རྩྭ་ཐང་གི་ཚན་རྩལ་སྣེ་ཁྲིད་པ།
2016.12.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 25

མགོ་ལོག་རྩྭ་ཐང་ནས་འཚར་ལོངས་བྱུང་བའི་ལིས་ཞོ་ཁྲིན་གྱི་ལུས་སྟེང་དུ་ལས་ལ་བརྩོན་ཞིང་གཞུང་རྒྱུད་དྲང་བའི་བོད་རིགས་ཕོ་རྒོད་ཞིག་གི་ལྷད་མེད་ཀྱི་སྣང་བརྙན་ལེགས་པོ་ཞིག་ངང་གིས་གྲུབ་ཡོད།

ལིས་ཞོ་ཁྲིན1979ལོར་སྟོང་སྐོར་ཕྱུགས་ལས་སློབ་གྲྭ་ནས་མཐར་ཕྱིན་རྗེས།རྩ་འཛུགས་ཀྱིས་བཀོད་སྒྲིག་ལྟར་དུ།  དཀའ་ཁག་ཧ་ཅང་ཆེ་བའི་དགའ་བདེ་རྫོང་གངས་ལུང་ཞང་ཕྱུགས་ལས་སྨན་བཅོས་ས་ཚིགས་སུ་ལས་བགོས་བྱས། དེ་ནས་རིམ་བཞིན་དུ་རྫོང་དེའི་ཁྱི་འབྲི་ཞང་དང་གོང་མ་སྟོད་མ་ཞང་གི་ཕྱུགས་ལས་སྨན་བཅོས་ས་ཚིགས་སུ་ལས་གནས་སྤར་ནས་བྱ་བ་སྒྲུབ།        བྱ་བར་བྱང་ཆ་ལྡན་ཞིང་གྲུབ་འབྲས་འབུར་ཐོན་ཡིན་པའི་དབང་གིས། 1993ལོར་ཡང་བསྐྱར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཕྱུགས་ལས་སྨན་བཅོས་ས་ཚིགས་སུ་ལས་གནས་སྤར་བ་དང་།གཞི་རིམ་དུ་ཕྱུགས་ལས་སྨན་བཅོས་དང་ཚན་རྩལ་བྱ་བ་བསྒྲུབས་ནས་ལོ་ངོ་བཞི་བཅུ་ཙམ་འགོར།  

གཞི་རིམ་གྱི་ཕྱུགས་ལས་སྨན་བཅོས་ས་ཚིགས་སུ་བྱ་བ་བསྒྲུབ་པ་ནས་བཟུང་། ལིས་ཞོ་ཁྲིན་གྱིས་དཔེ་ཆའི་སྟེང་གི་ཤེས་བྱ་ཁོ་ནའི་གོ་མི་ཆོད་པར་གཞུང་ལུགས་དང་ལག་ལེན་གཉིས་ལ་ཁྱད་པར་ངེས་ཅན་ཞིག་ཡོད་པ་གཞི་ནས་ཤེས་རྗེས།  ཁོས་རང་ཉིད་ལ་ལས་སྒོའི་འཆར་གཞི་ཞིབ་མོ་ཞིག་འཐེན་ཏེ། གསེར་ལས་ལྷག་པའི་ལས་ཞོར་གྱི་དུས་ཚོད་དམ་འཛིན་བྱས་ནས་ཕྱུགས་ལས་སྨན་བཅོས་ཕྱོགས་ཀྱི་ཤེས་བྱར་སློབ་སྦྱོང་བྱས།  འབྲིང་རིམ་ཆེད་ལས་ཀྱི་རྨང་གཞིའི་སྟེང་སློབ་གྲྭ་ཆེན་མོའི་དངོས་གཞིའི་བསླབ་གཞི་ཡོད་ཚད་དགེ་རྒན་ལ་མ་བསྟེན་པར་རང་སྦྱོང་བྱས་པ་རེད།    ཁོས་རྒྱུན་དུ་ཁེངས་སྐྱུང་གི་ངང་ནས་བློ་མཐུན་རྒན་པར་བློ་འདྲི་དང་། འབྲོག་པ་མང་ཚོགས་ལ་སློབ་སྦྱོང་བྱས་པར་མ་ཟད།  གཙོ་གནད་རེ་རེ་བཞིན་ཟིན་བྲིས་སུ་བཏབས་པ་རེད།         

དཀའ་ངལ་ཆེ་བའི་ལས་ཀའི་ཁྲོད་དུ་ལིས་ཞོ་ཁྲིན་གྱིས་དཀའ་སྤྱད་སྡུག་རུས་དང་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་ཡོན་གྱི་ཚད་གཞི་མཐོན་པོས་རང་ཉིད་ལ་རེ་བ་ནན་མོ་བཟུང་ཏེ།  སྤྱིར་བཏང་གི་ལས་རྐང་སྟེང་ནས་སྤྱིར་བཏང་མ་ཡིན་པའི་བྱས་རྗེས་མང་པོ་བཞག་བྱུང་། ཁོ་ནི་ཁུལ་ཐད་གཏོགས་ཞིང་ཕྱུགས་ཁོངས་གཏོགས་ཀྱི་སྔོན་ཐོན་བྱ་བ་བསྒྲུབ་མཁན་ཡིན་ལ། རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་དཔེ་ལེགས་ཅན་གྱི་གཟེངས་རྟགས་ཐོབ་མཁན་ཀྱང་ཡིན།

ལིས་ཞོ་ཁྲིན་མཐོ་སྒང་འབྲོག་ཁུལ་གྱི་རྩེབས་མ་ཐག་པའི་ལུ་གུ་དང་བེའུ་ཡི་ནད་རིགས་ཕྱོགས་བསྡུས་འགོག་བཅོས་ལག་རྩལ་རྣམ་གྲངས་ཀྱི་ལས་གཞིའི་ནང་ཞུགས་པ་དང་།ལས་གཞི་དེ་བདེ་བླགས་ངང་ལེགས་འགྲུབ་བྱུང་རྗེས།  ཕྱུགས་ཕྲུག་གི་ནད་རིགས་འགོག་བཅོས་བྱེད་པའི་ཐད་ལ་ཐབས་ལམ་གསར་བ་ཞིག་འཚོལ་སྙེག་བྱས་ཏེ།  ཕྱུགས་ཕྲུག་གི་གསོན་ཚད་བརྒྱ་ཆའི་གྲངས་ཐིག་བཅུ་དང་གྲངས་ཆུང་གསུམ་གྱི་ཇེ་མཐོར་བཏང་ཞིང་།   ལུ་གུ་གསོན་ཚད་ཁྲི་དྲུག་ལྷག་དང་བེའུ་ཡི་གསོན་ཚད་རྒྱ་ཆའི་གྲངས་ཐིག་དགུ་དང་གྲངས་ཆུང་དྲུག་གིས་ཇེ་མཐོར་སོང་བ་དང་།  བེའུ་ཡི་གསོན་ཚད་སྟོང་བརྒྱད་ལྷག་ཟིན།  དཔལ་འབྱོར་གྱི་ཕན་འབྲས་སྒོར་ཁྲི་བཞི་བརྒྱ་ལྷག་ཇེ་མཐོར་སོང་ནསམཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ཚན་རྩལ་གྲུབ་འབྲས་དཔང་ཡིགཐོབ།

ལིས་ཞོ་ཁྲིན་གྱིས་ཞིང་ཆེན་ལས་གཞི་དོ་དམ་གཞུང་སྒྲུབ་ཁང་གི་ཀྲུང་གོ་དང་ཡོ་རོབ་ཀྱི་ཕྱུགས་ལས་གསར་སྤེལ་གྱི་ལས་གཞིའི་ཁྲོད་ཀྱི་ཚན་རྩལ་ཞིབ་འཇུག་ཁག་ཅིག་ལ་རོགས་འདེགས་བྱས་ནས་བསྒྲུབ་པ་དང་། དེའི་ཁྲོད་ཀྱི་མགོ་ལོག་ལས་གཞིའི་ནོར་ལུག་གི་ནད་འབུ་འགོག་བཅོས་ལག་རྩལ་ཁྱབ་སྤེལ་ལ་གྲུབ་འབྲས་ཐོབ་ཏེ། ལུག་འབུམ་གཅིག་ལྷག་དང་ལུ་གུ་ཁྲི་བཞི་ལྷག  བེའུ་སྟོང་དགུ་ལྷག་གཉོར་སྐྱོང་བྱས་པ་དང་། ལུག་བལ་ཐོན་ཚད་འཕར་སྣོན་བྱུང་སྟེ་སྒོར་ཁྲི་དྲུག་ལྷག་ལ་སླེབས་པ་དང་། དཔལ་འབྱོར་གྱི་ཕན་འབྲས་སྒོར་འབུམ་ལྔ་ལྷག་ཇེ་མཐོར་སོང་།

ལིས་ཞོ་ཁྲིན་དང་ལས་གྲོགས་རྣམས་ཀྱིས་འབད་བརྩོན་བྱས་འོག  མགོ་ལོག་ཁུལ་གྱི་ནོར་ལུག་གི་པུའུ་ལུའུ་ཧྲི་འབུ་ཕྲའི་རིམས་ནད་སྔོན་འགོག་བྱ་བར་བརྟག་དཔྱད་བྱས་པ་བརྒྱུད་ནས། ཉིས་སྟོང་ལྔ་ལོའི་ཟླ་བཅུ་གཅིག་པར་རྒྱལ་ཁབ་ཀྱི<<གཏན་འཇགས་ཚོད་འཛིན་ཁྱབ་ཁོངས>>ཀྱི་ཚད་གཞིར་བསླེབས།  

མགོ་ལོག་ཁུལ་གྱི་གཞི་རིམ་ཚན་རྩལ་ཐོན་ལས་ཀྱི་ཆེད་མངགས་པ་ཞིག་ཡིན་པའི་ཆ་ནས། ལིས་ཞོ་ཁྲིན་གྱིས་མགོ་ལོག་ཁུལ་གྱི་འབྲོག་དམངས་ལ་ལྗང་མདོག་དཔང་ཡིག་སྟེར་བའི་ལས་གཞི་སྤེལ་བའི་གོ་སྐབས་དམ་འཛིན་བྱས་ཏེ།  རང་མི་རིགས་ཀྱི་སྐད་ཡིག་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཤིང་། གཅིག་སྒྲིལ་དང་པད་མ། དར་ལག དགའ་བདེ་དང་རྨ་ཆེན་སོགས་ས་ཁུལ་དུ་འབྲོག་དམངས་དང་དམངས་ཁྲོད་ཕྱུགས་རིགས་སྨན་པ་དང་། དུད་ཁྱིམ་རེ་རེའི་རིམས་འགོག་པ་སོགས་ལ་དངོས་བཀོལ་ལག་རྩལ་སྦྱོང་བརྡར་གྱི་གསོ་སྦྱོང་ཐེངས་བརྒྱ་དང་ང་དྲུག་བསྒྲུབས་ནས། ཚན་རྩལ་གྲུབ་འབྲས་ཀྱིས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ཐོན་དུ་བཅུག་པས། ཉིས་སྟོང་དགུ་ལོར། ཁོར་མགོ་ལོག་ཁུལ་གྱི་གཞི་རིམ་ལས་བསྐྲུན་ཚན་རྩལ་གསར་སྐྲུན་གྱི་བྱ་དགའ་ཐོབ་པ་རེད།

ཉིས་སྟོང་དགུ་ལོའི་རིམས་འགོག་བྱ་བའི་ཁྲོད་དུ། ཁོ་རང་རིམས་འགོག་བྱ་བའི་འགན་འཛིན་པ་ཞིག་ཡིན་པའི་ཆ་ནས།  ཧུར་ཐག་གིས་བྱ་བའི་ཁྲོད་ཟབ་ཞུགས་བྱས་ཏེ། སྤྱི་བསྡོམས་མི་ཐེངས་དྲུག་སྟོང་སུམ་བརྒྱ་གྱ་བཞི་བཀོད་སྒྲིག་བྱས་ཏེ།  ཕྱུགས་ཟོག་ས་ཡ་བཞི་འབུམ་བདུན་ཁྲི་བརྒྱད་ལྷག་ལ་རིམས་འགོག་སྨན་ཁབ་བརྒྱབ་པ་དང་།  ཕྱུགས་ར་བཞི་སྟོང་དྲུག་བརྒྱ་གྱ་དགུ་དང་ཕྱུགས་སྤྱིལ་ཁང་དྲུག་བརྒྱ་དོན་བཞིར་དུག་སེལ་བྱས། སྤྱིའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་བརྒྱ་དང་བཅུ་དྲུག་གྲངས་ཆུང་ང་དྲུག་ཙམ་ལ་སླེབས་ནས།  རིམས་འགོག་གི་སྤུས་ཀ་དང་གྲངས་ཚད་ལ་ཁག་ཐེག་བྱས།

ལིས་ཞོ་ཁྲུན་ད་དུང་ཉིས་སྟོང་བརྒྱད་ནས་ཉིས་སྟོང་བཅུ་ལོ་བར་དུ་<<མགོ་ལོག་ཁུལ་གྱི་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་རིགས་ལ་མྱུར་སྐྱོབ་བྱེད་པའི་ཇུས་གཞི་>>དང་<<སྲོག་ཆགས་ཀྱི་ནད་རིགས་ཚབས་ཆེན་མྱུར་སྐྱོབ་སྔོན་ཇུས་>>ཀྱི་གཏན་ཁེལ་བྱ་བའི་ནང་ཞུགས།   རྨ་སྟོད་རྫོང་མཚོ་སྐྱ་རེངས་ཀྱི་བྱ་རིགས་ཤི་བ་དང་ཡུལ་གཞན་དུ་གནས་སྤོར་བའི་གནས་ཚུལ་ལ་ཁ་གཏད་ནས། མྱུར་དུ་བབ་བསྟུན་ཇུས་གཞི་བཀོད་ནས།   ལིས་ཞོ་ཁྲིན་གྱིས་འབྲེལ་ཡོད་སྡེ་ཁག་གི་རེ་འདུན་ལྟར།  རིམས་འགོག་མི་སྣ་ཁྲིད་དེ་ནད་རིགས་བྱུང་བའི་ས་ཁུལ་དུ་རིམས་འགོག་ཐབས་ཇུས་ལག་བསྟར་དང་དུག་སེལ་ས་ཚུགས་བཙུགས་ཏེ།  ནད་ཀྱིས་ཤི་བའི་འདབ་ཆགས་ཀྱི་རོ་མེར་བསྲེག་པ་དང་ས་འོག་ཏུ་སྦས་པ། དུག་སེལ་བྱེད་པ་སོགས་བྱས་པར་མ་ཟད། འདབ་ཆགས་ཁཤས་ཀྱི་རོ་ཆེད་དུ་ཞིང་ཆེན་རིམ་པའི་རིམས་འགོག་ལྟེ་གནས་སུ་བསྐྱལ་ནས་བརྟག་དཔྱད་བྱས།

 ནམ་རྒྱུན་གྱི་བྱ་བའི་ཁྲོད་དུ་ལས་གྲོགས་རྣམས་དཀའ་ཁག་ལ་འཕྲད་དུས། ཐོག་མར་དྲན་འོང་བ་ནི་བློ་མཐུན་ལི་ཞོ་ཁྲིན་གྱིས་རོགས་འདེགས་བྱེད་པ་དེ་ཡིན་པ་དང་། བློ་མཐུན་ལི་ཞོ་ཁྲིན་གྱིས་ཀྱང་དུས་རྒྱུན་དུ་ནན་ཏན་དང་བཟོད་སེམས་ཀྱིས་ལས་གྲོགས་ཚོའི་གནད་དོན་ལ་ལན་བཏབས་པར་མ་ཟད། སྤྲོ་སེམས་འཁོལ་བའི་ངང་གནད་དོན་ཐག་གཅོད་བྱེད་རོགས་བྱས། དེ་བཞིན་རང་སྟེང་གི་ལག་རྩལ་མཐོར་འདེགས་གཏོང་བའི་དུས་མཚུངས་སུ། ལིས་ཞོ་ཁྲིན་གྱིས་སྦ་གསང་ཅི་ཡང་མེད་པར་རང་ཉིད་ཀྱིས་ནང་བྱན་ཆུད་པའི་ཆེད་ལས་ཤེས་བྱ་དང་བྱ་བའི་ཉམས་མྱོང་ཡོད་ཚད། དམངས་ཁྲོད་ཀྱི་ཕྱུགས་ལས་སྨན་པ་དང་རིམས་འགོག་མི་སྣར་བརྒྱུད་སྤེལ་བྱས་པར་མ་ཟད། ཧུར་བརྩོན་འབད་ཐག་གིས་ཁོ་ཚོའི་ཆེད་ལས་ལག་རྩལ་མཐོར་འདེགས་གཏོང་བར་མཛུབ་སྟོན་དང་སྐྱེད་བསྲིང་བྱས། ཁོ་ནི་ལག་རྩལ་མཐོ་བའི་ཆེད་མངགས་ཚན་རྩལ་པ་ཞིག་ཡིན་པར་མ་ཟད། ཚན་རིག་ཤེས་བྱ་ཁོང་དུ་ཆུད་པའི་ཆེད་མངགས་ཚན་རྩལ་པ་ཞིག་ཀྱང་ཡིན། ལས་སྒོ་དོ་དམ་གྱི་བྱ་བའི་ཁྲོད་དུ་ཁོས་ཚན་རྩལ་གསོ་སྦྱོང་དང་ཁྱབ་སྤེལ་གྱི་ཇུས་གཞི་ཁྱབ་བསྒྲགས་བྱེད་ཆེད།  གཞི་རིམ་གྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བརྟག་དཔྱད་དང་།  ལྟ་རྟོག་དོ་དམ་བྱ་བར་མཛུབ་སྟོན་བྱས་ཏེ། བྱ་བའི་སྟེང་མཉམ་འབྲེལ་སྟོབས་ཤུགས་མངོན་གསལ་དུ་གྲུབ་ཡོད། ཉེ་བའི་ལོ་འགའི་རིང་ལ། ཁོས་ཁུལ་དང་རྫོང་། ཞང་སོགས་ནས་ཁྱོན་བསྡོམས་ཞང་གྲོང་ཞེ་ལྔ་རུ་གཞི་རིམ་ལག་རྩལ་མི་སྣ་ཁྲི་གཉིས་ལྷག་སྐྱེད་བསྲིང་བྱས་ཡོད། དེ་ལྟར་ཁོས་ཁུལ་ཕྱུག་ལས་སྨན་བཅོས་ལྟེ་གནས་ཀྱི་འགན་འཛིན་གཞོན་པའི་འགན་ཁུར་རྗེས། ལིས་ཞོ་ཁྲིན་གྱིས་རྒྱུན་པར་གཉིད་བཅགས་ཟས་བརྗེད་ཀྱིས་གཞུང་དོན་དུ་འབད་པ་ལྷོད་མེད་བྱས།

ཁོས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱིས་གུང་ཁྲན་ཏང་ཡོན་ཞིག་གི་འགན་འཁྲི་ལག་བསྟར་བྱས་པར་མ་ཟད།  རང་རྟོགས་ཀྱིས་ཉེ་འཁོར་གྱི་ལས་གྲོགས་དག་ལའང་སྣེ་ཁྲིད་ལེགས་པོ་དང་ཤུགས་རྐྱེན་ཟབ་མོ་བཞག།   

ལོ་ཙཱ་བ།   སྐར་མ་འཚོ།