རྡོ་རྗེ་ཚེ་བརྟན་གྱི་མི་རིགས་མཐུན་སྒྲིལ་འདུ་ཤེས།
2016.12.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

རྡོ་རྗེ་ཚེ་བརྟན་དང་མཉམ་དུ་གླེང་མོལ་བྱེད་སྐབས། ཁོ་རང་ཁ་བརྡ་བྱེད་རྒྱུར་མི་དགའ་བ་ཤེས། འོན་ཀྱང་། ཁོ་དང་ལྷན་དུ་ལས་རིགས་སློབ་གསོའི་འཕེལ་རྒྱས་གླེང་སྐབས། ཁོའི་བསམ་བློ་མྱུར་ལ་སྐད་ཆ་བཤད་ཚར་རྒྱུ་མེད་པ་ཞིག་རེད།

ཁྲི་ཀ་རྫོང་རྨ་ཆུའི་འགྲམ་རྒྱུད་ནས་སྐྱེས་པའི་བོད་རིགས་བུ་རྒོད་རྡོ་རྗེ་ཚེ་བརྟན་གྱིས་ང་ཚོར་བཞག་པའི་བག་ཆགས་ཆེས་ཟབ་པ་ནི་ཁོའི་གདོང་གི་འཛུམ་མདངས་དེ་རེད། ཁོ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་གཙོ་རེད།

མི་རིགས་མཐུན་སྒྲིལ་གླེང་སྐབས། རྡོ་རྗེ་ཚེ་བརྟན་ལ་སྟབས་བདེ་ཞིང་ཕན་ནུས་ཡོད་པའི་བྱེད་ཐབས་ཅིག་ཡོད།

སློབ་གྲྭ་ནི་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་པའི་གནས་ཞིག་ཡིན་ལ། སློབ་མ་རྣམས་འབྲོག་ཁུལ་གྱི་ས་ཆ་མི་འདྲ་བ་ནས་ཡོང་བ་རེད། བྱིས་པ་རྣམས་སྤྱི་ཚོགས་འདི་ལྟ་བུ་ཞིག་ལ་དགའ་ཞེན་ཡོད་པ་དང་། ཁྱིམ་བདག་རྣམས་ཀྱི་སེམས་སུ་བྱིས་པ་རྣམས་ལ་དྲོད་འཁོལ་ལྡན་པའི་ངང་འཚར་ལོང་འབྱུང་སའི་ཁོར་ཡུག་ཡག་པོ་ཅིག་འདུག་སྙམ་དུ་འཇུག་དགོས་ན། ཐོག་མར་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་ངེས་པར་དུ་སེམས་ཞིབ་མོས་བྱ་བ་ནན་མོར་སྒྲུབ་དགོས། རྡོ་རྗེ་ཚེ་བརྟན་གྱིས་བཤད་རྒྱུར། གལ་ཏེ་རྡོ་ཞིག་ཡིན་རུང་བྲང་ཁར་བཞག་ནས་ཡུན་རིང་འགོར་ཚེ་ཚ་བོ་གྱུར་སྲིད།

བསམས་གཞིགས་དེ་ལྟ་བུའི་འོག མཚོ་ལྷོ་ལས་རིགས་ལག་རྩལ་སློབ་གྲྭས་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། ཁྱིམ་ཚང་དང་སློབ་གྲྭའི་བར་འབྲེལ་འདྲིས་ཟབ་མོ་བྱེད་དུ་འཇུག་པ་ཡར་སྐུལ་བྱས་ཏེ། ལོ་ངོ་མང་པོའི་རིང་སློབ་གྲྭའི་དགེ་རྒན་རྩ་འཛུགས་བྱས་ནས་རྫོང་ལྔའི་ཞང་དང་གྲོང་རྡལ་སོ་སོར་སོང་ནས་ཁྱིམ་ཚང་ལ་འཚམ་འདྲི་བྱེད་པའི་བྱ་བ་སྤེལ། སློབ་མའི་ཁྱིམ་བདག་དང་དངོས་སུ་ཐུགས་ནས་གནས་ཚུལ་རྒྱུས་ལོན་དང་བསམ་བློ་བརྗེ་རེས་བྱས་པས། ཕན་ཚུན་བར་འབྲེལ་འདྲིས་དང་རྒྱུས་ལོན་བྱེད་པའི་བྱ་བར་ཡར་སྐུལ་བྱས།

ད་ལྟ། བྱིས་པ་རྣམས་དབྱར་གནང་དང་དགུན་གནང་སྐབས་སུ་སློབ་གྲྭ་དང་དགེ་རྒན། སློབ་གྲོགས་བཅས་དང་ཁ་འབྲལ་སྐབས། ཁ་བྲལ་མི་འདོད་པའི་མིག་ཆུ་བཞུར་བཞིན་ཡོད།

སློབ་གྲྭ་ནི་ཁྱིམ་ལྟ་བུ་ཞིག་ཡིན་ཚེ། སློབ་མ་རྣམས་གནས་དེ་ནས་འཚོ་བ་རོལ་རྒྱུར་དགའ། ལོ་འདི་འགའི་རིང་། རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་བས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཐད་ཕྱོགས་ཡོངས་ནས་འཕེལ་རྒྱས་ཆེན་པོ་བྱུང་། ཁྱེད་ཚོས་ལྟོས་དང་། ད་ལྟ་སློབ་གྲྭ་འཛུགས་སྐྲུན་བྱས་པ་འདི་འདྲ་བཟང་བས། ང་ཚོ་ཁྱིམ་ཆེན་འདིར་མི་དགའ་འམ།

རྡོ་རྗེ་ཚེ་བརྟན་གྱིས་བཤད་པ་ཧ་ཅང་འགྲིག མི་རྣམས་ཀྱི་བསམ་བློ་གཅིག་མཐུན་བྱུང་ཚེ། མཐུན་སྒྲིལ་བྱེད་རྒྱུ་ནི་གནད་དོན་ཆེན་པོ་ཞིག་མ་རེད།

2014ལོའི་ཟླ་བརྒྱད་པར། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེངས་དྲུག་པའི་མི་རིགས་མཐུན་སྒྲིལ་སྔོན་ཐོན་དཔེ་སྟོན་གྱི་ཐུན་མོང་ཚོགས་པའི་གཟི་བརྗིད་མཚན་སྙན་གནང་།2015ལོར། སློབ་གཙོ་རྡོ་རྗེ་ཚེ་བརྟན་ལ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས“མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ས་ཁུལ་གྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་གནང་།”

སློབ་གྲྭའི་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་ཐོབ་ཡོད་པ་དང་། མིའི་བསམ་བློ་ཡང་འགྱུར་ལྡོག་འབྱུང་དགོས། རྡོ་རྗེ་ཚེ་བརྟན་དང་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་སློབ་མའི་མི་རིགས་ཀྱི་རང་བཀུར་བསམ་པ་དང་། རང་ལ་ཡིད་ཆེས་ཀྱི་བསམ་པ། སྤོབས་སེམས་བཅས་སློབ་སྒྲུབ་ཀྱི་འདུ་ཤེས་སུ་བཟུང་ཡོད། དེ་ལས་སློབ་མ་རྣམས་ལ་རང་འགུལ་གྱིས་མེས་རྒྱལ་གྱི་ལ་རྒྱ་དང་མཚན་སྙན། གཅིག་གྱུར་བཅས་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་ཆེན་པོ་བྱེད་དགོས། དེ་དང་ཆབས་ཅིག སློབ་མ་རྣམས་ལ་ལག་རྩལ་བཟང་བོ་ཞིག་སྦྱངས་ནས་མ་འོངས་པར་ཕ་ཡུལ་ལ་ཞབས་ཞུ་བྱེད་པ་དང་། ཕ་ཡུལ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་མ་གཏོང་བཞིན་ཡོད།

མི་རིགས་མཐུན་སྒྲིལ་བྱེད་རྒྱུ་ནི་དེ་འདྲའི་འགན་ལྕི་མོ་ཞིག་མ་རེད། རྒྱལ་ཁབ་ལ་རོགས་སྐྱོར་སྲིད་ཇུས་འདི་འདྲའི་བཟང་བོ་ཡོད་པས། ང་ཚོས་མི་རིགས་མི་དགར་བར་བློ་སེམས་རྩེ་གཅིག་གིས་ས་གནས་མི་འདྲ་བ་ནས་ཡོང་བའི་སློབ་མ་རྣམས་ལ་ལྟ་སྟངས་ལེགས་པོ་བཅངས་ན། ཚང་མ་ནི་མཐུན་སྒྲིལ་ལྡན་པའི་ཁྱིམ་ཚང་གཅིག་གི་མི་ལྟ་བུ་ཡིན།

དེ་ནི་རྡོ་རྗེ་ཚེ་བརྟན་གྱིས་ལོ་ངོ་མང་པོའི་རིང་གཞི་རིམ་དུ་བྱ་བ་སྒྲུབ་ནས་མི་རིགས་མཐུན་སྒྲིལ་ལ་བཀོད་པའི་སྡོམ་ཚིག་རེད།

ལོ་ཙཱ་བ། ཤ་བོ་རིན་མཚོ།