དོན་གྲུབ་རྒྱལ་ནི་གུང་ཧོ་རྫོང་ཆོས་རྒྱས་ཞང་ཐར་ཤུལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་། ཐར་ཤུལ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ལས་འཛིན་མགོ་གཙོ། གུང་ཧོ་རྫོང་གསེར་ཆེན་ཁང་གཞིས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ཀྲང་བཅས་ཡིན་ལ། རང་ས་རང་ཡུལ་ནས་སྐྱེས་པའི་བོད་རིགས་ཕོ་རྒོད་དེ་ནི་ངེས་པ་དོན་གྱི་སྐྱེས་བུ་ཡ་རབས་ཤིག་རེད།
ཐར་ཤུལ་སྡེ་བ་ནི་ཆོས་རྗེ་རྩྭ་ཐང་དུ་ཆགས་ཡོད་ཅིང་། ཁྱིམ་ཚང་སུམ་བརྒྱ་སུམ་ཅུ་དང་སྡེ་མི་ཆིག་སྟོང་བཞི་བརྒྱ་སོ་གཉིས་ཡོད། སྡེ་མི་མང་ཤོས་ཀྱིས་ཕྱུགས་ལས་ཐོན་སྐྱེད་གཉེར་བཞིན་ཡོད་པས། དཔལ་འབྱོར་ཡོང་སྒོ་ནི་སྣ་རྐྱང་ཡིན། ད་ལྟ་སྡེ་བར་རྩྭ་ས་བསྡོམས་པས་མུའུ་འབུམ་བཞི་ཁྲི་གཉིས་ཡོད་ནའང་དབྱར་རྩྭ་དགུན་འབུ་སྐྱེ་བའི་རྩྭ་ས་མུའུ་འབུམ་གཅིག་ཙམ་ལས་མེད་པ་དང་། དེའི་ཕྱོགས་ཀྱི་བགོ་བཤའ་བརྒྱབ་པ་མི་བཟང་བས་སྡེ་བའི་ནང་རེ་ཞིག་འགལ་བ་མང་པོ་བྱུང་མྱོང་།
གཞི་རིམ་གྱི་འགལ་བ་སྣ་ཚོགས་དུས་ཐོག་ཏུ་ཐག་བཅད་ཚེ་ད་གཟོད་བརྟན་འཇགས་ཀྱི་རྣམ་པ་ཞིག་འབྱུང་ཐུབ་ལ། སྡེ་བའི་རྣམ་པ་བརྟན་འཇགས་ཡིན་ན་ད་གཟོད་འཕེལ་རྒྱས་ཀྱི་ལམ་དུ་བསྙེགས་ཐུབ་ངེས་ཡིན། དོན་གྲུབ་རྒྱལ་གྱིས་ཐར་ཤུལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་མ་ཐག་སྡེ་མི་འབྲེལ་གཏུག་ཚོགས་འདུ་ཐེངས་མང་བསྡུས་ནས་འགལ་བ་ཐག་གཅོད་པའི་བྱེད་ཐབས་ཞིབ་འཇུག་ཡང་ཡང་བྱས།
གྲོས་མོལ་ཡང་ཡང་བྱས་མཐར་དོན་གྲུབ་རྒྱལ་གྱིས་སྡེ་བའི་ཧྲེ་གསུམ་ཚན་ཆུང་བཅུར་བགོས་པ་དང་། དབྱར་རྩྭ་དགུན་འབུ་སྐྱེ་བའི་རྩྭ་ས་དེ་རིམ་པ་བཅུར་བགོས་ནས་རྒྱན་འཕངས་བ་བརྒྱུད་སུ་ལ་དབང་བ་ཐག་གཅོད་རྒྱུ་ཐག་བཅད། ཡིན་ཡང་ལོ་གཅིག་ཙམ་ཡང་མ་འགོར་བར་གནད་དོན་གསར་བ་ཞིག་བྱུང་སྟེ། རྩྭ་སའི་ཉི་འོད་ཕོག་ཚད་དང་ཆར་ཆུ་བབས་ཚད་མི་འདྲ་བའི་དབང་གིས་དབྱར་རྩྭ་དགུན་འབུ་སྐྱེས་ཚུལ་ཡང་མི་འདྲ་བར་བརྟེན། སྡེ་མི་རྣམས་ཀྱིས་དབྱར་རྩྭ་དགུན་འབུ་སྐྱེས་ཚུལ་བཟང་པའི་རྩྭ་ས་འཕྲོག་རེས་བྱས། སྡེ་བའི་ལས་བྱེད་པའི་སྙན་གྲགས་བཟང་མིན་དེ་གཙོ་བོ་ཏང་ཡོན་རྣམས་མང་ཚོགས་ཁྲོད་སྙན་གྲགས་ཡོད་མེད་ལ་ཐུག་ཡོད། ཏང་ཀྲི་པུའུ་ཚན་ཁག་གི་ཁོངས་མིའི་བར་མཐུན་སྒྲིལ་བཟང་ཡིན་དང་ཡོངས་བསྒྲགས། དྲང་བདེན་དྲང་གཞག་བཅས་ཡོང་ཐུབ་མིན་དེ་གཙོ་བོ་སྡེ་བའི་ལས་བྱེད་པས་སྙིང་ཐག་པ་ནས་མི་དམངས་ལ་ཞབས་འདེགས་ཞུ་ཐུབ་མིན་ལ་ཐུག་ཡོད། དེ་ལྟར་དཀའ་ཁག་ལ་ཡང་ཡང་ཐུག་རུང་དོན་གྲུབ་རྒྱལ་གྱིས་དེར་མ་འཛེམས་པར་ཐག་གཅོད་ཅི་ཐུབ་བྱས། དོ་དམ་ཨུ་ཡོན་ལྷན་ཁང་གིས་གྲོས་མོལ་བྱས་མཐར་ཚན་ཆུང་བཅུ་ལ་དབང་བའི་རྩྭ་ས་རེས་སྐོར་ལམ་ལུགས་ལག་བསྟར་བྱ་རྒྱུ་ཐག་བཅད་པས། དཀའ་གནད་ཚང་མ་བདེ་བླག་ངང་ཐག་གིས་བཅད་དེ་སྡེ་མི་རྣམས་ཀྱི་གཟེངས་བསྟོད་ཐོབ། ཕ་རབས་བུ་རབས་ཚང་མས་རྩྭ་ཐང་ནས་འཚོ་བ་སྐྱེལ་བའི་འབྲོག་པ་རྣམས་ལ་མཚོན་ན། ཕྱུགས་འཚོ་བ་ནི་ཁོ་ཚོའི་དཔལ་འབྱོར་ཡོང་སྒོའི་ཡོང་ཁུངས་གཙོ་བོ་ཡིན་པ་བཤད་མ་སྨོས་དགོས་པ་རེད། ཡོང་སྒོ་འཕར་སྣོན་གྱི་ཆེད་དུ་སྡེ་བ་ཡོངས་ཀྱི་ཕྱུགས་ཁྱུ་ཇེ་མང་ནས་ཇེ་མང་དུ་སོང་བ་དང་། རྩྭ་ས་ཞན་འགྱུར་གནས་ཚུལ་དེ་བས་ཉིན་རེ་བཞིན་ཚབས་ཆེན་དུ་གྱུར། ཡུན་ཕན་འཕེལ་རྒྱས་ཇི་ལྟར་བརྩོན་ལེན་བྱེད་པ་དང་། དོ་མཉམ་འཕེལ་རྒྱས་ཇི་ལྟར་སྙེག་པ། སྲུང་སྐྱོབ་འཕེལ་རྒྱས་ཇི་ལྟར་དམིགས་པ་བཅས་ནི་དོན་གྲུབ་རྒྱལ་གྱིས་རྒྱུན་དུ་བསམ་གཞིག་གཏོང་བའི་གནད་དོན་རེད།
བསམ་གཞིག་ཡང་ཡང་བཏང་མཐར། དོན་གྲུབ་རྒྱལ་གྱིས་ཉིན་ལྟར་ཞན་འགྱུར་དུ་འགྲོ་བཞིན་པའི་རྩྭ་སའི་ཁོར་ཡུག་སྲུང་སྐྱོབ་བྱེད་ཆེད། ཁྱིམ་ཚང་གི་མི་རེའི་ལུག་གྲངས་དྲུག་ཅུ་ལས་བརྒལ་མི་ཆོག་པ་ཐག་གིས་བཅད།
གནས་ཚུལ་དེ་བསྒྲགས་མ་ཐག་སྡེ་མིའི་ཁྲོད་མི་མཐུན་པའི་བསམ་འཆར་མང་པོ་བྱུང་མོད། ཚང་མས་དོན་གྲུབ་རྒྱལ་གྱི་འཕེལ་རྒྱས་འཆར་གཞི་ཅི་ཡིན་པ་ཤེས་རྗེས་གདོང་ལ་འཛུམ་མདངས་ཤར།
དོན་གྲུབ་རྒྱལ་གྱིས་ཐང་སྐར་མའི་ཞིང་རས་སྡེ་བར་བྱིན་པའི་ས་ཞིང་མུའུ་སྟོང་འགའ་བེད་སྤྱད་དེ་ཕྱུགས་རྩྭ་འདེབས་པ་དང་། གསོ་སྤེལ་ར་བ་ཆེ་གྲས་ལས་ནས་རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་རྒྱུའི་འཆར་གཞི་བཀོད། དེ་ལྟར་བྱས་ཚེ་རྩྭ་སའི་ཕྱུགས་གྲངས་མང་དྲགས་པའི་གནད་དོན་ཐག་བཅད་དེ་ངལ་རྩོལ་པ་ཇེ་ཉུང་དུ་གཏོང་ཐུབ། དུས་མཚུངས་སུ་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ཁྲོད་གསོ་སྤེལ་ར་བའི་སྐྱེ་ལྡན་ལུད་རྫས་དུས་ཐོག་ཏུ་ལས་སྣོན་བྱས་ཏེ་རང་ཕྱུགས་རའི་དགོས་མཁོ་ཚིམ་པ་ལས་གཞན། ཐག་ཉེ་སའི་ཐང་སྐར་མ་ཞིང་རའི་འདེབས་གསོ་གཉེར་བའི་ཁྱིམ་ཚང་ལ་བཙོང་ཆོག་པས། ངོ་མ་གཅིག་གོ་གཉིས་ཆོད་ཀྱི་དོན་བཟང་ཞིག་རེད།
འཁོར་སྐྱོད་དཔལ་འབྱོར་ཟེར་བའི་གོ་དོན་ཅི་ཡིན་པ་དོན་གྲུབ་རྒྱལ་གྱིས་མི་ཤེས་པ་ཁོ་ཐག་ཡིན་མོད། འོན་ཀྱང་ཁོའི་བསམ་གཞིག་གཏོང་ས་ནི་དཔལ་འབྱོར་འཁོར་སྐྱོད་དཔེ་དབྱིབས་དང་ཁྱད་པར་ཅི་ཞིག་ཡོད་པ་དེ་རེད།
ཏང་དང་མི་དམངས་སྲིད་གཞུང་གིས་ཐུགས་ཁུར་བྱས་འོག ད་ལྟའི་ཐར་ཤུལ་སྡེ་བའི་རོང་འབྲོག་པའི་འཚོ་བར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། 2013ལོར་སྡེ་བ་ཡོངས་ཀྱི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ས་ཡ་བརྒྱད་འབུམ་ལྔ་ལས་བརྒལ་བ་དང་། མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་སྒོར་སྟོང་ལྔ་བརྒྱད་བརྒྱ་ཉེར་གཅིག་ལྷག་ཏུ་བསླེབས་ཏེ། རྫོང་ཡོངས་ཀྱི་སྡེ་བ་ཕྱུག་པོའི་གྲས་སུ་ཚུད།
སྡེ་མི་ཚོའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་སོང་བའི་གནས་ཚུལ་དེ་མཐོང་རྗེས། སྡེ་མི་རྣམས་ཁྲིད་དེ་ཕྱུག་བསྒྱུར་གྱི་ལམ་དུ་སྙེག་པའི་བོད་རིགས་ཕོ་རྒོད་དེའི་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་འདུག
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།