འཚོ་བ་འདི་ལ་ཡིད་ཐང་གཏད་ནས་ཆད་མ་མྱོངས། སྨན་པས་ཡུལ་ལྷའི་ཀླད་པའི་གྲུབ་ཆ་ལ་སྐྱོན་ཞུགས་ཏེ་ལུས་ཕྱེད་ཀའི་ཚོར་བ་ཉམས་ནས་ཞ་བོ་རུ་གྱུར་འགྲོ་བའི་ནད་རྟགས་ངོས་འཛིན་བྱས་ནའང་།མོས་ཁྱོ་ག་སངས་དྲག་ཐུབ་པའི་རེ་བ་དང་ཆོད་སེམས་ནམ་ཡང་དོར་མ་མྱོང་། སྨན་ཁང་ནང་ནས་ལོ་ཕྱེད་ཙམ་ལ་སྨན་བཅོས་བྱས་རྗེས། སྨན་པས་རེ་བ་ལྟར་ཕྱིར་ཐེམ་ཆེན་དུ་ལོག། དེ་དུས་མོའི་ལོ་ཕྱེད་ཙམ་ལ་ལས་སྒྲུབ་མ་བྱས་པའི་དབང་གིས་མོས་བྱ་བར་མུ་མཐུད་དུ་དལ་འགོར་བྱེད་མ་འདོད་པར་ཁྱོ་ག་གཉོར་སྐྱོང་དང་ལས་ཚོགས་སུ་ཞུགས་པའི་འགན་ཡོད་ཚད་མོ་ཁོ་ནའི་ཁུར། ཉིན་རྒྱུན་ནངས་སྔ་མོའི་དུས་ཚོད་ལྔའི་ཐོག་ཡར་ལངས་ནས་ཁྱོ་གར་ནངས་ཇ་བླུད་རྗེས། ཉིན་གཅིག་གི་བྱ་བ་དང་འཚོ་བའི་ལས་ཀའི་མགོ་བརྩམས་པ་ཡིན། ཐོག་མར་དུས་ཚོད་གཅིག་རིང་ལ་ཁྱོ་གའི་ཁྲག་གི་འཁོར་རྒྱུག་བདེ་བ་དང་དབང་རྩའི་ནུས་པ་ལེགས་སྒྲིག་བྱེད་པ་སོགས་ཀྱི་ཕྱིར་དུ་ལུས་ལ་འཕུར་མཉེན་བྱས་པ་དང་། འཕུར་མཉེན་བྱས་ཚར་རྗེས་ཁྱོ་གའི་རྐང་བ་གཡས་པའི་ཚོར་བ་ཡོངས་སུ་ཉམས་པས་མོས་ཁྱོ་གའི་རྐང་བར་ཐག་པ་ཞིག་བཏགས་ནས་རང་ཉིད་ཀྱི་སྔོན་ལ་འཐེན་ཏེ་དལ་གྱིས་གོམ་པ་ཁེར་སྤོ་གཉིས་སྤོ་བྱས་པ་ཡིན། རྗེས་ནས་ཁྱོ་གའི་བཤད་ན་ཁོ་གཉིས་ནམ་མ་ལངས་གོང་དེ་ལྟར་སྦྱོང་བརྡར་བྱས་པ་ཡིན་པས་ཐག་པ་དེའི་ཀྱང་མ་བཟོད་པར་ཆད་སོང་ཟེར། དེ་མིན་རྐང་བའི་ཚོར་བ་སླར་གསོ་བྱེད་ཆེད་མོས་ཁོ་ཚང་གི་ར་སྐོར་ནང་ལ་རྡོ་ཆུང་ཆུང་མང་པོ་བླུག་ནས་ཁྱོ་ག་རྡོ་དེ་དག་གི་སྟེང་དུ་གོམ་པ་ཕར་ལེན་ཚུལ་ལེན་བྱེད་དུ་བཅུག ཁྱོ་གའི་རྐང་བ་ཡར་འཇོག་པའི་ནུས་པ་སླར་གསོ་བྱེད་ཆེད། མོས་བྱེ་མ་བླུག་ཡོད་པའི་ཁུག་མ་ཆུང་ཆུང་གཉིས་ལས་ནས་ཁྱོ་གའི་རྐང་མགོར་བཏགས་ཏེ་རྐང་བ་ཡར་འཇོག་པའི་ནུས་པ་དང་ཕར་སྤོ་བའི་ནུས་པ་སྦྱོང་བརྡར་བྱེད་དུ་བཅུག་པ་དང་། ད་རུང་ཐོག་ཁང་གི་སྐས་ཐོག་ནས་ཡར་འཛེག་པ་དང་མར་འབབ་པ་ཡང་གྲངས་མེད་བྱས་མྱོང་། མོས་ཁྱོ་གའི་ནད་གཞི་བདེ་ཐང་དུ་ཡོང་བའི་ཕྱོགས་ལ་བསམ་བློ་ཡོད་དགུ་བཏང་བ་ཡིན།
ལོ་བརྒྱད་ཀྱི་རིང་ལ་མོའི་འདི་ལྟར་ཁྱོ་ག་ཡུལ་ལྟ་གཉོར་སྐྱོར་བྱས་པ་ཡིན་ལ། འདི་ནི་ཨ་གསར་ཙམ་མ་ཡིན་པར་བུད་མེད་ཡ་རབས་ཞིག་གི་ཀུན་སྤྱོད་ནས་ཐོན་པའི་ལྷད་མེད་ཀྱི་བརྩེ་དུངས་ཤིག མོ་རང་ལས་ཚོགས་ལ་འགྲོ་དུས་ཁྱོ་ག་མི་ཁྲིད་ཐབས་མེད་བྱུང་ཟེར། མོས་ལས་ཚོགས་ནས་ཀྱང་བྱིས་པ་ཆུང་ཆུང་ཞིག་གཉོར་སྐྱོང་བྱེད་པའི་ནང་བཞིན་ཐ་ན་ཆབ་གསང་ལ་འགྲོ་བའི་དུས་ཚོད་ཀྱང་མོ་རང་གི་ཡིད་ལ་ཁྲིག་ཁྲིག་བྱས་ནས་ཡོད། མོ་རང་ཉིད་ལ་འཚོ་བ་དང་ཡང་ན་ལས་ཀའི་སྟེང་ནས་དཀའ་སྡུག་དང་མི་དགའ་བའི་བྱ་བ་བྱུང་ན་ཡང་ཁྱོ་གའི་མདུན་ནས་ཐམས་ཅད་སེམས་ལ་མནན་ནས། དུས་རྒྱུན་གདོང་ལ་འཛུམ་གྱིས་བསུས་ནས་འཚོ་བར་ནམ་ཡང་སྤྲོ་སྐྱིད་ཀྱིས་ཁེངས་ཡོད། འདི་ལྟར་ཟླ་ཐོག་ལ་ཟླ་དང་ལོ་ཐོག་ལོ་བརྩིགས་ནས་མོ་རང་གི་ཁྱོ་ག་ཡུལ་ལྷ་གཉོར་སྐྱོང་ལེགས་པོ་བྱས་ནས་ལོ་བརྒྱད་འགོར་སོང་། ད་ལྟ་མོའི་ཁྱོ་ག་ཡུལ་ལྷ་འཚོ་བར་རང་མགོ་ཐོན་འདུག་ལ་རྒྱུན་ལྡན་གྱི་མི་ཞིག་དང་ཁྱད་པར་ཆེན་པོ་མེད། ལོ་བརྒྱད་ཀྱི་སྔོན་ལ་སྨན་པས་ཀྱང་ཁྱོ་ག་ཡུལ་ལྷ་རྒྱུན་ལྡན་གྱི་མི་ཞིག་ཏུ་གྱུར་བར་རེ་བ་མེད་པའི་ཁ་ཏ་ཡང་བྱས་མྱོང་ལ། ལོ་བརྒྱད་ཀྱི་ལོ་ཟླའི་ནང་དཔལ་མོ་ཡག་གིས་རང་གི་ཁྱོ་ག་གཉོར་སྐྱོང་དང་ནད་བཅོས་བྱེད་པའི་གོ་རིམ་ཁྲོད་ཀྱི་དཀའ་སྡུག་གི་འགག་སྒོ་རེ་རེ་ཁྱད་དུ་བསད་དེ། མི་སེམས་སྒུལ་བའི་བྱ་སྤྱོད་འདིས་ཐེམ་ཆེན་རྩྭ་ཐང་འདིར་ཤ་དང་རུས་པའི་སྟེང་ནས་ཐོན་པའི་བརྩེ་དུངས་ཀྱི་གཏམ་རྒྱུད་གསར་བ་ཞིག་ཀྱང་བསྐྲུན་འདུག ནམ་རྒྱུན་མི་གཞན་པའི་མོ་རང་ལ་ཁྱོད་ནི་བུད་མེད་ངར་བ་ཞིག་རེད་ཞེས་བསྟོད་སྔགས་བྱེད་དུས་མོ་ཧ་ཅང་དགོད་སྤྲོ་བ་འདུག་ཟེར། དེ་ནི་མོས་སྒྲུབ་ཐུབ་པའི་བྱ་བ་ཆུང་ཆུང་ཞིག་པ་དང་། མི་སུ་སུ་ཡིན་ནའང་འདི་ལྟར་སྒྲུབ་འོས་པ་ཞིག་རེད་སྙམ།
གློ་བུར་ཏུ་བྱུང་བའི་རླངས་འཁོར་ཆག་སྒོ་འདིས་དཔལ་མོ་སྐྱིད་ཀྱི་བདེ་སྐྱིད་ཀྱི་ཁྱིམ་གཞིར་ཅུང་ཙམ་དཀའ་ངལ་ལ་གཏད་ནའང་། མོས་འཚོ་བར་སྤྲོ་བའི་ཁེངས་པ་དང་བྱ་བར་ཡར་རྒྱས་བརྩོན་ལེན་བྱེད་པའི་ཆོད་སེམས་ལ་གཏད་ནས་དྲི་མས་མ་གོས། གཞི་རིམ་གྱི་རིག་གནས་བྱ་བ་དང་སྒྱུ་རྩལ་ལ་སྤྲོ་བ་ཡོད་པའི་ལས་བྱེད་པ་ཞིག་གི་ཆ་ནས།བྱ་བའི་ནང་ཞུགས་པའི་ལོ་ངོ་༣༠རིང་མོས་བྱ་བའི་ཁྲོད་རང་ལ་རེ་བ་ནན་མོ་བཏོན་ནས་བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་ཕྱི་སྒྲུབ་པའི་རྩ་དོན་སེམས་ལ་དམ་པོར་བཅངས་ཐོག སྤྱིར་བཏང་གི་ལས་རྐང་དཀྱིས་མ་ཞིག་ནས་སྤྱིར་བཏང་མིན་པའི་འབྲས་གྲུབ་ཆེན་པོ་བླངས། ཆུང་དུས་མོ་རང་སློབ་གྲྭ་མང་པོར་འགྲིམས་མ་མྱོང་ནའང་བྱ་བའི་ཁྲོད་མོས་ཕྱོགས་གཅིག་ནས་བྱ་བ་སྒྲུབ་པ་དང་ཕྱོགས་གཅིག་ནས་རང་འགུལ་སྒོས་རང་སྦྱོང་བྱས་ཏེ་གཞུང་ལུགས་ཤེས་བྱ་དང་ཆེད་ལས་ཀྱི་རྨང་གཞི་ཇེ་མཐོར་བཏང་བ་དང་། མང་ཚོགས་ལ་ཞབས་ཕྱི་སྒྲུབ་པའི་རིག་གནས་བྱ་བའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་བཏང་བ་ཡིན། མོ་རང་ཉིད་ཀྱི་འབད་བརྩོན་བྱས་པ་བསྟེན་ཉིས་སྟོང་བདུན་ལོར་རྫོང་རིག་གནས་ཁང་གི་མགོ་གཙོ་གཞོན་པའི་འགན་ཁུར།
མོས་གཞུང་སྒྲུབ་ཁང་གི་དུས་རྒྱུན་གྱི་འཚོ་བར་འགན་ཁུར་ཡོད་པ་མ་ཟད། གོ་རིམ་མགོ་ཁྲིད་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ༼རྩྭ་ཐང་གི་བརྩེ་བ༽ཞེས་པའི་གླུ་གར་ཚོགས་པ་ཞིག་བཙུགས། གླུ་གར་ཚོགས་པ་འདི་སྔ་གཞུག་ཏུ་ཞིང་ཆེན་དང་ཁུལ།རྗོང་དུ་སོང་ནས་སྐོར་བྲོ་སོགས་འགྲན་བསྡུར་གང་མང་ལ་ཞུགས་མྱོང་བ་དང་། ཉིས་སྟོང་བཅུ་གཅིག་ལོའི་ཟླ་བདུན་པར་༼མཚོ་སྔོན་པོ་བོད་མཁར་རྟགས་མའི༽སྐོར་བྲོ་འགྲན་བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ་མྱོང་། ཚོགས་པ་འདི་ལ་སྔོན་གྱི་འཁྲབ་སྟོན་མི་སྣ་བཅུ་དྲུག་ནས་ད་ལྟ་མི་སྣ་བརྒྱད་ཅུ་ལྷག་ཡོད་ཅིང་། འཁྲབ་སྟོན་ཆེ་མ་ཆུང་གསུམ་ཐེངས་ལྔ་བཅུ་ལྷག་བྱས་མྱོང་། གླུ་གར་ཚོགས་པ་འཛུགས་དོན་ནི་མི་ཞིག་ཡིན་ཕྱིར་བདེ་ཐང་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པས་མི་ལུས་བདེ་ཐང་འབྱུང་ན་དུས་རྒྱུན་གྱི་སྦྱོར་བརྡར་་ལ་རག་ལས་ཆེན་པོ་ཡོད་པ་དང་། ཡང་ཚོགས་པ་འདི་སྐོར་བྲོ་ཁོ་ནའི་ལས་ལ་བརྩོན་པ་མ་ཡིན་པར་འཚོ་བའི་ཁྲོད་བྱུང་བའི་བྱ་བ་ཆེ་མ་ཆུང་གསུམ་ལ་དཔེ་བཞག་ནས་ཚོགས་མི་རྣམས་ལ་ཁྱིམ་མི་འཆམ་པོ་མཐུན་པོ་ཡོང་བ་དང་ཡང་ན་རྒྱུན་ལྡན་གྱི་འཚོ་བའི་བདེ་ཐང་སྐོར་ནས་ཀྱང་སློབ་གསོ་དང་ཁ་ཏ་བྱེད་པའི་ཁྱད་ཆོས་དང་དམིགས་ཡུལ་ལྡན་ཟེར། ཉིས་སྟོང་གཉིས་ལོ་ནས་ཉིས་སྟོང་བཞི་ལོར་རང་འཁྲབ་རང་བརྩམས་བྱས་པའི་༼ཨ་མ་ཁོ་ཁོའི་གཏམ་རྒྱུད།༽ཁག་དང་པོ་དང་གཉིས་པ། ༼ཞ་ལོའི་གཏམ་རྒྱུད།༽ཞེས་པའི་བཞད་གར་འདི་དག་ལ་མང་ཚོགས་དང་མགོ་ཁྲིད་སོ་སོའི་དགའ་བསུ་ཆེན་པོ་ཐོབ།
ཁྱོ་གར་འགྲིམ་འགྲུལ་དོན་རྐྱེན་བྱུང་རྗེས། མོས་གཞན་ལ་དྲིན་ལན་འཇལ་བ་དང་གཞན་ལ་རོགས་རམ་བྱེད་འདོད་པའི་འདུན་པ་སྔར་ལས་ཆེས་ཆེར་ཕྱིན། ཉིས་སྟོང་བཅུ་ལོ་ནས་ཉིས་སྟོང་བཅུ་གཉིས་ལོའི་བར་ཐེམ་འཕོང་རུ་ཁག་བརྒྱད་པའི་མཉམ་ལས་ཁང་ལ་མ་རྩའི་དཀའ་ཁག་བྱུང་བ་ཤེས་རྗེས་མོས་སྔ་གཞུག་ཏུ་ཐེངས་གཉིས་ལ་མ་དངུལ་སྒོར་འབུམ་གཉིས་དང་ཁྲི་གཅིག་གིས་སྐྱིས་པ་དང་། ཉིས་སྟོང་གསུམ་ལོའི་ཟླ་བཅུ་བར་ཀླུ་མང་སྐྱེ་ཁམས་མཉམ་ལས་ཁང་གཞི་རྒྱ་ཇེ་ཆེར་གཏོང་བའི་ཐད་ལ་མ་དངུལ་མ་འདང་བ་ཤེས་རྗེས་ཡང་རང་འགུལ་སྒོས་མ་དངུལ་སྒོས་འབུམ་གཅིག་ཁྲི་དྲུག་སྐྱིས་ཏེ་མཉམ་ལས་ཁང་གི་མ་དངུལ་འཁོར་སྐྱོད་ལ་མཐུན་རྐྱེན་གང་ལེགས་བསྐྲུན། དེ་མིན་མོ་རང་སྒྱུ་རྩལ་ལ་དགའ་བ་དང་དུངས་པའི་དབང་གིས་བྲག་དམར་སྒྱུ་རྩལ་ཚོགས་པ་ལ་མ་དངུལ་སྒོར་ཁྲི་གཉིས་བཏང་ནས་འཁྲབ་ལྭ་ཉོས་པ་ཡིན་ལ། རང་གི་གླུ་གར་ཚོགས་པ་ལ་ཡང་མ་དངུལ་མི་ཉུང་བ་བཏང་ནས་རོགས་སྐྱོར་བྱས་པ་ཡིན། ད་ལྟ་མོས་དྭ་ཕྲུག་གཉིས་ཀྱང་གཉོར་སྐྱོང་བྱེད་བཞིན་ཡོད་པ་ནི་མོས་བཤད་ན་ཁྱིམ་ཚང་ཞིག་ལ་མཚོན་ན་ཆེས་མེད་དུ་མི་རུང་བ་ནི་ཕ་མ་བརྩེ་སེམས་ཡིན། དེ་ནི་བྱིས་པ་འཚར་ལོངས་འབྱུང་བའི་གོ་རིམ་ཁྲོད་ཀྱི་པ་དང་དེས་མོས་རང་ནུས་ཡོད་ཚད་ཀྱིས་སྤྱི་ཚོགས་ལ་དོན་བཟང་སྒྲུབ་པའི་ཆོད་སེམས་མཚོན།
ཡོང་ཁུངས། མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།
རྩོམ་སྒྲིག་པ། ཚེ་མགོན་རྒྱལ།