ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། ནོར་བུ་སྒྲོལ་མ་ཁྱོ་ཤུག་གཉིས་དང་བུ་མོ་བཅས་ནང་མི་གསུམ་པོ་ཚང་མ་ཉེན་རྟོག་པ་ཡིན་པས། “ཉེན་རྟོག་པའི་ཁྱིམ་རྒྱུད”ཅེས་བརྗོད་ན་དངོས་གནས་མིང་དོན་མཚུངས་པ་ཞིག་རེད། རྒྱུ་མཚན་ནི་ཉེན་རྟོག་པའི་ལས་ཀ་བྱེད་ཀྱི་ཡོད་རྐྱེན་ནང་མི་གསུམ་པོ་མཉམ་འཛོམས་ཀྱི་དུས་ཧ་ཅང་ཉུང་། ཡིན་ན་ཡང་ཁོ་ཚོའི་ཁྱིམ་ཚང་གི་བདེ་སྐྱིད་འཚོ་བར་ཤུགས་རྐྱེན་ཅི་ཡང་ཐེབས་མེད་པར་ནང་མི་གསུམ་པོའི་བར་ཕན་ཚུན་ཡིད་ཆེས་བྱས་ནས། ཐུན་མོང་མ་ཡིན་པའི་རྒྱལ་ཡོངས་ཡ་རབས་ཁྱིམ་ཚང་གི་མཚན་སྙན་ཐོབ་ནས་ཕན་ཚུན་ཡིད་ཆེས་དང་བསམ་ཤེས་ཐུབ་པའི་བདེ་སྐྱིད་ཁྱིམ་ཚང་ཞིག་ཏུ་གྱུར། 1987ལོར། ནོར་བུ་སྒྲོལ་མ་བོད་ལྗོངས་ཉེན་རྟོག་པའི་སློབ་གྲྭར་རྒྱུགས་འཕྲོད་ཅིང་། དེ་གར་ད་ལྟའི་ཁྱོ་ག་ཟླ་བ་དང་ཕྲད་པ་རེད། 1991ལོར་སློབ་གྲྭ་ནས་སློབ་མཐར་ཕྱིན་སྐབས་ཁོ་གཉིས་ཁ་འབྲལ་དགོས་བྱུང་བ་རེད། ནོར་བུ་སྒྲོལ་མ་ཉིང་ཁྲིར་ལས་བགོས་བྱས་ནས་དེ་གར་ལོ་ལྔར་ལས་ཀ་བྱས་པ་དང་། ཟླ་བ་མངའ་རིས་སུ་ལས་བགོས་བྱས་ནས་དེ་གར་ལོ་གསུམ་ལ་ལས་ཀ་བྱས་པ་རེད།
1993ལོར་ནོར་བུ་སྒྲོལ་མ་དང་ཟླ་བ་གཉིས་གཉེན་སྒྲིག་བྱས་ཤིང་ལོ་གཅིག་གི་རྗེས་སུ་བུ་མོ་ཟླ་སྒྲོན་སྐྱེས་པ་རེད། ཁྱོ་ཤུག་གཉིས་ཀ་ཉིང་ཁྲི་དང་མངའ་རིས་གཉིས་སུ་སོ་སོར་བསྡད་པའི་སྐོར་གླེང་སྐབས། ནོར་བུ་སྒྲོལ་མས“སྐབས་དེར་ངོ་ཐུག་མི་ཐུབ་པས་རྟག་པར་འཕྲིན་ཡིག་འབྲི་བའམ་ཁ་པར་རྒྱག་རྒྱུ་ལས་མ་འདས། མཚམས་རེ་གློག་འཕྲིན་བཏང་བ་ཡིན། རྗེས་སུ་འཕྲིན་ཡིག་ཤོག་སྒམ་ཆེན་པོ་གང་འདུག”ལས་ཀར་བྲེལ་བ་ཆེ་རྐྱེན་ནང་མི་གསུམ་པོ་ངོ་ཐུག་པའི་གོ་སྐབས་ཧ་ཅང་ཉུང་། བུ་མོ་ཟླ་སྒྲོན་ལོ་བཅུ་གཅིག་ལོན་ནས་སློབ་གྲྭ་མ་འགྲིམས་བར་དུ་ངའི་ཨ་མས་གསོ་སྐྱོང་བྱས་པརེད། ཉེན་རྟོག་པ་བྱེད་རྒྱུ་ནི་ལས་ཀ་དཀའ་ཁག་ཅན་ཞིག་རེད། ཉེན་རྟོག་པའི་ཆུང་མ་དེ་བས་ཀྱང་བྱེད་དཀའ”ཞེས་བཤད། ད་སྐབས་ཟླ་བ་ཡང་རྒྱུན་པར་གཞུང་དོན་གྱི་ཆེད་དུ་ཕྱིར་འགྲོ་དགོས་ཀྱིན་འདུག་པས། ནང་མི་གསུམ་པོའི་མཉམ་འཛོམས་སྔར་བཞིན་ཧ་ཅང་ཉུང་མོད། ཡིན་ན་ཡང་ནང་མི་གསུམ་པོས་ཕན་ཚུན་ཡིད་ཆེས་དང་བསམ་ཤེས་བྱེད་ཀྱིན་ཡོད།
ནོར་བུ་སྒྲོལ་མ་དང་ཟླ་བ་གཉིས་ལ་ལས་ཀའི་ནང་གཟེངས་བསྟོད་ཐེངས་མང་ཐོབ་ཡོད་པ་དང་། ནམ་རྒྱུན་ནོར་བུ་སྒྲོལ་མ་མི་གཞན་ལ་རོགས་རམ་བྱ་རྒྱུར་དགའ། ནོར་བུ་སྒྲོལ་མ་དང་ཁྱིམ་བདག་གཞན་པ་འགས་ཟླ་སྒྲོན་གྱི་སློབ་ཆུང་སློབ་གྲོགས་ཤིག་ལ་རོགས་རམ་བྱས་པ་རེད། སློབ་གྲོགས་དེ་ནི་ཕ་མ་ཡ་གྱར་གྱི་ཁྱིམ་ཚང་ཞིག་ནས་ཡིན་པས་ནོར་བུ་སྒྲོལ་མ་དང་ཁྱིམ་བདག་འགའ་ཞིག་གིས་སྒོར་མོའི་རོགས་རམ་བྱས་པ་རེད། ནོར་བུ་སྒྲོལ་མས“ད་སྐབས་ངའི་བུ་མོའི་སློབ་གྲོགས་དེ་སློབ་ཆེན་མཐར་ཕྱིན་ནས་ལས་ཀ་རག་ཚར་འདུག”ཅེས་བཤད། ཁྱིམ་ཚང་གི་ཤུགས་རྐྱེན་བཟང་པོའི་འོག་བུ་མོ་ཡང་དངོས་ཞབས་ཉེན་རྟོག་པ་ཞིག་ཏུ་གྱུར་པ། བུ་མོའི་སྐོར་གླེང་སྐབས་ནོར་བུ་སྒྲོལ་མས་སྤོབས་སེམས་དང་བཅས་ཏེ། 2006ལོར་ཚོད་ལྟའི་སློབ་ཆུང་གི་འཛིན་གྲྭའི་ཨང་གཉིས་པའི་རྒྱུགས་འབྲས་ཐོག་ནས་ཧྲང་ཧའེ་བོད་ལྗོངས་སློབ་འབྲིང་དུ་རྒྱུགས་འཕྲོད་པ་དང་། 2009ལོར་ཁྲུང་ཆིན་དུ་ཡོད་པའི་ནན་ཁའེ་མཐོ་རིམ་སློབ་འབྲིང་གི་བར་བཅུག་འཛིན་གྲྭར་རྒྱུགས་འཕྲོད་ཅིང་།
འཛིན་གྲྭ་དེ་གའི་བོད་རིགས་སློབ་མ་འབའ་ཞིག་ཡིན་པའི་ཆ་ནས། ཟླ་སྒྲོན་གྱིས་ཁོར་ཡུག་མི་འདྲ་བའི་ནང་དུ་སྦྱོང་བརྡར་ཡག་པོ་བྱས་པ་རེད་ཅེས་བཤད། 2012ལོར་ཟླ་སྒྲོན་ཧྲང་ཧའེ་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་གྱི་དབྱིན་ཡིག་ཆེད་ལས་ལ་རྒྱུགས་འཕྲོད་ཅིང་། དེ་གར་སློབ་སྦྱོང་བྱས་པ་བརྒྱུད་དབྱིན་ཡིག་གི་ཆེད་ལས་རིམ་པ་བརྒྱད་པར་ཡང་རྒྱུགས་འཕྲོད་པ་རེད། ད་ལོར་་ཟླ་སྒྲོན་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་རྒྱལ་ཡོངས་སྤྱི་ཞབས་དཔུང་སྡེའི་ཡིག་རྒྱུགས་ལ་ཞུགས་ནས་ཨང་གཉིས་པ་ཐོབ་པ་རེད།
ནོར་བུ་སྒྲོལ་མས། “ངས་རང་གི་ཁྱིམ་ཚང་ལ་ལོ་རེའི་བོད་ཀྱི་ལོ་གསར་སྐབས་སུ་ནང་མི་ཚང་མ་མཉམ་འཛོམས་བྱས་ནས་ “ཚེས་གཅིག་ཉིན་ངའི་ཕ་མར་ལྟ་རུ་འགྲོ་དགོས། ཚེས་གཉིས་ཉིན་ཁྱོ་གའི་ཕ་མར་ལྟ་རུ་འགྲོ་དགོས་པ་གཏན་འཁེལ་བྱས་ཡོད། ལས་ཀར་བྲེལ་བ་ཆེ་རྐྱེན་ནང་མི་གསུམ་པོ་འཛོམས་རྒྱུ་་ཧ་ཅང་དཀའ། དེར་བརྟེན་འདི་འདྲའི་གཏན་འཁེལ་ཞིག་བཟོས་ནས་ཚང་མ་མཉམ་དུ་འཛོམས་ཏེ་སོ་སོའི་ལས་ཀ་དང་འཚོ་བ་སོགས་ཀྱི་སྐོར་གླེང་གི་ཡོད”ཅེས་བཤད།
རྩོམ་སྒྲིག་པ། བསོད་ནམས་ལྷ་མོ།