མཚོ་སྔོན་པོའི་འགྲམ་དུ་མི་ཚང་མས་དུས་རྒྱུན་མཐོང་ཐུབ་པ་ནི་ལག་ཏུ་པར་ཆས་བཟུང་བའི་གྲྭ་བ་ཞིག་ཡིན་ལ། ཁོ་ནི་ཆེད་ལས་ཀྱི་པར་ལེན་མཁན་ཞིག་མིན་ཡང་། ལོ་མང་བོའི་རིང་ལ་འདབ་ཆགས་ཀྱི་འབྲེལ་ཡོད་རྒྱུ་ཆ་གལ་ཆེན་དག་པར་བླངས་པ་རེད། ཡང་ཁོ་ནི་ཆེད་ལས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་མཁན་ཞིག་མིན་ཡང་། ཁོས་བློ་བརྟན་འགྱུར་མེད་ངང་མཚོ་སྔོན་པོའི་འགྲམ་གྱི་དཀར་ལ་བརླན་སའི་སྟེང་གི་བྱ་རིགས་ཀྱི་གྲངས་ཀ་དང་།མཚོའི་ཁོར་ཡུག་གི་འགྱུར་བ་སོགས་ཟིན་ཐོར་བཀོད་ཡོད། ཁོ་ནི་མཚོ་སྔོན་པོའི་འགྲམ་གྱི་གུང་ཧོ་རྫོང་སྤྲེལ་ནག་ཞང་དཀར་ལ་དགོན་པའི་འདབ་ཆགས་སྲུང་སྐྱོབ་མཁན་གྱི་གྲྭ་བ་གྲགས་པ་ལགས་ཡིན།
ད་ལོར་ལོ་སོ་ལྔར་བུད་པའི་གྲགས་པ་ནི་ཆུང་དུས་སུ་མཚོ་འགྲམ་ནས་ལུག་རྫི་བྱས་མྱོང་བས་སྲོག་ཆགས་ཀྱི་རིགས་ལ་བརྩེ་བ་ཟབ་མོ་ཡོད། དེ་ལས་ཀྱང་ལོ་རེ་རེར་ཁྲུང་ཁྲུང་ཡོད་པའི་སྐབས་སུ་ཁོ་རང་མཚོ་སྔོན་པོ་དང་འབྲལ་ཐབས་མེད་ལ། རང་ལོ་བཅོ་ལྔར་སོན་པའི་ལོ་དེར། གྲགས་པ་དཀར་ལ་སྡེ་བའི་དཀར་ལ་དགོན་དུ་རབ་ཏུ་བྱུང་བ་ཡིན་ལ། རབ་བྱུང་པའི་སྙིང་རྗེའི་སེམས་དེས་ཁོ་རང་རི་སྐྱེས་སྲོགས་ཆགས་ལ་སྲུང་སྐྱོབ་བྱེད་པའི་བྱ་བའི་ཁྲོད་ཞུགས་པའི་བརྩོན་སེམས་བསྐྱེད།
ལོ་རེའི་ཟླ་བཅུ་བ་ནས་ཕྱི་ལོའི་ཟླ་བཞི་བའི་རིང་། ཁྲུང་ཁྲུང་མང་པོ་ཞིན་ཅང་དང་ཞིས་པོ་ལས་ཡ་སོགས་ནས་ཁྱུ་དང་ཁྱུ་བྱས་ཏེ་འཕུར་ནས་མཚོ་སྔོན་པོའི་གུང་ཧོ་རྫོང་སྤྲེལ་ནག་ཞང་དཀར་ལ་སྡེ་བའི་སྤྱི་ལེ་སུམ་ཅུ་ཅན་གྱི་བརླན་སའི་སྟེང་དུ་འབབ་པ་དང་། གྲགས་པས་ལོ་རེ་རེར་ལྷད་མེད་ཀྱི་ཚེ་སྲོག་དེ་དག་ལ་སྲུང་སྐྱོབ་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་པར་མ་ཟད།བྱ་རིགས་དེ་དག་ལའང་བརྩེ་བ་ཟབ་མོ་བཅངས་ཡོད། ཉིས་སྟོང་བརྒྱད་ལོར་གྲགས་པ་ནི་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་ཡི་ལྟ་རྟོག་པ་ཞིག་ཏུ་གྱུར་བ་དང་། ཁོས་རང་ཉིད་ཀྱིས་འཆར་འགོད་བྱས་པའི་བྱ་རིགས་ལྟ་ཞིབ་ཀྱི་རེའུ་མིག་ཅིག་བཟོས་རྗེས་མུ་མཐུད་དུ་དཀར་ལ་སྡེ་བའི་བརླན་སའི་སྟེང་གི་བྱ་རིགས་ཀྱི་གྲངས་ཀ་དང་གནས་ཚུལ། དེར་མ་ཟད་བྱ་རིགས་འབབ་སྡོད་ཀྱི་འགྱུར་བ་སོགས་རྒྱུ་ཆ་གལ་ཆེན་དག་པར་དུ་བླངས་འདུག
སྤྲེལ་ནག་ཞང་གི་བརླན་སའི་སྟེང་དུ་ཆུ་མིག་མང་བོ་ཡོད་ལ། དགུན་ཁར་དར་མི་ཆགས་པ་དང་།རྒུམ་འབུའང་མང་པོ་ཡོད་པས་ཁྲུང་ཁྲུང་གི་སྤྲོ་སྐྱིད་ཀྱི་གནས་ཤིག་ཏུ་གྱུར་ཡོད། ཁོས་བྱ་རིགས་དེ་དག་ལ་བརྟག་ན་ཉིན་གཉིས་ཀྱི་དུས་ཚོད་དགོས་ལ། ཐེངས་ཤིག་ལ་ཁོས་འཕྲུལ་རྟ་གཡར་མ་དེ་ཞོན་ནས་ངོས་མི་སྙོམས་པའི་རྩ་ར་བརྒྱུད་ནས་སོང་བ་དང་། བྱ་རིགས་འབབ་སྡོད་བྱེད་སའི་ཐག་རིང་བོར་ནས་འཕྲུལ་རྟ་བསྐྱུར་ཏེ་དལ་མོར་ངང་ཉེ་བར་བཅར་བ་ཡིན། ཁོ་ཉེ་བར་བཅར་ཐེངས་རེར་པར་ཆས་དང་ཟིན་བྲིས་བཟུང་ཡོད་པ་དང་། འབྲི་དེབ་སྟེང་གི་ཟིན་ཐོ་ནི་ཉིས་སྟོང་བརྒྱད་ལོ་ནས་ད་བར་གྱི་མཚོ་སྔོན་པོའི་དགུན་ཁའི་བྱ་རིགས་ཀྱི་གྲངས་ཀ་དང་། དེ་དག་གི་གཤིས་ཀ་དང་འབབ་སྡོད་ཀྱི་འགྱུར་བ་སོགས་གསལ་བོར་བཀོད་ཡོད། རྒན་པ་ཚོས་བཤད་ན། དུས་རབས་གོང་མའི་ལོ་རབས་དྲུག་བཅུ་པའི་སྐབས་སུ་མཚོ་སྔོན་པོའི་མཚོ་ཆུས་དཀར་ལ་དགོན་པའི་བྲག་ཁ་བསྐོར་ཡོད་ལ། བྲག་ཁར་མ་ཎི་གཏེར་བུམ་འཇོག་ས་ཡོད་པ་དང་། སྐབས་དེར་གྲྭ་བ་ཚོས་ཆོས་དུང་བོས་པ་ན་མཚོ་སྔོན་པོའི་གསེར་ཉ་མདོག་སེར་ཅན་དང་ནག་པོ་ཅན་དག་གིས་མཆོད་པའི་གཏེར་ཟས་ཟ་བའི་ཡིན་ཟེར། འོན་ཀྱང་ད་ལྟ་མཚོ་སྔོན་པོའི་མཚོ་ཆུ་ཡི་ཆུ་གནས་རྨིད་བཅུ་ཡི་མར་བབ་འདུག གྲགས་པའི་རེ་བ་ནི། མི་ཚང་མས་སྟོབས་ཤུགས་བཏོན་ནས་མཚོ་ཆུ་དང་དེར་གནས་པའི་ཚེ་སྲོག་དག་ལ་སྲུང་སྐྱོབ་བྱ་རྒྱུ་དེ་རེད། དེར་མ་ཟད་ཁོས་བྱ་རིགས་འཚོ་སྡོད་བྱེད་སའི་གད་སྙིགས་ལ་གཙང་ཕྱགས་བྱེད་པ་དང་། ལྟ་སྐོར་བ་མང་བོ་ཡོད་པའི་སྐབས་སུ་ཚོགས་པ་བཙུགས་ནས་མཚོ་འགྲམ་གྱི་གད་སྙིགས་འཐུ་བ་དང་། ཁོས་སྐུལ་སློང་འོག་ཁྲུང་ཁྲུང་འབབ་སྡོད་ཀྱི་ས་ཚིགས་དེའི་འཐའ་འཁོར་གྱི་མི་ཚང་མ་ཕལ་ཆེར་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་པར་གྱུར་ཡོད། ད་དུང་དགོན་པའི་གྲྭ་བཙུན་ཚོས་ཀྱང་ཁོ་དང་ལྷན་དུ་གད་སྙིགས་འཐུ་བ་དང་། ཉ་འཛིན་མཁན་ཡོད་ན་མྱུར་མོར་ཡར་གཏུགས་བྱེད་ཀྱིན་ཡོད།
གྲགས་པའི་སེམས་སུ་ཁྲུང་ཁྲུང་ནི་མཚོ་འགྲམ་གྱི་མི་དག་གི་སེམས་ནང་གི་ཆེས་མཛེས་པའི་ལྷ་བྱ་ཞིག་ཏུ་འདོད་པ་དང་། བྱ་དང་ཁོ་ཚོའི་འཚོ་བའི་བར་ལའང་འབྲེལ་བ་ཡོད་པར་འདོད། དེ་དག་ལ་སྲུང་སྐྱོབ་བྱེད་པ་ནི་ཁོའི་མི་ཚེ་གཅིག་གི་ཕུགས་བསམ་དུའང་གྱུར་ཡོད། ད་ལྟའི་བར་དུ་མཚོ་སྔོན་པོའི་ཁོར་ཡུག་བསྐྱར་གསོ་བྱུང་བ་ནས་བྱའི་གྲངས་ཀ་ཇེ་མང་དུ་སོང་ཡོད་ལ། ན་ནིང་བྱ་ཡི་གྲངས་ཀ་སྟོང་བཞི་ལྷག་ལ་འཕར་འདུག བྱ་རིགས་དེ་དག་ལ་པར་ལེན་པའི་ཆེད་དུ་གྲགས་པས་པར་ལེན་སྟངས་དང་པར་ཆས་བཀོལ་སྟངས་སོགས་རང་སྦྱོང་བྱས་པ་ཡིན་ལ། ན་ནིང་ཞིང་ཆེན་ནགས་ལས་ཅུའུ་ཡིས་གཙོ་སྒྲུབ་བྱས་པའི་ཞང་གྲོང་མིག་ཟུང་ཚེ་སྲོག་གསར་བའི་སྟེང་དུ་བཀོལ། ཚེ་སྲོག་རེ་རེ་ཞེས་པའི་བརྙན་གཟུགས་གསབ་སྦྱོང་འཛིན་གྲྭ་བསྒྲུབ་པའི་སྐབས་སུ་ཆེད་ལས་མི་སྣའི་མཛུབ་སྟོན་འོག གྲགས་པས་དུས་ཡུན་རིང་བོར་པར་བླངས་བའི་རྒྱུ་ཆ་དག་གིས་ཧ་ལམ་སྐར་མ་བཅོ་ལྔ་ཙམ་གྱི་དངོས་བྲིས་བརྙན་ཐུང་<<ང་དང་ཁྲུང་ཁྲུང་>>ཞེས་པ་ཕབ་སྐྲུན་བྱས།
ཉིས་སྟོང་བཅུ་གཉིས་ལོར་ཆིན་ཧྭ་སློབ་གྲྭ་ཆེན་མོའི་སྐྱེ་དངོས་སྡེ་ཁག་གི་སློབ་མ་ཉི་ཤུ་ལྷག་ཡོང་ནས་སྤྱི་ཚོགས་ལག་ལེན་བྱ་འགུལ་སྤེལ་ཏེ། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ཁུལ་ནས་མཚོ་སྔོན་པོའི་བྱ་རིགས་ཀྱི་ཚན་རྩལ་ཁྱབ་སྤེལ་དྲིལ་སྒྲོག་བྱས་ནས་། བརྙན་ཐུང་བཞི་ལྷག་སྒྲིག་བཟོ་བྱས། ཐེངས་དང་བོའི་སྤྱི་ཚོགས་ལག་ལེན་གྱི་བྱ་འགུལ་ལས་ཆིན་ཧྭ་སློབ་མ་བཅུ་གཅིག་གིས་དགེ་རྒན་གྱི་མཛུབ་སྟོན་འོག་ནས་ཁྲུང་ཁྲུང་སྐེ་ནག་རྒྱུད་སྤེལ་གནས་ཚུལ་དང་རྗེས་འདེད་པར་ལེན་བྱས་ནས་བརྙན་གྱི་དཔྱད་གཞི་ལེགས་སྒྲིག་བྱས། ཐེངས་དང་བོར་ཁྲུང་ཁྲུང་སྐེ་ནག་གི་འབབ་སྡོད་དང་རྒྱུད་སྤེལ་སོགས་བརྙན་བླངས་ནས། ཁྱབ་བསྒྲགས་བརྙན་ཐུང་། <<ཁྲུང་ཁྲུང་སྐེ་ནག་སྲུང་བ་>>ཞེས་པ་འགྲེམ་སྤེལ་བྱས། ཁྲུང་ཁྲུང་སྐེ་ནག་གི་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་པ་ནི་གྲགས་པ་ཡིན་ལ། གྲགས་པས་ལོ་མང་བོར་སྲུང་སྐྱོབ་བྱས་པའི་ཉམས་མྱོང་དང་མི་སེམས་འགུལ་བའི་ཁྲུང་ཁྲུང་སྐེ་ནག་གི་གཏམ་རྒྱུད་ཀྱང་བཤད་རྒྱུ་ཡོད། ཐེངས་གཉིས་པར་ལག་ལེན་བྱེད་མཁན་གྱི་སློབ་མ་དགུ་ཡིས་རྒན་དག་གི་མཛུབ་སྟོན་འོག་ཏུ་མཚོ་སྔོན་པོའི་ས་སྟོང་དུ་ལྟ་ཞིབ་མ་ལག་སྤྱད་ནས་བརྙན་གཟུགས་ཀྱི་རྒྱུ་ཆ་དག་སྒྲིག་བྱས་ནས་རིགས་མི་འདྲ་བ་གསུམ་ཅན་གྱི་རིང་ཚད་སྐར་མ་གསུམ་ཅན་གྱི་ཁྱབ་བསྒྲགས་བརྙན་ཐུང་། མོ་ཁུ། ཆུ་སྐྱར། ཐིང་རིལ་སྐྱ་མོ་སོགས་བརྩམས་ཆོས་ཀྱིས་ནུས་པ་མི་དམན་པ་བླངས། མིག་སྔར་ཚན་རྩལ་ཁྱབ་སྤེལ་གྱི་དྲིལ་སྒྲོག་བརྙན་གཟུགས་དེ་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་དྲྭ་ཚུགས་སུ་བཞག་ཡོད། གྲགས་པས་ཁྲུང་ཁྲུང་དཀར་ནག་ལ་བཅངས་པའི་བརྩེ་བ་བརྒྱུད་ནས་མི་རྣམས་ལ་མཚོ་སྔོན་པོ་ཤེས་སུ་བཅུག་ལ། དེ་ལས་ཀྱང་ཁྲུང་ཁྲུང་ཤེས་སུ་བཅུག དེར་བསྟུན་ནས་མཚོ་སྔོན་པོར་ཡུལ་སྐོར་སྤྲོ་གསེང་བྱེད་སའི་སྒོ་ཞིག་ཀྱང་འབྱེད་པ་རེད། གྲགས་པས་རང་ཉིད་ཀྱི་བྱ་སྤྱོད་ཀྱིས་ལས་རིགས་དེ་ལ་དགའ་བ་གསལ་བཤད་བྱས་འདུག ཁོང་གི་སྙིང་སྟོབས་འདིས་མཐའ་འཁོར་གྱི་མི་རྣམས་ལ་ཡང་ཤུགས་རྐྱེན་བཟང་བོ་ཐེབས་སུ་བཅུག
ལོ་ཙཱ་བ།སྐར་མ་འཚོ།