གནད་ཕིགས་དབུལ་སྐྱོར་བྱེད་པར་བྱེད་ཐབས་རྙིང་བ་དོར་ནས་ས་གནས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ས་གནས་ཀྱི་གནས་བབས་དང་བསྟུན་ནས། ས་གནས་ཀྱི་ཕྱུག་འགྱུར་གྱི་ལམ་བུ་གཙོ་བོ་བཙལ་དགོས། མ་དངུལ་དང་ཐོན་ཁུངས་དེ་དམིགས་ས་གཙོ་བོར་བཟུང་ནས། དོན་ངོ་མར་མང་ཚོགས་ལ་བསྐྱལ་ཡོང་བའི་ཡོང་འབབ་ཀྱི་ཐོན་ལས་དང་། བྱ་བའི་སྟེང་ནས་ས་གནས་ཀྱི་རིག་གནས་དང་ཁོར་ཡུག་ལ་འཚམ་པའི་ཁྱད་དུ་འཕགས་པའི་ཕྱུག་འགྱུར་གྱི་ལམ་བུ་ཞིག་འཚོལ་དགོས། རིག་ལམ་ཇེ་གསལ་དུ་གྱུར་བ་དང་བསྟུན་ནས། བསམ་བློའི་གོ་རྟོགས་ཡང་ཇེ་མཐོར་གཏོང་དགོས་ལ། བྱ་བའི་བརྩོན་སེམས་ཇེ་ཆེར་སོང་བ་དང་བསྟུན་ནས། བྱ་བའི་ནུས་ཤུགས་ཀྱང་ཇེ་མཐོར་གཏོང་དགོས། གནད་ཕིགས་དབུལ་སྐྱོར་བྱས་པ་ནས་ལོ་རེའི་ཡོང་སྒོ་སྒོར་ཁྲི་བཞི་ལ་བུད་པས། མགོན་པོ་རྡོ་རྗེ་ཡི་དབུལ་ཐར་གྱི་གཏམ་རྒྱུད་དེ་མཚོ་སྔོན་གྱིས་ལས་རིགས་གཞན་ལ་བརྟེན་ནས་དབུལ་ཐར་བྱེད་པའི་བྱ་བའི་ཁྲོད་གྲུབ་འབྲས་མངོན་གསལ་བླངས་པའི་མཚོན་རྟགས་ཤིག་ཏུ་གྱུར་ཡོད།
ཤེས་རྒྱ་ཐང་ཞང་ར་རྫ་སྡེ་བ་ནི་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གི་ཤར་ཕྱོགས་སུ་ཡོད་ལ། སྡེ་བ་ཡོངས་རི་ངོས་སུ་ཆགས་ཡོད་པ་དང་། ས་བབས་སྐམ་ཞིང་ས་གཤིས་ངོས་མི་སྙོམས་ཤིང་། ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་མུས་སྟོང་གཉིས་དང་དགུ་བརྒྱ་ཡིན། རང་བྱུང་གི་གནོད་འཚེ་ཆེ་བ་དང་། ཞིང་ལས་ཐོན་སྐྱེད་མི་བཟང་བས། སྤྱིའི་རིན་འབབ་ཅུང་དམའ་བོ་ཡོད། གསོ་སྤེལ་ལས་རིགས་ལ་ནོར་དང་ལུག ཕག་སོགས་གཙོ་བོ་ཡིན་ལ། སྡེ་བ་ཡོངས་ལ་གཅིག་གྱུར་གྱི་དཔལ་འབྱོར་མེད། ར་རྫ་སྡེ་བར་ཞིང་བའི་ཁྱིམ་ཚང་བརྒྱ་དང་སོ་བརྒྱདཡོད་པ་དང་། མི་དྲུག་བརྒྱ་དང་ཉེར་དྲུག་ཡོད་ལ། ཕྱིར་གཏོང་ངལ་རྩོལ་བ་ཉིས་བརྒྱ་སུམ་ཅུ་ཡོད། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་གཉིས་དང་བཅུ་གཉིས་ཡིན། ལག་རྩལ་མེད་པ་དང་། མ་དངུལ་དཀོན་པ། ངལ་རྩོལ་ནུས་པ་དང་འགྲན་རྩོད་ཀྱི་ནུས་པ་ཞན་པ་ཡིས་ས་གནས་ཀྱི་ཞིང་བའི་ཡོང་སྒོ་དང་ངལ་རྩོལ་ཡོང་འབབ་ལ་ཤུགས་རྐྱེན་ཐེབས་པས། དཔེ་མཚོན་གྱི་དབུལ་ཕོངས་སྡེ་བ་ཞིག་ཡིན།
ལོ་ན་ཉེར་དགུར་སོན་པའི་མགོན་པོ་རྡོ་རྗེ་ནི་ཞིང་བ་ཕལ་བ་ཞིག་ཡིན་ལ། མཐོ་འབྲིང་མཐར་ཕྱིན་པ་ནས་ཁྱིམ་ཚང་གི་དཀའ་ཁག་གི་དབང་གིས་སློབ་གྲྭ་ལས་བུད་དེ་ཞིང་ལས་གཉེར་བ་དང་བར་སྐབས་ཤིག་ལ་མགོན་པོ་རྡོ་རྗེ་ཡི་སེམས་སྐྱོ་སྡུག་གིས་ཁེངས་སོང། ཁོ་རང་ཕྱི་རོལ་དུ་འགྲིམས་ནས་འཚོ་བ་རོལ་འདོད་སྐྱེས་ཏེ་རང་གི་རྒྱབ་ཁུག་ཁུར་ནས་ཡུན་ནན་ཞིང་ཆེན་དུ་བསྐྱོད་དེ་ལག་ཁྱེར་ཁ་པར་ཞིག་གསོ་བྱེད་པ་བསླབ་རྗེས་རང་ཉིད་ལ་སྒེར་གཉེར་གྱི་ལག་རྩལ་ཡོད་པར་གྱུར། སྒོར་མོ་ཉུང་ཙམ་ཞིག་བསགས་རྗེས་མགོན་པོ་རྡོ་རྗེ་ཡིས་རང་ཉིད་ཚོང་ལམ་དུ་ཞུགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས། གྲོང་ཁྱེར་དུ་འཚོ་བ་རོལ་བའི་སེམས་འདུན་དེ་ཁྱེར་ནས་ཁོ་རང་ཞིང་བའི་གྲོང་ཁྱེར་ནས་ཞོར་ལས་བཙལ་བའི་གྲས་སུ་ཞུགས་ཏེ་ཟི་ལིང་གྲོང་ཁྱེར་དུ་ཡོང་ནས་ལས་རིགས་གསར་བསྐྲུན་གྱི་གོམ་པ་གཉིས་པ་སྤེལ།
ཐེངས་ཤིག་ལ་གོ་སྐབས་ལེགས་པོ་ཞིག་ལ་འཕྲད་ནས་མགོན་པོ་རྡོ་རྗེ་ཡིས་སྲང་ལམ་ནས་སོ་ཕག་བཟོ་གྲྭ་ཞིག་གིས་ལག་རྩལ་བ་བསྡུ་བའི་བརྡ་སྦྱོར་མཐོང་། ཁོ་རང་དེ་མ་ཐག་དཔེ་ཁང་ཞིག་ཏུ་ཕྱིན་ནས་སོ་ཕག་དང་འབྲེལ་ཡོད་ཀྱི་དཔེ་ཆ་ཉོས་ནས་བལྟས་པ་དང་། ཉིན་གཉིས་པར་སྔ་མོ་ནས་སོང་ནས་ཁ་རྒྱུགས་ལ་ཞུགས། སོ་ཕག་བཟོ་གྲྭའི་མགོ་བས་ཁོ་རང་ལས་རིགས་ལ་དགའ་བ་དང་། རྣམ་རིག་གསལ་བོ་ཅན་ཞིག་ཡིན་པས། ཁོ་རང་གདན་ཞུ་བྱས། ཕྱོགས་གཅིག་ནས་ལས་ཀ་ལས་པ་དང་ཕྱོགས་གཅིག་ནས་སློབ་སྦྱོང་བྱས་པས་མགོན་པོ་རྡོ་རྗེ་ཡིས་ལས་པའི་སོ་ཕག་གི་རྒྱུ་སྤུས་མཐོར་འདེགས་བྱུང་བས། ལོ་ཕྱེད་ཀྱི་རིང་ལ། སོ་ཕག་བཟོ་གྲྭའི་མགོ་གཙོའི་ལག་རོགས་པ་བྱས། སྤྱི་ལོ་ཉིས་སྟོང་བཅུའི་ལོར། མགོན་པོ་རྡོ་རྗེ་ཡིས་ཡང་བསྐྱར་སོ་ཕག་བཟོ་གྲྭའི་འཕྲུལ་ཆས་ཉོ་བའི་སེམས་པ་སྐྱེས་ཏེ། སོ་ཕག་བཟོ་གྲྭ་དེ་ཡི་ལས་ཀ་བསྐྱུར་ནས་ཕྱིར་ཕ་ཡུལ་དུ་ཕྱིན།
ཉིས་སྟོང་བཅུ་གཅིག་ལོར། ལོ་ངོ་དུ་མར་བསགས་པའི་ཉམས་མྱོང་བརྒྱུད་ནས་མགོན་པོ་རྡོ་རྗེ་ཡིས་སྒེར་གཉེར་གྱི་སོ་ཕག་བཟོ་གྲྭ་ཆུང་ཆུང་ཞིག་བཙུགས། ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཞེས་པ་ལྟར། བཟོ་གྲྭའི་མི་སྣ་ཞིག་ལ་བྱ་བའི་ཁྲོད་མ་བསམ་པའི་དོན་རྐྱེན་ཅིག་བྱུང་བས། མགོན་པོ་རྡོ་རྗེ་དེ་མ་ཐག་དབུལ་ཕོངས་ཏུ་གྱུར་པས། ར་རྫ་སྡེ་བའི་གནད་ཕིགས་དབུལ་སྐྱོར་གྱི་ཁ་གཏད་ཁྱིམ་ཚང་དུ་གྱུར། གློ་བུར་དུ། མགོན་པོ་རྡོ་རྗེའི་ཁྱིམ་མི་དྲུག་པོ་འཚོ་བའི་དཀའ་ཁག་ལ་ཐུག་སྐབས་དེར། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱི་གནད་ཕིགས་དབུལ་སྐྱོར་ཚོགས་པ་སྡེ་བར་ཐོན་པ་གོ་རྗེས་སུ། ར་རྗ་སྡེ་བར་ལས་རིགས་བསྒྱུར་ནས་དབུལ་སེལ་བྱེད་པའི་རེ་བ་ཡོད་པར་གྱུར།
གནད་ཕིགས་དབུལ་སྐྱོར་གྱི་བྱ་བའི་རོགས་སྐྱོར་འོག ནུས་རྩལ་གྱི་ཟབ་སྦྱོང་བརྒྱུད་ནས། མགོན་པོ་རྡོ་རྗེ་ས་བརྐོ་འཕྲུལ་ཆས་ཀྱི་ཁ་ལོ་བར་གྱུར། ལོ་རེའི་ཡོང་འབབ་སྒོར་ཁྲི་བཞི་ཡི་ཡན་ལ་བསླེབས། ཁོས་ད་དུང་ཆུང་མར་རྟིང་སྐུལ་བྱས་ཏེ་ཕྱི་རུ་ངལ་རྩོལ་ལ་བཅུག་ནས་ཡོང་སྒོ་བཙལ་ཞིང་ཚོད་དཔག་བྱས་ན་ད་ལོའི་ཡོང་འབབ་སྒོར་ཁྲི་གཅིག་གི་ཇེ་མང་དུ་འགྲོ་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་གྱི་གནད་ཕིགས་དབུལ་སྐྱོར་མགོ་བརྩམས་པ་ནས། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གནད་ཕིགས་དབུལ་སྐྱོར་བྱ་བའི་རུ་ཁག་དང་སྡེ་བའི་ཨུ་ཡོན་ལྷན་ཁང་མགོ་ཁྲིད་གཉིས་ཀྱིས་ཕན་ཚུན་ལ་མཉམ་འབྲེལ་དང་། དུས་ཐོག་ཏུ་འབྲེལ་འདྲིས། གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་ར་རྫ་སྡེ་བ་སྔ་མོ་ནས་དབུལ་ཐར་བྱེད་པར་ཐབས་ཤོས་གང་ལེགས་བཏོན་ནས། ཐོག་མར་ཡིག་ཚགས་སོགས་གོ་རིམ་ལྡན་པའི་སྒོ་ནས་ལེགས་པོར་སྤེལ། མགོ་ཁྲིད་ཚོགས་པའི་བཞུགས་མོལ་ཚོགས་འདུ་རྩ་འཛུགས་བྱས་ཏེ། ཞིབ་བཤེར་གནས་ཚུལ་ལ་རྒྱུས་ལོན་བྱས་ནས། ཐོག་མའི་རོགས་སྐྱོར་ཇུས་གཞི་གཏན་ཁེལ་བྱས། ར་རྫ་སྡེ་བའི་དབུལ་སྐྱོར་ཁྱིམ་ཚང་གི་དངོས་ཡོད་གནས་ཚུལ་ལ་ཁ་གཏད་དེ་ཁག་བགོས་ནས་མཛུབ་སྟོན་བྱེད་པ་དང་། དབུལ་སེལ་གྱི་འཆར་འགོད་གཏན་ཁེལ་བྱས་ཏེ་ཁྱིམ་ཚང་གཅིག་ལ་བྱེད་ཐབས་གཅིག་ལྟར་ལག་བསྟར་བྱས། ཤེས་རིག་ལ་བརྟེན་ནས་དབུལ་སེལ་བྱེད་པ་དང་། ཧུར་བརྩོན་གྱིས་དབུལ་ཕོངས་ཁྱིམ་ཚང་དག་ངལ་རྩོལ་ནུས་རྩལ་ཟབ་སྦྱོང་ལ་ཞུགས་ཏེ་ཕྱུག་འགྱུར་གྱི་སྣེ་ཁྲིད་མཐོར་འདེགས་སུ་བཏང་ནས་ཞོར་ལས་ཀྱི་ཡོང་སྒོ་ཇེ་མཐོར་གཏོང་བཏང་།
ཞིང་ལས་ཐོན་སྐྱེད་དང་ཕྱུགས་ལས་གསོ་སྤེལ་སོགས་ཀྱི་ལག་རྩལ་ཤེས་སུ་བཅུག་ནས་དབུལ་ཕོངས་ཁྱིམ་ཚང་ལ་དངོས་ཤུགས་དང་རྒྱུ་ཤུགས་གང་རུང་ནས་རོགས་སྐྱོར་བྱས་ཤིང་། ངལ་རྩོལ་པ་དཀོན་པའི་དབུལ་ཕོངས་ཁྱིམ་ཚང་གིས་བྱིས་པའི་འོས་འགན་སློབ་གསོ་དང་མཐོ་རིམ་སློབ་གསོ་མྱོང་དུ་བཅུག་ནས་རྗེས་ཕྱོགས་ཀྱི་དབུལ་ཐར་ལ་རྨང་གཞི་བརྟན་པོ་བཏང་། དབུལ་སྐྱོར་གྱི་ལས་གཞི་བརྒྱུད་ནས། རང་འགུལ་གྱི་རྩ་དོན་དང་ཚོང་རའི་རང་བཞིན་གྱི་སྒྲིག་གཞི་རྒྱུན་འཁྱོངས་བྱས་ཏེ། ས་གནས་ཀྱི་གནས་བབས་འདོན་སྤེལ་བྱས་ནས་གསོ་སྤེལ་ལས་རིགས་འཕེལ་རྒྱས་ལ་རོགས་སྐྱོར་བྱས་ཤིང་། དབུལ་ཕོངས་ཁྱིམ་ཚང་སྐོར་ཞིག་ལ་སྣེ་ཁྲིད་བྱས་ཏེ་ནོར་ལུག་གསོ་སྤེལ་བྱས་ཏེ་ཡོང་སྒོ་མཐོར་འདེགས་གཏོང་བར་སྐུལ་འདེད་བྱས་ལ། སྲིད་ཇུས་ཀྱིས་རོགས་སྐྱོར་བྱེད་པ་བརྒྱུད་ནས། དབུལ་ཕོངས་ཁྱིམ་ཚང་གཙོ་བོ་ཚང་མ་ད་ལོར་མ་མཐའི་འཚོ་བའི་འགན་སྲུང་ནང་ཞུགས་སུ་བཅུག་ནས་དབུལ་ཐར་ལག་བསྟར་བྱེད་རྒྱུ་རེད།
ད་ལོ་ནས་བཟུང་། རང་ཞིང་གིས་དངོས་སུ་ལས་བསྒྱུར་ལས་ཞུགས་བྱེད་པའི་དབུལ་ཐར་གྱི་འཆར་གཞི་མགོ་བརྩམས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ལས་བསྒྱུར་ལས་ཞུགས་ཀྱི་དབུལ་ཐར་འཆར་འགོད་ལྟར།ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་དབུལ་ཕོངས་མི་སྣ་འབུམ་ལྔ་དང་ཁྲི་གཉིས་ཁྲོད་ངལ་རྩོལ་གྱི་ནུས་པ་དང་ལས་བསྒྱུར་ལས་ཞུགས་ཀྱི་ངལ་རྩོལ་པ་ལྷག་མར་ནུས་རྩལ་གསོ་སྦྱོང་བྱེད་པར་སྐུལ་འདེད་བཏང་ནས་ཉིས་སྟོང་བཅུ་དགུ་ལོའི་ལོ་མཇུག་ཏུ་ཧུར་བརྩོན་གྱི་སྒོ་ནས་ལས་བསྒྱུར་ལས་ཞུགས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་པ་འབུམ་གསུམ་དང་ཁྲི་གཅིག་སྟོང་ལྔ་དང་། ལས་རིགས་ནུས་རྩལ་གསོ་སྦྱོང་བ་ཁྲི་བརྒྱད་སྟོང་གཉིས། ངལ་རྩོལ་པའི་དབུལ་ཕོངས་ཁྱིམ་ཚང་ཁྲོད་ཆེས་མ་མཐའ་ཡང་མི་གཅིག་ལས་བསྒྱུར་ལས་ཞུགས་བྱེད་པར་མངོན་འགྱུར་བྱེད་པ་ལག་བསྟར་བྱེད་རྒྱུ་ཁག་ཐེག་བྱེད་རྒྱུ་རེད།
ལོ་ཙཱ། བསོད་ནམས་ལྷ་མོ།