པེ་ཅིན་དུ་ལོ་བརྒྱད་རིང་བསྡད་པའི་སྐབས་སུ། བསྟན་འཛིན་དབང་ཕྱུག་གིས་ལས་ཀ་སྣ་ཚོགས་སྒྲུབ་མྱོང་ཡོད། མཇུག་མཐར་རིག་གནས་ཁྱབ་སྤེལ་སྤྱི་གཉེར་ཁང་གི་ལས་ཀ་དོར་ནས། ཕྱིར་རང་ཡུལ་དུ་ལོག་སྟེ་ལས་རིགས་གསར་གཏོད་བྱས། བསྟན་འཛིན་དབང་ཕྱུག་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་ཡིན་པ་རེད།
དང་ཐོག་ཕྱིར་ཕ་ཡུལ་དུ་ལོག་མ་ཐག བསྟན་འཛིན་དབང་ཕྱུག་གིས་རིག་གནས་དང་འབྲེལ་བ་ཡོད་པའི་སྐོར་ཞིག་སྒྲུབ་འདོད་པ་ལས་དམིགས་ཡུལ་གསལ་བོ་མེད། ཐེངས་ཤིག་ལ་ཕུ་བོ་བསོད་ནམས་ཀྱིས་ཡུལ་སྐོར་སྣེ་ལེན་ཁང་ཞིག་བཙུགས་ཚེ་མ་དངུལ་གཏོང་འཇོག་བྱེད་མཁན་འདུག་ཅེས་བཤད། ལས་ཀ་དེ་ནི་ཡག་པོ་ཞིག་རེད་འདོད་པས་ཁོང་གིས་ཡུལ་སྐོར་སྣེ་ལེན་ཁང་འཛུགས་རྒྱུ་གཏན་འཁེལ་བྱས།
འོན་ཀྱང་ཐོག་མའི་བསམ་ཚུལ་དེ་ལམ་འགྲོ་ཡག་པོ་མ་བྱུང་བར། མ་དངུལ་གཏོང་འཇོག་མཁན་ཕྱིར་བུད་པས་འགྲོ་སོང་ཐད་དཀའ་ཁག་ཆེན་པོར་འཕྲད་ཕྱིར། བར་སྐབས་ནས་ལས་མཚམས་བཞག རེད་དེ་བསྟན་འཛིན་དབང་ཕྱུག་གིས་གནོན་ཤུགས་ཅི་འདྲ་ཆེ་ནའང་ལས་ཀ་དེ་མ་དོར་བར། མུ་མཐུད་དུ་ཕུ་བོ་བསོད་ནམས་དང་མཉམ་དུ་ཕྱོགས་སོ་སོ་ནས་མ་དངུལ་བསྡུས་པ་རེད།
འགྲོ་སོང་གྲོན་ཆུང་བྱེད་ཆེད། ཐེངས་གཉིས་པར་འཛུགས་སྐྲུན་བྱེད་མགོ་བརྩམས་དུས། ལག་རྩལ་ལ་བརྟེན་དགོས་པའི་ལས་ཀ་མ་གཏོགས་གཞན་ཚང་མ་རང་ཉིད་ཀྱིས་ངལ་རྩོལ་བྱས་ཏེ་སྒྲུབ། དེ་ལྟར་ལོ་གཉིས་ལྷག་ལ་དཀའ་སྡུག་འབད་བརྩོན་བྱས་མཐར། ཉིས་སྟོང་བཅུ་བཞི་ལོའི་ཟླ་ལྔ་བར་ཡུལ་སྐོར་སྣེ་ལེན་ཁང་དེ་ལེགས་འགྲུབ་བྱུང་བ་རེད།
མ་དངུལ་གཏོང་འཇོག་མཁན་ཕྱིར་བུད་ནའང་བསྟན་འཛིན་དབང་ཕྱུག་གིས་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་ཕུགས་འདུན་མངོན་འགྱུར་བྱུང་། ཁོང་གཉིས་ཀྱིས་བཙུགས་པའི“ཕུགས་འདུན་གྱི་གཞི་ས”ཞེས་པ་དེ་མཇུག་མཐར་ན་གཞོན་ཡུལ་སྐོར་སྣེ་ལེན་ཁང་ཁོ་ན་ཞིག་མ་ཡིན་པར། དེ་ནི་བཟའ་བཏུང་དང་མགྲོན་ཁང་། སློབ་གསོ། བཟོ་རྩལ། དཔེ་ཀློག་བཅས་མཉམ་དུ་འདུས་པའི་རིག་གནས་ཁྱབ་སྤེལ་སྤྱི་གཉེར་ཁང་ཞིག་ཏུ་གྱུར་བ་རེད།
“ཕུགས་འདུན་གྱི་གཞི་ས”ཞེས་པ་ནས་ཁོ་ཚོས་ད་དུང་སྤྱི་ཕན་རང་བཞིན་གྱི་འཆད་ཁྲིད་ཀྱང་གཉེར་བཞིན་ཡོད། སྤྱི་གཉེར་ཁང་དེས་དམངས་སྲོལ་རིག་གནས་སྐོར་གྱི་ཆེད་ལས་མཁས་པ་དང་སློབ་གྲྭ་གྲགས་ཅན་གྱི་འབུམ་རམས་པ་སོགས་གནས་དེར་གདན་འདྲེན་བྱས་ནས་རིག་གཞུང་བགྲོ་གླེང་བྱས་པ་རེད།
“ཕུགས་འདུན་གྱི་གཞི་སའི”དཔེ་ཁང་ནང་བཤམས་པའི་ལག་ཤེས་སྒྱུ་རྩལ་ཐོན་རྫས་ཡོད་ཚད་ས་གནས་དེ་གའི་ལག་ཤེས་པས་བཟོས་པ་ཡིན་པས། དེ་ཡིས་སྲོལ་རྒྱུན་ལག་ཤེས་བཟོ་ལས་ལ་སྲུང་སྐྱོང་ཐོབ་ཡོད་པ་མ་ཟད། ད་དུང་ཡུལ་སྐོར་ཐོན་རྫས་ཀྱི་ཚོང་རའང་ཕུན་སུམ་ཚོགས་པར་བཏང་ཡོད།
གཞན་ད་དུང་བསྟན་འཛིན་དབང་ཕྱུག་གིས་སྤྱི་ཕན་བྱ་གཞག་ཐད་ལའང་འབད་བརྩོན་བྱེད་བཞིན་ཡོད། ཁོང་གིས། “གལ་སྲིད་ནང་ལོག་ས་ཁུལ་གྱི་ཁེ་ལས་སམ་ཡང་ན་སྦྱིན་བདག་སོགས་ཀྱིས་ཡུལ་ཕྱོགས་འདིའི་མང་ཚོགས་དབུལ་བོ་དག་ལ་རོགས་སྐྱོར་བྱེད་འདོད་ཡོད་ན། ང་ཚོས་ཁེ་ལས་དང་སྦྱིན་བདག་དེ་དག་ལ་རོགས་བྱས་ནས་གནས་ཚུལ་ཞིབ་བཤེར་དང་ལག་བསྟར་བྱེད་རོགས་བྱས་པ་ཡིན”ཞེས་བཤད། ཁོང་གིས་བཙུགས་པའི་སློབ་གསོ་སྡེ་ཁག་གིས་ཀྱང་ཁྱིམ་ཚང་དཀའ་ངལ་ཅན་གྱི་བྱིས་པ་སྐོར་ཞིག་བསྡུས་ནས་རིན་མེད་དུ་སློབ་ཁྲིད་བྱེད་བཞིན་ཡོད་པ་རེད།
བསྟན་འཛིན་དབྱང་ཕྱུག་གིས། “ད་ལྟ་རང་ཉིད་ཀྱིས་སྒྲུབ་འདོད་པའི་བྱ་བ་སྒྲུབ་བཞིན་ཡོད། སྔོན་ཆད་འབད་བརྩོན་ཆུང་ཆུང་ཞིག་ལ་བརྟེན་ནས་སྒོར་མོ་མང་པོ་བཙལ་འདོད་པ་རེད། ད་ལྟ་སྒོར་མོ་ཁོ་ནས་ཆེད་དུ་ལས་ཀ་སྒྲུབ་བཞིན་མེད”ཅེས་བཤད་པ་རེད།
ལོ་གཅིག་གི་རིང་དུ་སྤྱི་གཉེར་ཁང་དེ་གཉེར་རྗེས། “ཕུགས་འདུན་གྱི་གཞི་ས”ལ་རེབ་གོང་ས་ཁུལ་ནས་ཅུང་སྐད་གྲགས་ཡོད་པར་གྱུར། སྤྱི་གཉེར་ཁང་དེས་བསྟན་འཛིན་དབང་ཕྱུག་དང་འདྲ་བར་བསམ་ཕོད་སྒྲུབ་ཕོད་པའི་ན་གཞོན་སྐོར་ཞིག་ཡིད་འགུག་བྱས་ཏེ། མི་རིགས་རིག་གནས་ཀྱི་རྨང་སྟུག་པའི་གསེར་མོའི་ལྗོངས་ནས་བོད་ཀྱི་རིག་གནས་བརྒྱུད་བསྒྲགས་དང་དོན་སྙིང་ལྡན་པའི་བྱ་བ་བཟང་པོ་སྒྲུབ་བཞིན་ཡོད་པ་རེད།
“སྤྱི་གཉེར་ཁང་དེ་ནི་རང་ཉིད་ཀྱི་བྱིས་པ་ཞིག་དང་འདྲ་བར། ང་དང་ཕུ་བོ་གཉིས་ཀྱིས་སེམས་གཟབ་ནན་མོས་གསོ་སྐྱོང་བྱས་ཏེ། རིམ་བཞིན་རང་ཉིད་ཀྱི་ཐོག་མའི་བསམ་ཚུལ་ལྟར་འགྲུབ་པ་རེད”ཅེས་བསྟན་འཛིན་དབང་ཕྱུག་གིས་དེ་ལྟར་བཤད། ད་ལོར། ཁོ་ཚོས་མུ་མཐུད་དུ་བཟོ་རྩལ་དང་སློབ་གསོའི་ལས་དོན་རྒྱ་བསྐྱེད་བཏང་ནས། དབང་བོ་སྐྱོན་ཅན་དང་དྭ་ཕྲུག་སྐོར་ཞིག་གི་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་དུ་བགྲོད་རྩིས་ཡོད།
“ད་ལྟ་ང་ཚོས་ཕུགས་འདུན་གྱི་ཕྱེད་ཀ་ཙམ་འགྲུབ་ཡོད། ད་དུང་མུ་མཐུད་དུ་འབད་བརྩོན་བྱེད་དགོས” ཞེས་ཁོ་རང་དགོད་བཞིན་དུ་དེ་ལྟར་བཤད།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།