གྲོང་ཁྱེར་གྱི་འཚོ་བ་གསར་བ།
2017.01.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 46

དགུན་ཁའི་གྲང་ངར་ཁྲོད་དུ་གྲོང་ཁྱེར་གྱི་སྲང་ལམ་དུ་སོང་ན་གྲང་རླུང་གིས་ཁ་ངོ་འཕྱིད་པར་བྱེད་ངེས་པས། ལོ་རྒྱུན་དུ་དགུན་གྱི་དུས་ཚིགས་ཐོན་པ་དང་བསྟུན་ནས་དྲོད་སྐྱིད་ཀྱི་དགུན་དུས་ཤིག་རོལ་ཐུབ་མིན་དེ་ས་དེའི་འབྲོག་པ་མང་ཚོགས་ལ་ཐུག་པའི་དཀའ་ཁག་ཆེན་པོ་ཞིག་ཡིན་མོད། འོན་ཀྱང་ད་ལྟ་ལིས་ཅིན་སྡོད་ཁུལ་ཆུང་བའི་ནང་བསྡད་ཡོད་པའི་ལྷ་མོ་འཚོ་ཚང་ལ་མཚོན་ན་དེ་ལྟ་བུ་ཞིག་གཏན་ནས་མིན།

ཉེ་སྔོན་གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཐོག་དུ་བསྡད་ཡོད་པའི་ལྷ་མོ་འཚོའི་ཁྱིམ་དུ་སོང་པ་དང་། ས་དེའི་མཐོ་སྒང་གི་ནམ་ཟླ་ཧ་ཅང་གྲང་ངར་ཆེ་ནའང་ལྷ་མོ་འཚོའི་ཁྱིམ་ལ་སྤྲོ་སྐྱིད་དང་དྲོད་ཁོལ་ཀྱིས་ཁེངས་ཡོད། མུས་གྲུ་བཞི་མ་ལྔ་བཅུ་ཙམ་ལས་མེད་པའི་ཁང་བའི་ནང་དུ་སྣོད་ཅ་ལག་རེ་རེ་གཙང་ཞིང་གྲལ་དག་པ་ཞིག་སྒྲིག་ཡོད་པ་དང་ལྷ་མོ་མཚོ་ཡིས་རང་ཁྱིམ་ཇེ་ཡག་ཏུ་གཏོང་ཆེད་ད་དུང་གྱང་ངོས་སུ་འདྲ་པར་སྣ་ཚོགས་ཡང་བཀལ་ཡོད།

འདི་ལྟ་བུའི་ཁང་བ་བཟང་བོའི་ནང་སྡོད་ཐུབ་པ་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བའི་བཀའ་དྲིན་རེད། ལྷ་མོ་འཚོའི་ཁྱིམ་ཚང་སྔོན་ཆད་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཆུ་ཁོལ་ཞང་སྐ་ཁོག་སྡེ་བའི་ཡིན་ལ། ཉེ་བའི་ལོ་འགའི་སྔོན་ལ་ལོ་བདུན་བཅུ་ལྷག་ལ་བུད་པའི་ཨ་ཕ་སྨན་པར་སྟོན་ཆེད་ཁྱིམ་མི་བདུན་པོ་ཞིན་ཧེ་རྫོང་ཐོག་དུ་ཡོང་ནས་གནས་སྐབས་སུ་མོའི་ཨ་ནེའི་ཁྱིམ་དུ་བསྡད་པ་ཡིན།

 2015ལོར་དབང་བོར་ཅུང་ཙམ་སྐྱོན་ཡོད་པའི་ལྷ་མོ་འཚོའི་སྐྱེས་པ་ཚེ་ལས་འདས་པ་དང་བསྟུན་ཁྱིམ་ཚང་གི་འཚོ་བའི་ཁག་ཁུར་མོ་གཅིག་པུའི་ཕྲག་སྟེང་དུ་བབས་པ་དང་། ཨ་ནེའི་ཁྱིམ་ནས་ཁོ་ཚོ་གནས་སྤར་རྗེས། ལྷ་མོ་འཚོས་གནས་ངེས་མེད་དུ་ལས་ཀ་བཙལ་ནས་འཚོ་བ་རོལ་ཐབས་བྱས་པ་དང་། ཁོ་མོའི་ཆེས་ཆེ་བའི་མདུན་པ་ནི་ཕ་མ་གཉིས་དང་བུ་ཕྲུག་ལ་ཆ་རྐྱེན་ཅུང་བཟང་བའི་ཁང་བ་ཞིག་བཙལ་རྒྱུ་དེ་ཡིན་པས་དེ་ལྟར་ཁོ་མོ་རྫོང་ཐོག་ནས་ཡར་མར་ལ་སོང་སྟེ་འདུག་ཁང་ཐད་ཀྱི་གནས་ཚུལ་རྩད་བཅད་དུས་ས་དེའི་དབུལ་ཕོངས་འབྲོག་པས་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཡར་ཞུ་བྱས་ཆོག་པ་ཤེས། སྲིད་ཇུས་དེ་ནི་ལྷ་མོ་འཚོ་ལ་མཚོན་ན་འདོད་ཐོག་ཏུ་རྟ་རྒྱུགས་པ་ལྟ་བུ་ཞིག་རེད།

2015ལོའི་ཟླ་བདུན་པར། སྲིད་གཞུང་གི་རོགས་སྐྱོར་འོག་ལྷ་མོ་འཚོ་ཁྱིམ་མི་གང་བོ་བདེ་བླག་ངང་སྡོད་ཁང་གསར་བའི་ནང་དུ་གནས་སྤར་བ་དང་། ལོ་ལོན་སྨན་པར་སྟོན་པར་སྟབས་བདེ་བར་མ་ཟད། བྱིས་པ་སློབ་གྲྭར་འགྲོ་ནའང་དུས་ཚོད་སྐར་མ་བཅུ་མ་གཏོགས་མི་དགོས་ལ། རྒྱལ་ཁབ་ཀྱི་སྲིད་ཇུས་ལྟར་ན་འདི་ལྟ་བུའི་ཁང་བ་ལ་ལོ་རེར་ཁང་གླ་སྒོར་མོ་སྟོང་གཅིག་དང་ལྔ་བརྒྱ་ཡས་མས་ཡིན་ཡང་། ཁྱིམ་ཚང་ཆེས་དཀའ་ཁག་ཅན་ཏེ་ལྷ་མོ་འཚོ་ཚང་ལྟ་བུ་ཞིག་ལ་མཚོན་ན་སྡོད་ཁང་ཡར་ཞུ་བྱས་རྗེས། སྲིད་གཞུང་གིས་གནས་ཚུལ་དངོས་ལྟར་ཁོ་ཚོའི་ཁང་གླ་མེད་པར་བཏང་བ་ཡིན།

ལྷ་མོ་འཚོ་ཡིད་འགུལ་ཐེབས་པའི་ངང་ནས་ཉེ་སྔོན་ང་ལ་སྡོད་ཁུལ་དོ་དམ་ཀུང་ཟིས་ངེད་ཚང་ལ་གཞིས་ཁུལ་དོ་དམ་གྲོན་དངུལ་མེད་པར་བཏང་ཡོད་ཟེར་བའི་བརྡ་སྦྱོར་འབྱོར་པས་ད་ནས་བཟུང་ངས་ཆུ་དང་གློག དྲོད་རླངས་བཅས་ཀྱི་འགྲོ་གྲོན་མ་གཏོགས་གཏང་མི་དགོས་ཟེར །
དེང་སྐབས་ཀྱི་སྡོད་ཁང་གསར་བའི་སྐོར་ནས་འབོལ་ཁྲིའི་སྟེང་བསྡད་ཡོད་པའི་རྒན་པོ་དོན་བྷོས་དེ་མ་ཐག་མཐེ་བོང་བསྒྲེངས་ནས་བཤད་རྒྱུར། ངས་ཏང་དང་སྲིད་གཞུང་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བཞིན་ཡོད། འདི་ལྟ་བུའི་ཁང་བ་སྐྱིད་པོ་ཞིག་ཏུ་འདུག་ཐུབ་པར་ལྷག་བསམ་རྣམ་དག་གིས་དགའ་སྤྲོ་སྐྱེ་བཞིན་ཡོད། བཀའ་དྲིན་ཆེ་ཟེར།

མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཨོའུ་ལིས་ཧོང་གིས་མཚམས་སྦྱོར་བྱས་པ་ལྟར་ན། 2014ལོར་ང་ཚོས་ཞིན་ཧེ་རྫོང་ཡོངས་སུ་རྟོག་དཔྱོད་ཞིབ་འཇུག་བྱས་མཐར། གྲོང་ཁྱེར་དུ་བསྡད་ཡོད་པའི་འབྲོག་པ་མང་ཚོགས་མང་ཆེ་བས་གླས་པའི་སྡོད་ཁང་ནི་ལྕགས་ཁང་ལ་སོགས་བདེ་འཇགས་ཐད་ནས་ཉེན་ཁ་ཚབས་ཆེན་ཡོད་པ་དག་དག་ཡིན་ལ་། དོན་དངོས་དེར་དམིགས་ནས་ང་ཚོས་མཁར་གྲོང་དུ་ཡོང་པའི་འབྲོག་པ་མང་ཚོགས་ཀྱི་སྡོད་ཁང་དཀའ་ཁག་དང་། འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་ཟུང་འབྲེལ་བྱས་ཏེ། སྔར་ལས་མང་བའི་མང་ཚོགས་ཁང་བ་བཟང་བོ་ནང་འདུག་ཐུབ་པར་བྱེད་པ་དང་འཚོ་བ་ཇེ་རྒྱས་སུ་གཏོང་བཞིན་ཡོད་ཟེར།

2015ལོར་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུ་ཡིས་མཁར་གྲོང་གི་ཁྱིམ་ཐོ་བཅོས་སྒྱུར་སྲོལ་ཡིག་གཞིར་བཟུང་ནས་བྱ་བའི་བྱེད་ཐབས་གསར་གཏོད་བྱས་པ་དང་། མཁར་གྲོང་དུ་ཡོང་བའི་རྩྭ་ཆུར་སྙེག་ནས་ཕྱུགས་འཚོས་པའི་འབྲོག་པ་མཁར་གྲོང་གི་འགན་སྲུང་རང་བཞིན་གྱི་སྡོད་ཁང་ནང་བཞག་སྟེ། སྔོན་ལ་ལོ་ལོན་ལུས་སྟོབས་ཞན་པ་དང་ནད་པ། དབང་བོ་སྐྱོན་ཅན་བཅས་དང་ཆེས་དབུལ་ཕོངས་ཀྱི་ཁྱིམ་ཚང་དམིགས་སུ་བཀར་ནས་བཀོད་སྒྲིག་བྱས་པ་ཡིན་ཞིང་། ད་ལྟའི་བར་དུ་ཆུ་ཁོལ་ཞང་དང་ཆུ་སྔོན་གྲོང་རྡལ། ཧོལ་ཁ་གྲོང་རྡལ་བཅས་ཀྱི་རྩྭ་ཆུར་སྙེག་ནས་ཕྱུགས་འཚོ་བའི་འབྲོག་པ་མང་ཚོགས་འགན་སྲུང་རང་བཞིན་གྱི་སྡོད་ཁང་སྟོང་ལྔ་དང་དགུ་བརྒྱ་གོ་དྲུག་ནང་གནས་སྤར་བ་དང་། གཞིས་ཆགས་ཚད་བརྒྱ་ཆའི་གོ་དྲུག་ལ་སླེབས་ཡོད།

ད་ལྟ་ལིས་ཅིན་སྡོད་ཁུལ་ཆུང་བའི་ནང་བསྡད་ཡོད་པའི་ལྷ་མོ་འཚོ་ལྟ་བུའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་དུ་བསྡད་ཡོད་པ་ཧ་ཅང་མང་ལ། འདི་ལས་ཁོ་ཚོའི་སྡོད་ཁང་གནད་དོན་ཐག་བཅད་པ་ཁོ་ན་ཙམ་ཞིག་མིན་པར་འཚོ་བ་རོལ་སྟངས་ལའང་སྔར་ལས་ལྷག་པའི་འགྱུར་ལྡོག་བྱུང་སྟེ། སོལ་རླངས་ཀྱི་ཐབ་ཀ་དང་གློག་ཐབ་གློག་ཆས་ཀྱི་ཐོན་རྫས་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དང་། དང་ཐོག་མཁར་གྲོང་གི་འཚོ་བར་དེ་འདྲའི་མི་གོམས་པའི་འབྲོག་པ་མང་ཚོགས་ད་ལྟ་སྡོད་ཁུལ་གྱི་བདག་པོར་གྱུར་ཡོད་པས། སྔར་ལས་མང་བའི་རྩྭ་ཆུར་སྙེག་ནས་ཕྱུགས་འཚོ་བའི་འབྲོག་པ་མཁར་གྲོང་གི་སྡོད་དམངས་གསར་བར་གྱུར་ཏེ་ཁོ་ཚོས་ངེས་པ་དོན་གྱིས་གྲོང་ཁྱེར་གྱི་འཚོ་བ་རོལ་བཞིན་ཡོད།
 

ལོ་ཙཱ། བསོད་ནམས་ལྷ་མོ།