“དགེ་རྒན་དང་སློབ་གྲོགས་རྣམ་པ་ང་ནི་སྦྱིན་བདག་ཆེན་པོ་ཞིག་མིན། ང་ཡང་ཁང་གཞུང་སྡེ་བའི་སྤྱིར་བཏང་གི་ཞིང་བ་དཀྱུས་མ་ཞིག་ཡིན། དེ་རིང་མང་ར་ཞང་ཞག་སྡོད་ལམ་ལུགས་ཀྱི་དཀྱིལ་སྙིང་སློབ་གྲྭར་ཡོང་ནས་བྱིས་པ་ཚོའི་བདེ་ཐང་དང་དགའ་སྤྲོའི་རྣམ་པ་དེ་མཐོང་བས་ངའི་སེམས་ཧ་ཅང་དགའ་བོ་བྱུང་།“ཞེས་སྐད་ཆ་བཤད་མ་ཐག་ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲའི་ཁེངས་སོང་།དེ་ནི་ཀོས་ནན་རྫོང་མང་ར་ཞང་ཞག་སྡོད་ལམ་ལུགས་ཀྱི་དཀྱིལ་སྙིང་སློབ་གྲྭའི་རྩལ་སྦྱོང་རྭ་བའི་ནང་དུ་འཚོགས་པའི་ཞལ་འདེབས་འབུལ་བའི་མཛད་སྒོ་རེད། སློབ་མ་བརྒྱ་དང་བདུན་བཅུ་ལྷག་གྲལ་དག་པོའི་བསྒྲིགས་སྟེ་ཡུལ་ལྷ་ཚེ་རིང་གིས་ཁོ་ཚོར་ཞལ་འདེབས་ལེགས་སྐྱེས་སུ་ཁྱེར་ཡོང་བའི་ལྭ་བ་དང་སློབ་སྦྱོང་གི་ཡོ་ཆས་ལེན་པར་རེ་སྒུག་བྱས་ཡོད། ཡུལ་ལྷ་ཚེ་རིང་ནི་ཀོས་ནན་རྫོང་མང་ར་ཞང་ཁང་གཞུང་སྡེ་བའི་བོད་རིགས་ཕོ་རྒོད་ཅིག་སྟེ། སྔར་ནས་ད་བར་དུ་དགེ་བའི་ལས་མང་པོ་བསྒྲུབས་ནས་ཕ་ཡུལ་གྱི་ཡུལ་མི་རྒན་གཞོན་ཚང་མར་སེམས་འགུལ་ཐེབས་སུ་བཅུག བརྩེ་བ་ངོ་མའི་དྲོལ་ཁོལ་དེ་ཁོ་རང་སྐྱེ་ས་དང་འཚར་ལོངས་བྱུང་སའི་ཕ་ཡུལ་དྲོད་མོ་འདི་ལ་སྦྱིན། མང་ར་ཞང་ཁང་གཞུང་སྡེ་བ་ནི་ཁྱིམ་ཚང་བརྒྱ་དང་སུམ་བཅུ་ལྷག་གི་གྲུབ་པའི་དབུལ་ཕོངས་སྡེ་བ་ཞིག་ཡིན། རྒྱལ་ཁབ་གྱི་སྲིད་ཇུས་བཟང་བོའི་འོག་དང་ཡུལ་ལྷ་ཚེ་རིང་གིས་སྙིང་རུས་ཆེན་པོ་བསྐྱད་དེ་འབད་བརྩོན་ལྷོད་མེད་བྱས་མཐར་རིམ་བཞིན་ས་གནས་དེའི་སྦྱིན་བདག་ཆུང་བ་ཞིག་ཏུ་གྱུར། ཁྱིམ་གྱི་ཆ་རྐྱེན་ཡང་ཇེ་བཟང་དུ་སོང་ནས་བརྩེགས་རིམ་གཉིས་ཅན་གྱི་ཐོག་ཁང་ཆུང་བ་ཞིག་གི་ནང་དུ་སྡོད་ཐུབ་པར་བྱུང་།“དུས་རྒྱུན་དུ་ཕྱི་རོལ་དུ་རྒྱུགས་དགོས་ས་ཕ་ཡུལ་དུ་ཡོང་བའི་གོ་སྐབས་ཧ་ཅང་ཉུང་། ཉིས་སྟོང་བདུན་ལོའི་ཟླ་ལྔ་བའི་ཉིན་ཞིག་ལ་ང་རང་ཕ་ཡུལ་དུ་ལོག་པའི་ལམ་བར་དུ་བྱིས་པ་ཞིག་གི་ལྷམ་རྙིང་རལ་དུ་གྱུར་ཡོད་པས་མཛུབ་ཆེན་ཡང་ཕྱིར་བུད་འདུག དེ་དུས་ངས་རང་ཉིད་དང་ནུ་བོ་གཉིས་སློབ་གྲྭར་སྐྱོད་མ་ཐུབ་པའི་འདས་ཟིན་པའི་ལོ་རྒྱུས་དག་ཡིད་ལ་ཤར་ནས་སེམས་སུ་བཟོད་དཀའ་བའི་ན་ཟུག་ཅིག་སྐྱེས་བྱུང་། དགོང་མོ་དེར་ངས་བྱིས་པ་འདི་ཚོར་རོགས་རམ་བྱེས་ཏེ། བྱིས་པ་ཚོར་ལྭ་བ་ཉོ་བ་དང་སྦྱང་གཞི་ལེགས་འགྲུབ་ཡོང་བར་བྱེད་རྒྱུའི་སེམས་ཐག་བཅད་པ་ཡིན།”ཞེས་ཡུལ་ལྷ་ཚེ་རིང་གིས་དེ་ལྟར་བཤད་བྱུང་། “བྱིས་པ་ཚོའི་སློབ་སྦྱོང་གི་སྦྱངས་འབྲས་མཐོར་འདེགས་སུ་གཏོང་ཆེད་ང་རང་ཉིད་ཀྱིས་སྒོར་མོ་བཀོལ་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་མར་ཟབ་སྦྱོང་འཛིན་གྲྭ་བསྒྲུབ་ལ། དགེ་རྒན་དག་ཀྱང་ཕྱི་ནས་གདན་འདྲེན་ཞུས་པ་དང་། ཕྱེ་དང་ཚོད་མ་སོགས་ཉོས་ནས་གསབ་སྦྱོང་དགེ་རྒན་དག་གི་ཟ་འཐུང་དཀའ་ངལ་ཡང་ཐག་གིས་བཅད། དབྱར་གནང་དང་དགུན་གནང་གི་དུས་ཚོད་བེད་སྤྱད་ནས་སྡེ་བའི་སློབ་མ་དག་ལ་གསབ་ཁྲིད་བྱས་པའི་རྐྱེན་གྱིས་སློབ་གྲོགས་མང་བོའི་སློབ་སྦྱོང་གི་འབྲས་བུ་གཟེངས་སུ་ཐོན། བྱིས་པ་མི་ཉུང་བ་ཞིག་གིས་རྫོང་མི་རིགས་སློབ་འབྲིང་དུ་རྒྱུགས་འཕྲོད་པའི་གཏམ་བཟང་གོ་དུས། ང་རང་དགའ་སྤྲོ་ཚད་མེད་སྐྱེས་འོང་། ”ཞེས་ཡུལ་ལྷ་ཚེ་རིང་གིས་ངར་ཤུགས་དང་བཅས་ཏེ་བཤད་སོང་། ཡུལ་ལྷ་ཚེ་རིང་གི་གཏམ་རྒྱུད་ལ་ཉན་ན། མི་སེམས་འགུལ་བར་བྱེད་ངེས། འཇིག་རྟེན་འདིར་མི་སུ་ལའང་སེམས་ལ་ཕུག་བསམ་རེ་ཡོད་ངེས། ཡིན་ཡང་ཡུལ་ལྷ་ཚེ་རིང་གི་ཕུག་བསམ་ནི། བྱིས་པ་ཚོ་བདེ་ཐང་དང་དགའ་དགའ་སྐྱིད་སྐྱིད་ཡོང་བ་དེ་རེད།