རྨེ་རུ་ཡུལ་ལྷ་ཐར་ནི་སྤྱི་ལོ་1979ལོར་མདོ་སྨད་བྱང་ཤར་ས་ཆའི་གཅན་ཚའི་ཡུལ་དུ་སྐྱེས། ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་ངམ་མདོ་དབུས་མཐོ་སྒང་མི་རིགས་ཞིབ་འཇུག་རྟེན་གཞིའི་དགེ་རྒན་ཆེན་མོ་ཡིན་ལ། རྒྱལ་ཁབ་སློབ་གསོ་པུའུ་ཡི་དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་མི་སྣ་དང་། མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་གདན་ཞུའི་ནང་འདྲེན་ཤེས་ལྡན་པ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་ལོ་རྒྱུས་རིག་པ་དང་ཆོས་ལུགས་རིག་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་བཅས་ཡིན། གཙོ་བོར་བོད་ཀྱི་ལོ་རྒྱུས་རིག་པ་དང་ལོ་རྒྱུས་ཡིག་ཚང་། ཆོས་ལུགས་ལོ་རྒྱུས། རིག་གཞུང་ལོ་རྒྱུས་སྐོར་གྱི་སློབ་ཁྲིད་དང་ཞིབ་འཇུག་གི་ལས་ཀ་སྒྲུབ་ཀྱིན་ཡོད། སྔ་ཕྱིར་མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་(ད་ལྟའི་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་)དང་། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་། ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་སོགས་རིམ་པར་འགྲིམས་ཏེ་བོད་ཀྱི་ཡིག་རྙིང་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ། སྤྱི་ལོ2014ལོར་ཧྲའན་ཞི་དགེ་འོས་སློབ་ཆེན་འཛམ་གླིང་ལོ་རྒྱུས་ཆེད་ལས་འབུམ་རམས་ཕྱི་ཚར་གྱི་ཞིབ་འཇུག་རྟེན་གཞི་ལས་འབུམ་རམས་ཕྱི་ཚར་བའི་ཞིབ་འཇུག་ལས་སྒོ་ཐོན། ད་ལྟའི་བར་ཁོས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་«བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ཆབ་སྲིད་ལམ་ལུགས་ཞིབ་འཇུག»ཅེས་པ་དང་«བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ས་མིང་ཞིབ་འཇུག་»(རྒྱ་ཡིག) «བོད་གནའ་རབས་ཀྱི་ལོ་རྒྱུས་དཔྱད་བརྗོད་དང་ལོ་རྒྱུས་རིག་གཞུང་གི་ཤུལ་བཞག་ཡིག་ཆ་ཞིབ་འཇུག» «བོད་ཀྱི་ཡིག་རྙིང་རིག་པའི་རྣམ་གཞག་རབ་གསལ་བཙན་པོའི་ལམ་ཡིག»བཅས་ཆེད་དེབ་བཞི་བརྩམས་མྱོང་ཞིང་། ལོ་ཙཱའི་འགྱུར་དེབ་གཅིག་པར་བསྐྲུན་བྱས་ཡོད་ལ། རིག་གཞུང་དཔྱད་རྩོམ་དྲུག་ཅུ་བརྒལ་བ་ཀྲུང་གོའི་བོད་རིག་པ་དང་བོད་ལྗོངས་ཞིབ་འཇུག་དང་རྩེར་སྙེག་སོགས་དུས་དེབ་གྲགས་ཅན་སྣ་ཚོགས་སུ་སྤེལ་ཡོད་པར་མ་ཟད། ལྷུག་རྩོམ་དང་སྙན་ངག་དང་འབོལ་རྩོམ་སོགས་ཀྱང་དུས་དེབ་དང་དྲ་ཐོག་ཀུན་ཏུ་མང་ཙམ་སྤེལ་ཡོད། ཞིབ་འཇུག་ལས་གཞི་ཐད་ནས་རྒྱལ་ཁབ་རིམ་པའི་ལས་གཞི་གསུམ་མགོ་འཛིན་གྱིས་མཇུག་བསྡུས་ཡོད་ལ། ཉེ་ལམ་དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་མི་སྣའི་ལས་གཞི་སྟེ“བོད་ཀྱི་གནའ་རབས་རིག་གཞུང་ལོ་རྒྱུས་ཞིབ་འཇུག”བྱ་བ་དང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་སྟེ“ཏུན་ཧོང་བོད་ཀྱི་ཤེས་རིག་གི་རིག་གཞུང་ལོ་རྒྱུས་ཞིབ་འཇུག”བྱ་བ། “མདོ་ཁམས་བོད་རིགས་ཀྱི་བྱུང་བ་དང་བོད་དབུས་གཙང་བར་གྱི་འབྲེལ་བའི་ཞིབ་འཇུག”བྱ་བ་བཅས་ལ་མགོ་འཛིན་ཞིབ་འཇུག་བྱེད་བཞིན་ཡོད་ཅིང་། ཀྲུང་གོའི་གྲངས་ཉུང་མི་རིགས་ལོ་རྒྱུས་སློབ་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོའི་མི་རིགས་ཀྱི་གནའ་བོའི་ཡིག་རིགས་ཞིབ་འཇུག་ཚོགས་པའི་ཚོགས་མི། མཚོ་སྔོན་ཞིང་ཆེན་ཡིག་རྙིང་ཞིབ་འཇུག་ཚོགས་པའི་ལས་འཛིན་སོགས་ཀྱི་རིག་གཞུང་ཚོགས་མིའི་འགན་འཁུར་ཡོད་པ་དང་། ཧྲའན་ཞི་དགེ་འོས་སློབ་ཆེན་ཀྲུང་གོའི་ནུབ་རྒྱུད་མཐའ་མཚམས་ཞིབ་འཇུག་གླིང་གི་ཆེད་ཞུས་ཞིབ་འཇུག་པའི་འགན་ཡང་ཞོར་ལ་ཁུར་ཏེ་མཉམ་ལས་ཞིབ་འཇུག་གནང་བཞིན་གདའ།
ཁོ་ནི་གཅན་ཚའི་རྨེ་རུ་བྱ་བའི་ཡུལ་གྱི་རོང་མ་འབྲོག་གི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་ནར་སོན་པ་ཡིན་ལ། མི་ལོ་སོ་བརྒྱད་རིང་གི་འཚར་སྐྱེད་བརྒྱུད་རིམ་ཁྲོད། བྱིས་གཞོན་དུས་ཀྱི་ལོ་ཟླ་ནི་ཧ་ལམ་གནའ་བོའི་ཁྱད་ཆོས་མ་ཉམས་པའི་གཞིས་ཀ་དྲོན་མོ་དེ་ལས་སྐྱེལ།བྱིས་པའི་དུས་ཀྱི་ཁོ་རང་གཞན་དང་མི་འདྲ་ས་གཅིག་ཡོད་པ་ནི། ལོ་ན་བཅུ་ཡི་རིང་གི་འཚོ་བ་དེ་ཕྱུགས་རྫི་ཡ་མེད་ཅིག་གི་ཟོལ་གྱིས་སྐྱེལ་བ་དེ་ཡིན། ལོ་བཅུ་ཡི་སྟེང་ད་གཟོད་སློབ་ཆུང་དངོས་སུ་འགྲིམས་པ་ཡིན་ཞིང་། འཛིན་གྲྭའི་ནང་ལོ་ན་ཆེས་ཆེ་བ་དེ་ཡིན་པར་བརྟེན། དགེ་རྒན་གྱིས་ཁོ་ལ་ཁྱོད་ཀྱིས་སྒོ་སམ་སྟེང་གསལ་བྱེད་སུམ་ཅུ་ཚེགས་མེད་དུ་འབྲི་ནུས་ན་ལོ་རིམ་དང་པོ་བརྒྱུད་མི་དགོས་པར་ལོ་རིམ་གཉིས་པའི་ནང་ཡོང་ཆོག་ཚུལ་གསུངས་པ་བཞིན། གསལ་བྱེད་སུམ་ཅུ་ཚེགས་མེད་དུ་བྲིས་པས་ཁོ་རང་སློབ་གྲྭར་སོང་བའི་ཉིན་གསུམ་པར་ཐོད་བརྒལ་གྱིས་ལོ་རིམ་གཉིས་པར་འཕར། ཕྱིས་སུ། ལོ་རིམ་གསུམ་པའི་སྨད་ཆའང་བསྐྱུངས་ཏེ་ལོ་རིམ་བཞི་པར་འཕར་ལྡིང་བྱས་སྟབས། ཁོའི་ལོ་ཚོད་ཀྱང་སློབ་རིམ་ལ་དོ་མཉམ་པ་བྱུང་སྟེ་ལོ་རིམ་ལྔ་པའི་སྐབས་དམའ་འབྲིང་ལ་རྒྱུགས་སྤྲོད་དུས། རང་ལོ་བཅུ་གསུམ་པ་བརྒལ་ཙམ་ལས་མ་བྱུང་།
དམའ་འབྲིང་གི་སློབ་གཉེར་ནི་ཁོས་སྐབས་དེའི་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་དམའ་འབྲིང་སློབ་སྐོར་ནས་དོན་གཉེར་བྱས་པ་ཡིན་ཞིང་། དམའ་འབྲིང་ལོ་ངོ་གསུམ་ནི་དོན་ལ་ཧ་ཅང་བྲེལ་ཟིང་དང་འཚུབ་ལྷོངས་ཀྱི་སྒོ་ནས་ཚར་བ་རེད། སྐབས་དེར་ཁོ་རང་ཆེས་སྤྲོ་སྣང་ཡོད་པའི་བསླབ་ཚན་ནི་བོད་ཡིག་དང་ལོ་རྒྱུས། ས་ཁམས་བཅས་གསུམ་ཡིན་པ་དང་། དངོས་ལུགས་ལའང་སྤྲོ་བ་ཆེན་པོ་ལྡན། གང་ལྟར། དམའ་འབྲིང་གི་དུས་ཡུན་ལོ་ངོ་གསུམ་རིང་ལོ་ན་ཆུང་ཞིང་བློ་རིག་མྱུར་བའི་ཡུལ་ལྷ་ཐར་གྱི་སློབ་སྦྱོང་གི་སྐར་འབྲས་འཛིན་གྲྭ་ཡོངས་མ་ཟད། ལོ་རིམ་ཡོངས་ནས་ཨང་བཅུ་པའི་སྔོན་དུ་བུད་ཡོད། སློབ་སྐབས་ལྔ་ལ་ལོ་རིམ་ཡོངས་ཀྱི་ཨང་དང་པོའི་མིང་ཐོབ་བླངས།
ཁོ་རང་རྨ་ལྷོ་མི་རིགས་མཐོ་རིམ་སློབ་འབྲིང་གི་སྒོ་ཐེམ་འགྲིམས་དུས་ནི་སྤྱི་ལོ་1995ལོ་ཡིན། ཤེས་བྱའི་ཐང་ཡངས་ངང་གིས་གཅོད་པའི་སློབ་ར་གསར་པའི་ཁོར་ཡུག་དེས། ཁོ་ལ་རང་བདག་རང་གཅུན་གྱི་ནུས་པ་རང་བཞིན་གྱིས་འཛོམས་པར་བྱས་པར་མ་ཟད། སློབ་ཆེན་ལ་མྱུར་མོར་སོང་ན་སྙམ་པའི་འདོད་བློའང་བསྟུད་མར་བྱུང་སྟེ། མཐོ་འབྲིང་ལོ་རིམ་དང་པོའི་སློབ་སྐབས་གཉིས་པའི་དུས་དཀྱིལ་དུ། སློབ་ཆེན་ལ་ཚོད་ལྟའི་རྒྱུགས་ཡིག་སྤྲོད་པའི་འདོད་འདུན་ཤུགས་དྲག་བྱུང་སྟབས་སློབ་ཆེན་ལ་རྒྱུགས་སྤྲད། ལས་བཟང་བ་ཞིག་ལ། སློབ་ཆེན་གྱི་རྒྱུགས་ཚད་བདེ་བླག་གིས་ལོན་སོང་ཞིང་། རྒྱུགས་འབྲས་ཀྱང་རྨ་ལྷོ་ཁུལ་གྱི་ཨང་རིམ་གསུམ་པ་དང་མཚོ་སྔོན་ཞིང་ཆེན་གྱི་ཨང་རིམ་བདུན་པའི་གྲས་སུ་ཚུད། དེ་ནི་ཁོ་ལ་མཚོན་ན་བསམ་ཡུལ་ལས་འདས་པ་ཞིག་ཡིན་ལ། མཇུག་མཐར་མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་སློབ་བསྡུའི་བརྡ་ཐོ་འབྱོར།
དུས་ད་ལྟ་ལ་ཐུག་གི་བར་དུ། སློབ་གླིང་དེས་ཁོར་བསྩལ་བའི་སེམས་ཤུགས་དང་མི་རིགས་ཀྱི་ཤེས་རིག་ལ་ཐོབ་ཏུ་བཅུག་པའི་ཡིད་ཆེས་ནི་གང་གིས་ཀྱང་འཇོམས་ཐབས་བྲལ། ཁོར་ཡུག་དེ་ལྟ་བུ་ཞིག་ལས་འཚར་སྐྱེད་བྱུང་བའི་བརྒྱུད་རིམ་གྱིས། ཡུལ་ལྷ་ཐར་གྱི་རིག་གཞུང་གི་མི་ཚེར་སྐྱ་ཐིག་འབྲི་བའི་འགོ་ཡང་གཞི་ནས་བརྩམས་བྱུང་།དེ་དང་མཐུན་པར། ཁོའི་རྩོམ་རིག་གསར་རྩོམ་གྱི་ལམ་བུ་དངོས་ཀྱང་སློབ་གླིང་དེར་ཚུགས་པ་ཡིན་ཞིང་། སྙན་ངག་གཙོས་པའི་བརྩམས་ཆོས་སྐོར་ཞིག་བར་མ་ཆད་པར་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སྣ་ཚོགས་སྟེང་སྤེལ་མྱོང་། «རྨེ་རུ། ང་ལམ་ལ་ཆས་ས»ཞེས་པ་ནི་ཁོས་གཞུང་འབྲེལ་ཚགས་ཤོག་སྟེང་སྤེལ་བའི་རྩོམ་ཡིག་ཐོག་མ་ཡིན། དེ་མིན། སྤྱི་ལོ་1998ལོ་ཙམ་ལ་«མཚོ་སྔོན་ཁྲིམས་ལུགས་ཚགས་པར»ཁང་གིས་སྤེལ་བའི་སྙན་ངག་འགྲན་བསྡུར་ཅིག་ཡིན་ཏེ། དེའི་སྟེང་ཁོས་བྲིས་པའི་སྙན་ངག་གཉིས་ལ་བྱ་དགའ་ཐོབ་པའི་སྟེང་། གཅིག་ལ་ཨང་གཉིས་པའི་མིང་ཐོབ་སྟེ་སྙན་ངག་པ་ཞི་བདེ་ཉི་མ་དང་ལྷན་དུ་བྱ་དགའ་ཐོབ།
ཡུན་རིང་སྙན་ངག་བྲིས་ཤིང་རིག་གཞུང་བརྩམས་ཆོས་བཀླགས་པའི་རྗེས་ལ། ཁོས་གཞི་ནས་དཔྱད་རྩོམ་བྱ་བའི་ལས་ཀ་ལྗིད་མོ་དེ་པང་དུ་ལེན་འདོད་སྐྱེས། ལོ་གཉིས་པར། དཔྱད་རྩོམ་གཞན་ལ་ལད་མོ་ཡིས་«གླིང་སྒྲུང་གི་དབྱངས་རྟའི་སྐོར་ལ་དཔྱད་པ་»ཞེས་པའི་རིག་གཞུང་དཔྱད་རྩོམ་ཐོག་མ་དེ་བྲིས། དཔྱད་རྩོམ་དེ་སྤྱི་ལོ་1998ལོའི་«མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་རིག་གཞུང་དུས་དེབ་»བོད་ཡིག་མའི་སྟེང་སྤེལ་མྱོང་། དེ་ནི་ཁོ་ལ་མཚོན་ན་རིག་གཞུང་གི་ལམ་བུ་སྙེག་པའི་ལམ་ཚད་རྡོ་རིང་ཞིག་ཡིན་པ་སྨོས་མ་དགོས་ཏེ། དུས་དེར་མུ་མཐུད་ནས། ཁོས་ཡང་བསྐྱར་«གླིང་སྒྲུང་<བདུད་ལེའུ་>ལས་མངོན་པའི་བོད་ཀྱི་ཤེར་རྟོགས་རིག་པའི་སྣང་ཚུལ»ཞེས་པའི་དཔྱད་རྩོམ་ཞིག་བྲིས་ཤིང་། དེ་ཉིད་སྤོབས་པ་བསྐྱེད་དེ་«བོད་ལྗོངས་ཞིབ་འཇུག»དུས་དེབ་ལ་བསྐུར་བར། སྤྱི་ལོ་1999ལོར་དངོས་སུ་སྤེལ་ཐུབ་པ་བྱུང་སྟེ་སློབ་གླིང་དེར་མཚོན་ན། རིམ་པ་མཐོ་བའི་རིག་གཞུང་དུས་དེབ་སྟེང་དཔྱད་རྩོམ་སྤེལ་མཁན་ཆེས་ཐོག་མའི་སློབ་ཆེན་པར་གྱུར།
ཡུལ་ལྷ་ཐར་སློབ་ཆེན་ནས་མཐར་ཕྱིན་རྗེས། དུས་དེར་ཁོ་ལ་བསམ་རྒྱུ་གཅིག་ལས་མེད་དེ། དེ་ནི་དེ་སྔ་ཀྲུང་དབྱང་མི་རིགས་སློབ་ཆེན་འགྲིམ་རྒྱུ་དེ་རེད། སྤྱི་ལོ་2002ལོར་ཁོས་བདེ་བླག་ངང་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་རབ་འབྱམས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་སོང་ལ། སློབ་གླིང་དེའི་ཞིབ་འཇུག་ཚན་པར་ཐེངས་དང་པོར་སློབ་གྲྭ་ཕྱི་ནས་རྒྱུགས་སྤྲད་དེ་འཕྲོད་པའི་ཞིབ་འཇུག་སློབ་མ་གཉིས་ཀྱི་ཅིག་ཤོས་སུ་གྱུར།
ཞིབ་འཇུག་ཆེད་ལས་འདེམས་པའི་སྐབས་ལ་ཁོས་ཡིག་རྙིང་ཆེད་ལས་བདམས། དེས་ཁོ་རང་གི་དམིགས་འབེན་ཁ་ཕྱོགས་ལ་འགྱུར་བ་ཆེན་པོ་བྱུང་དུ་བཅུག་སྟེ། སྐབས་དེ་ནས་བཟུང་། རྩོམ་རིག་ལ་དགའ་ཞིང་དེ་ཉིད་དོན་གཉེར་བྱེད་པ་ཞིག་ནས་ཡིག་རྙིང་དང་ལོ་རྒྱུས་ལ་རྒྱུས་ལོན་བྱེད་ཅིང་དེར་ཚོད་ལྟས་འཇུག་པའི་ཤེས་པ་འཚོལ་མཁན་ཞིག་ཏུ་གྱུར།དོན་དམ་དུ་ཁོས་བོད་ཀྱི་ཡིག་རྙིང་ལ་ཅུང་ཆ་ཚང་བར་རྒྱུས་ལོན་དང་དེར་འཇུག་པར་བྱས་པ་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཞིབ་འཇུག་སློབ་མ་འདོན་དུས་ནས་ཡིན། སྐབས་དེར་བོད་ཀྱི་ཡིག་རྙིང་དེ་ཁོའི་ཞིབ་འཇུག་ཁ་ཕྱོགས་ལ་བདམས་པར་བྱས་པས། རིག་ཚན་དེར་རང་བཞིན་གྱིས་དོན་གཉེར་ལྷོད་མེད་བྱས་པ་ཡིན་ཞིང་། དེ་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིག་ཚང་རིག་པ་དང་ལོ་རྒྱུས་རིག་པ། ཆོས་ལུགས་རིག་པ། མི་རིགས་རིག་པ་སོགས་རིག་ཚན་གཞན་དག་འགའ་ཞིག་ལའང་བསླབ་སྦྱངས་མི་དམན་པ་བྱས་པས། དེང་སང་བོད་ཀྱི་ཡིག་རྙིང་ལ་འཇུག་དུས་དཔྱོད་བྱེད་ཀྱི་ཐབས་ལ་ཁ་འཁོབ་ལག་འཁོབ་བྱེད་མི་དགོས་པར་གྱུར་ཡོད། ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ་གྱི་དཔྱད་སྒོ་འབྱེད་པའི་སྙན་ཞུའི་སྟེང་ཁོས་«བོད་ཀྱི་བརྡ་རྙིང་ཡིག་ཆ་རིག་པའི་སྐོར་གྱི་ཐོག་མའི་དཔྱད་པ»ཞེས་པ་དེ་ཁ་བྱང་ལ་བདམས་ཤིང་། ཕྱིས་སུ་དཔྱད་རྩོམ་དེ་རབ་འབྱམས་ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ་དུ་རྩོད་རྒྱུགས་དམ་བཅར་ཕུལ་བ་ལ། བོད་ཀྱི་ཡིག་རྙིང་ཞིབ་འཇུག་ལོ་རྒྱུས་ཐོག་གི་ཡིག་རྙིང་རིག་པའི་གཞུང་ལུགས་ཞིབ་འཇུག་གི་ཆེད་རྩོམ་དང་པོར་གྱུར་ཡོད།
ལོ་ངོ་གསུམ་གྱི་ཡིག་རྙིང་ཆེད་ལས་ཀྱི་སློབ་སྦྱོང་བརྒྱུད། སྤྱི་ལོ་2005ལོར་ཞིབ་འཇུག་སློབ་མ་མཐར་ཕྱིན་སྐབས་ཆེད་དུ་ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་ཏུན་ཧོང་བོད་ཀྱི་བརྡ་རྙིང་ཡིག་ཆ་རིག་པའི་ཆེད་ལས་ཀྱི་འབུམ་རམས་པའི་ཁ་ཕྱོགས་དམིགས་ཀྱིས་བདམས་ཏེ་རྒྱུགས་སྤྲད། ནུབ་བྱང་མི་རིགས་སློབ་ཆེན་དུ་ཐོན་ནས་ཅུང་མ་འགོར་བར་རྒྱལ་ཕྱིའི་མི་རིགས་ཡིག་ཚང་ཞིབ་འཇུག་ཁང་བཙུགས་ཤིང་། དེའི་ཞིབ་འཇུག་ལས་ཀ་དངོས་ཀྱི་ཁྲོད་ཞུགས་ཏེ་ཏུན་ཧོང་ཡིག་རྙིང་ལ་ཕྱོགས་ཡོངས་ནས་དག་སྒྲིག་དང་དཀར་ཆག་སྒྲིག་སྦྱོར་བྱས་པ་དང་། ལས་ཀ་དེ་ཁོ་སློབ་མཐར་ཕྱིན་པའི་བར་མུ་བསྐྱངས་ཏེ་བསྒྲུབས་པས། བོད་ཀྱི་ཡིག་རྙིང་འདི་ལ་སྔར་ལས་ལྷག་པའི་གོ་བ་ཟབ་མོ་རྙེད།ནུབ་བྱང་མི་རིགས་སློབ་ཆེན་དུ་ཁོས་རང་གི་འབད་པ་བྱ་ཡུལ་དེ་གཙོ་བོ་ལོ་རྒྱུས་རིག་པ་དང་ཆོས་ལུགས་རིག་པའི་རིག་ཚན་ཁྱབ་ཁོངས་ཟུང་འབྲེལ་གྱི་ལམ་བུ་ཞིག་ཏུ་བལྟས་པ་ཡིན་ཞིང་། དེ་གཉིས་ལ་འབྲེལ་བའི་གཞུང་ལུགས་དང་ཐབས་ཤེས་སྐོར་གྱི་ཆེད་དེབ་དང་དཔྱད་རྩོམ་ལ་ཟུར་ལྟ་སློབ་སྦྱོང་ཡང་རྒྱུན་རིང་བྱས་པས། དེང་རབས་ནུབ་ཕྱོགས་པའི་རིག་གཞུང་མང་བོ་ཞིག་གི་ཞིབ་འཇུག་བྱེད་ཐབས་ནི་སྐབས་དེར་གཞུང་ལུགས་གསར་པ་སློབ་སྦྱོང་གི་གོ་རིམ་ཁྲོད་ནས་རིམ་གྱིས་ཤེས་རྟོགས་བྱུང་སྟེ་རྨང་གཞི་བརྟན་པོ་ཆགས།
སློབ་གྲྭ་དེ་རུ་ཁོས་ལོ་ངོ་གཉིས་ཀྱི་དུས་ཡུན་སྤྱད་དེ་«བོད་བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་ལམ་ལུགས་ཞིབ་འཇུག»བྱ་བའི་འབུམ་རམས་པའི་མཐར་ཕྱིན་ཆེད་རྩོམ་བྲིས་པ་དང་། ཆེད་རྩོམ་དེ་ཕྱིས་སུ་པར་བསྐྲུན་བྱས་པ་ལ། རིག་གཞུང་ལས་རིགས་སྟེང་གཟུར་གནས་དོན་ལྡན་གྱི་གདེང་འཇོག་ལེགས་པོ་ཐོབ་ཅིང་། བོད་བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་ལམ་ལུགས་ལ་ཆ་ཚང་གིས་དཔྱོད་པའི་ཆེད་རྩོམ་ཐོག་མར་གྱུར་ཡོད།
འབུམ་རམས་ནས་སློབ་མཐར་ཕྱིན་རྗེས། ཁོ་རང་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་ཏུ་བྱ་བའི་ལས་རྐང་ལ་ཞུགས་པ་རེད། སློབ་ཆེན་གྱི་བྱ་བའི་ལས་རྐང་སྟེང་ཞུགས་རྗེས། ཁོས་གཙོ་བོར་བོད་ཀྱི་ལོ་རྒྱུས་དང་ཡིག་རྙིང་། རིག་གནས་ལོ་རྒྱུས་སོགས་ཐད་ཀྱི་བསླབ་ཚན་སློབ་ཁྲིད་བྱས་པ་དང་། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ཡང་བོད་ཀྱི་ལོ་རྒྱུས་དང་ལོ་རྒྱུས་ཡིག་ཚང་། ཆོས་ལུགས་ལོ་རྒྱུས་སྐོར་བཅས་སུ་གཞོལ།
སྤྱི་ལོ་2009ལོ་ནས་བཟུང་། ཡུལ་ལྷ་ཐར་གྱིས་མི་གཞུང་སློབ་གླིང་གི་མདོ་དབུས་མཐོ་སྒང་མི་རིགས་ཆོས་ལུགས་དང་སྤྱི་ཚོགས་ལོ་རྒྱུས་ཞིབ་འཇུག་ལྟེ་གནས་སུ་ལས་ཞོར་ཞིབ་འཇུག་བགྱིས་པ་རེད། ལས་ཀ་དེས་རྐྱེན་བྱས་ཏེ། སྐབས་དེར་ཁོས་རང་གི་ནུས་ཚོད་ཀྱིས་རྒྱ་ཡིག་གི་ལམ་ནས་བོད་ཀྱི་ལོ་རྒྱུས་སྐོར་ལ་ཞིབ་འཇུག་རྩོམ་ཡིག་འབྲི་བའི་མགོ་བརྩམས་ཤིང་། བོད་ཀྱི་ཡིག་ཆར་བརྟེན་ཏེ་རྒྱ་ཡིག་གི་ལམ་ནས་ལོ་རྒྱུས་རིག་གཞུང་གི་ཞིང་ས་ཆེན་པོར་རིམ་གྱིས་ཞུགས་པ་ལ། ཡར་སྐྱེད་ཆེན་པོ་བྱུང་བའི་སྟེང་རྒྱ་ཡིག་མ་ལག་གི་བོད་རིག་པའི་ཞིབ་འཇུག་སྡེའི་མཁས་པ་འགའ་ཞིག་དང་རིག་གཞུང་བགྲོ་གླེང་ཡང་བྱུང་སྟེ། བོད་རྒྱ་ཡིག་ཚང་ཞིབ་བསྡུར་དང་ཕན་ཚུན་ཁ་སྣོན་ཞིབ་འཇུག་བྱེད་པའི་ལམ་དུ་བསྐྱོད། རིག་གཞུང་གི་ལམ་ཁ་ཇེ་ཡངས་དང་རང་གི་དམིགས་ཡུལ་ཇེ་གསལ་ཇེ་ཞིབ་ཏུ་སོང་བ་དང་བསྟུན་ནས། ཁོས་ལོ་འདི་འགར་ཆེད་དམིགས་ཞིབ་འཇུག་ལ་དང་དོད་ཆེན་པོ་བྱས་ཏེ། སྔ་ཕྱིར་འཆར་གཞི་ཡོད་པའི་སྒོ་ནས་བཙན་པོའི་རྒྱལ་རབས་ཀྱི་སྲིད་དོན་ལམ་ལུགས་དང་། བཙན་པོའི་རྒྱལ་རབས་དུས་ཀྱི་ལོ་རྒྱུས་ས་ཁམས། བོད་ཀྱི་ལོ་རྒྱུས་ཡིག་ཚང་རིག་པ། བོད་ཀྱི་ཡིག་རྙིང་རིག་པ་སོགས་ལ་ཉམས་ཞིབ་རྣལ་མོ་བྱས་པ་དང་། དེ་དག་ལ་འབྲེལ་བའི་རིག་གཞུང་དཔྱད་རྩོམ་དང་ཆེད་དེབ་ཁག་ཀྱང་གྲངས་འབོར་གཉིས་ལྡན་གྱི་སྒོ་ནས་རིམ་པར་ཐོན་པ་ལ། སྤྱི་ཚོགས་སྟེང་གི་ཤེས་ནས་སྨྲ་བའི་ཀློག་པ་པོ་མི་ཉུང་བ་ཞིག་གིས་མངོན་ལྐོག་གང་རུང་ནས་ཁོ་ལ་བསྟོད་བསྔགས་ཚད་མེད་བྱེད་ཅིང་། གཡུར་དུ་ཟ་ཞིང་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་འདུག་པ་ལ་རྗེས་སུ་ཡི་རང་གིས་མཐེ་བོང་སྒྲེང་བཞིན་པ་རེད། དཔེར་ན། ཁོས་ལོ་རྒྱུས་རིག་གཞུང་གི་ཆེད་དེབ་བཞི་བརྩམས་འདུག་པ་ལས་གཞན། ད་དུང་«བོད་ལྗོངས་ཞིབ་འཇུག་»སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ་སྣ་ཚོགས་ཀྱི་སྟེང་དུ་ཡང་། སྔ་གཞུག་རིམ་པར།«བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་བརྗོད་ཀྱི་ཁྱད་ཆོས་དང་དེས་ལོ་རྒྱུས་རིག་གཞུང་ཁྲོད་བཟུང་བའི་གོ་གནས་»དང་«དགའ་ལྡན་ཕོ་བྲང་གི་སྲིད་ལུགས་འགྱུར་བའི་བརྟག་ཞིབ» «ཆོས་ལུགས་ལོ་རྒྱུས་ལྟ་བའི་དུས་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་རིག་པའི་སྐོར་གྱི་རིག་གཞུང་རྟོག་ཞིབ» «རྦ་བཞེད་»ཀྱི་དཔར་གཞིའི་སྐོར་དང་དེས་བོད་ཀྱི་ལོ་རྒྱུས་རིག་གཞུང་ལ་ཐེབས་པའི་ཤུགས་རྐྱེན་ལས་འཕྲོས་པའི་གཏམ། «བོད་སིལ་བུའི་དུས་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་རིག་པའི་གནས་སྟངས་སྐོར་གྱི་རིག་གཞུང་རྟོག་ཞིབ» «གནའ་རབས་བོད་ཀྱི་ལོ་རྒྱུས་རིག་གཞུང་དང་ལོ་རྒྱུས་དཔྱད་བརྗོད་ཀྱི་མ་ལག་སྐོར་གླེང་བ»«དེང་རབས་བོད་མིའི་ཤེས་རིག་བསྐྱར་སྐྲུན» «བོད་ཀྱི་བརྡ་རྙིང་ཡིག་ཆའི་མཆན་འགྲེལ་རིག་པའི་་སྐོར་གྱི་ཐོག་མའི་དཔྱད་པ» «ཏུན་ཧོང་བོད་ཡིག་ཡིག་ཚང་ལས་བྱུང་བའི་ནུབ་ལྗོངས་ཡུལ་གྲུ་ཁག་ཅིག་གི་ས་མིང་དཔྱད་འགྲེལ» «གནའ་བོའི་བོད་ཀྱི་བརྡ་རྙིང་ཡིག་ཆ་བསྡུ་ཉར་དང་བོར་སྟོར་བྱུང་བའི་གནས་ཚུལ་གླེང་བ» «དུས་རབས་བརྒྱད་པའི་ཡར་སྔོན་གྱི་ཡར་ཀླུང་སྤུ་རྒྱལ་དང་བོད་གཏོགས་རུས་ཚོ་ཀག་བར་གྱི་འབྲེལ་བའི་སྐོར་གྱི་དཔྱད་ཞིབ» «བོད་བཙན་པོའི་སྐབས་ཀྱི་དམག་སྲིད་སྒྲིག་འཛུགས་རགས་གླེང» «བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ཕྱི་འབྲེལ་རྣམ་པར་བརྟག་ཞིབ་བྱེད་པ» «བརྡ་རྙིང་ཡིག་ཆ་ལས་འཕྲོས་ཏེ་བོད་བཙན་པོའི་དུས་སྐབས་ཀྱི་ཉེས་ཁྲིམས་གྱོད་དོན་ལམ་ལུགས་སྐོར་གླེང་བ» «བོད་བཙན་པོའི་སྐབས་ཀྱི་རྗེ་བློན་གྱི་སྒྲིག་གཞིའི་སྐོར་མདོ་ཙམ་གླེང་བ»«ལི་ཡུལ་དང་འབྲེལ་བའི་གནད་དོན་འགའི་བསྣོན་དཔྱད» «བོད་ཀྱི་བརྡ་རྙིང་ཡིག་ཆ་དག་སྒྲིག་དང་ཞུས་གཏན་བྱེད་ཚུལ་སྐོར་གླེང་བ་»ཞེས་པ་སོགས་ལོ་རྒྱུས་རིག་གཞུང་དཔྱད་རྩོམ་བདུན་ཅུར་ཉེ་བ་ཞིག་བསྟུད་མར་སྤེལ། རིག་གཞུང་དགའ་རྟགས་ཀྱི་ཐད་ནས། ཁོའི་བརྩམས་ཆོས་«བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ཆབ་སྲིད་ལམ་ལུགས་ཞིབ་འཇུག་»དང་«བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ས་མིང་ཞིབ་འཇུག་(རྒྱ་ཡིག)»གི་དཔེ་ཆ་གཉིས་ལ་2011ལོ་དང ་2013ལོར་སོ་སོར་མཚོ་སྔོན་ཞིང་ཆེན་མཚན་ཉིད་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་དཔྱད་འདེམ་ཁྲོད་བྱ་དགའ་ཨང་གཉིས་པ་རེ་ཐོབ་མྱོང་བ་རེད། དེ་མིན་གཞན་ཡང་མདོ་ཁམས་ཡུལ་གྱི་བོད་མིའི་ལོ་རྒྱུས་རིག་གནས་སྐོར་དག་བོད་ཀྱི་ལོ་རྒྱུས་རིག་གཞུང་ཁྲོད་ཧ་ཅང་ཉམས་དམའ་བར་ཡོད་པའི་ཚུལ་ལ་དམིགས་ཏེ། སྤྱི་ལོ་2010ལོར། ཁོས་ཧྲའན་ཞི་དགེ་འོས་སློབ་ཆེན་ནུབ་བྱང་མི་རིགས་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་དང་། ཀྲུང་གོའི་མི་རིགས་ལོ་རྒྱུས་ཀྱི་ཞིབ་འཇུག་པ་གྲགས་ཅན་ཀྲོའུ་ཝེ་ཀྲོ་ལགས་ཆེད་བཙལ་གྱིས་ཞིབ་འཇུག་སྙན་ཞུ་ཞིག་ཕུལ་བ་ལྟར། ཁོང་གི་དགོངས་འཁྲོལ་ལ་བརྟེན་ནས་ལོ་དེར་ཧྲའན་ཞི་དགེ་འོས་སློབ་ཆེན་འཛམ་གླིང་ལོ་རྒྱུས་རིག་ཚན་གྱི་འབུམ་རམས་པ་ཕྱི་ཚར་གྱི་ཞིབ་འཇུག་རྟེན་གཞིར་འབུམ་རམས་ཕྱི་ཚར་བའི་ཞིབ་འཇུག་ལས་གཉེར་ལ་ཕྱིན། སློབ་གྲྭ་དེར་ཡོད་སྒང་དུ་ཁོས་མདོ་ཁམས་བོད་རིགས་ཀྱི་བྱུང་འཕེལ་ལོ་རྒྱུས་སྐོར་ལ་དོ་སྣང་དང་ཞིབ་འཇུག་བྱས་པར་མ་ཟད། མདོ་ཁམས་བོད་ཁུལ་དང་བོད་དབུས་གཙང་བར་གྱི་འབྲེལ་བའི་སྐོར་ལའང་རྒྱུས་ལོན་ཉམས་ཞིབ་བྱས་ཏེ། ད་ལྟ་ད་དུང་མུ་མཐུད་ཞིབ་འཇུག་ལས་གཞི་འདིའི་མཇུག་སྐྱོང་བཞིན་མཆིས།
སྤྱི་ལོ་2011ལོ་ནས་བཟུང་ཁོས་མཚོ་སྔོན་དགེ་འོས་སློབ་ཆེན་མི་གཞུང་སློབ་གླིང་དུ་བོད་ཀྱི་ལོ་རྒྱུས་ཡིག་ཚང་རིག་པའི་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་རྟེན་གཞི་བརྩོན་ལེན་བྱས་ཏེ། དེའི་སྐོར་གྱི་སློབ་མ་མང་དུ་སྐྱེད་སྲིང་བྱས་ཤིང་། བོད་ཀྱི་ལོ་རྒྱུས་ཡིག་ཚང་རིག་པ་དང་ཡིག་ཚང་རིག་པ། བོན་འབྲེལ་ལོ་རྒྱུས་ཡིག་ཚང་། བོད་ཀྱི་ལོ་རྒྱུས་ཆེད་དོན་དབྱེ་ཞིབ། བོད་ཀྱི་ཤེས་རིག་ལོ་རྒྱུས། བོད་ཀྱི་ཡིག་རྙིང་། བོད་ཀྱི་དཀར་ཆག་རིག་པ་དང་པར་གཞི་རིག་པ་སོགས་གཙོར་བཅས་ཀྱིས་སློབ་ཁྲིད་བྱེད་ཀྱིན་ཡོད།
ལོ་ན་གཞོན་པའི་དགེ་རྒན་ཆེན་མོ་རྨེ་རུ་ཡུལ་ལྷ་ཐར་གྱི་མི་ལོ་བཅུ་ལྷག་གི་རིག་གཞུང་མི་ཚེར་ཕྱིར་མིག་ཅིག་འཕངས་ཚེ། ཁོས་དེ་སྔ་ལྗིད་ཏིག་ཏིག་གི་གྲུབ་འབྲས་ཁྱད་དུ་འཕགས་པ་བླངས་འདུག་པ་དེས་ད་རུང་ཁོ་ཡིད་མི་ཚིམས་པར་མུ་མཐུད་དུ་དེ་ལས་ལྷག་པའི་གྲུབ་འབྲས་བརྩོན་ལེན་རྒྱུའི་ཆོད་སེམས་བརྟན་པོ་མཆིས་པ་མཐོང་ལ། ཁོ་རང་གི་བསམ་པར་ཉིད་ཀྱི་རིག་གཞུང་མི་ཚེ་ནི་ད་ལྟ་གཞི་ནས་རྨང་གདན་ཙམ་བཏིང་བའི་ཚོད་རེད་ལ། རང་གི་དམིགས་པ་གཏད་པའི་ཞིབ་འཇུག་ལས་སྒོར་འཛུལ་མ་ཐག་པ་ཞིག་ཀྱང་རེད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།