མཚོ་སྔོན་བོད་སྨན་ཁང་གི་ཆེད་མཁས་པ་གནམ་ལྷ་མཁར་གྱི་གནས་ཚུལ་རགས་བཀོད་པ།
2017.01.11 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 52

མཚོ་སྔོན་བོད་སྨན་ཁང་གི་ཕོ་རྒྱུ་ཚན་ཁག་གི་སྨན་པ་ཆེད་མཁས་གནམ་ལྷ་མཁར་ནི་དུ་སྤྲིན་མེད་པའི་གཡུལ་སའི་སྟེང་གི་ནད་གདོན་ལ་འཐབ་མཁན་གྱི་དཔའ་བོ་དང་། སྡུག་བསྔལ་གྱི་འདམ་ལ་ལྷུང་བའི་ཚེ་སྲོག་མང་པོར་རེ་བའི་འོད་སྣང་སྦྱིན་མཁན་ཞིག་ཡིན།  1988ལོར་བོད་ལྗོངས་བོད་སྨན་ཆེད་ལས་སློབ་གྲྭ་ནས་མཐར་ཕྱིན་རྗེས་མཚོ་སྔོན་བོད་སྨན་ཁང་དུ་སྨན་པའི་ལས་ཀ་གཉེར་བའི་ལོ་ངོ་ཉེར་བརྒྱད་ཀྱི་རིང་ལ། ཁོས་ནད་པ་ཚང་མ་རང་ཉིད་ཀྱི་གཉེན་ཉེ་དང་གྲོགས་པོའི་ཚུལ་དུ་བཟུང་ནས་བཅོས་མིན་སེམས་ཀྱིས་ཁོ་ཚོར་ནད་བཅོས་བྱས་ཤིང་། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་སྨན་བཅོས་མི་སྣ་ཞིག་གི་བརྩེ་བ་ཡོད་ཚད་ནད་པའི་སེམས་ཁོང་དུ་སྐྱེལ་ཅི་ཐུབ་བྱས་པས། གོང་མགོ་ཁྲིད་ཀྱི་བསྟོད་བསྔགས་དང་འོག་མང་ཚོགས་ཀྱི་བརྩི་བཀུར་ཚད་མེད་ཐོབ་ཡོད་ལ། ཁོས་བོད་ཀྱི་གསོ་བ་རིག་པའི་ལས་དོན་ཐད་བཞག་པའི་བྱས་རྗེས་ཀྱང་ཀུན་གྱི་མིག་མཐོང་ལག་ཟིན་དུ་གྱུར་ཡོད་པས། ཁོའི་ཕུལ་དུ་བྱུང་བའི་སྨན་བཅོས་ལག་རྩལ་དང་བླ་ན་མེད་པའི་མི་གཤིས་ལ་རྗེས་སུ་ཡི་རང་ཞུ་འདོད་པ་ནི་ཐེངས་འདིར་མཚོ་སྔོན་བོད་ཡིག་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པས་བཅར་འདྲི་བྱེད་པའི་དོན་གྱི་ཉིང་དགོས་ཡིན།
གནམ་ངོ་ཧ་ཅང་དྭངས་པའི་ཉིན་ཞིག་ལ་གསར་འགོད་པ་གཞུང་ལས་ཁང་ནས་ལམ་ལ་ཆས་ཏེ་ཆེད་དུ་མཚོ་སྔོན་བོད་སྨན་ཁང་ལ་ཁོར་བཅར་འདྲི་བྱེད་དུ་སོང་པ་ཡིན་མོད། འོན་ཀྱང་སྨན་ཁང་དུ་སླེབས་པ་ན། ཁོའི་གཞུང་ལས་ཁང་ཡོད་སའི་བཞི་ཐོག་གི་ཁྱམས་ར་ནས་གཞུང་ལས་ཁང་གི་ནང་བར་ཕྱི་སྐོར་ནང་སྐོར་བྱས་ཡོད་པའི་ནད་པ་མང་པོ་མཐོང་རྗེས་གསར་འགོད་པ་ཧ་ལས་པར་གྱུར།

དེ་རིང་སྔ་དྲོའི་ཆུ་ཚོད་ཀྱང་འདི་ལྟར་ཆུད་ཟོས་སུ་བཏང་སོང་བ་ལས་བཅར་འདྲི་ཞིག་བྱེད་ག་ལ་ཐུབ་སྙམ་ཞོར་ནད་པ་མང་པོའི་གྲས་སུ་བཙངས་ཏེ་ཁོའི་ཉེ་སར་བཅར་ཅིང་། གང་ལྟར་འདི་རུ་སླེབས་ཟིན་པས་རྗེས་མར་བཅར་འདྲི་ཞུ་བའི་དུས་ཚོད་ཅིག་ཁ་ཆད་འཇོག་དགོས་བསམ་མོད། འོན་ཀྱང་ནད་པ་གཅིག་འཕྲོར་གཅིག་མཐུད་ཅིང་ཁོས་ཀྱང་ནན་ཏན་གྱིས་རེ་རེའི་རྩ་ལ་བརྟག་པ་དང་ཁྲག་ཤེད་འཇལ་བ། སྨན་སྟེར་བ་སོགས་ཀྱི་ལས་ལ་བྲེལ་ཏེ་ང་ལ་སྐད་ཆ་ཚིག་གཅིག་བཤད་པའི་གོ་སྐབས་ཀྱང་མ་བྱིན། དེ་བས་ངས་ཀྱང་ཁོའི་བྲེལ་འཚུབ་ཀྱིས་ཁེངས་པའི་ཚུལ་ལ་ལྟ་བཞིན་ལས་མཚམས་འཇོག་རག་བར་དུ་བསྒུག་རྒྱུའི་སེམས་ཐག་བཅད་པ་ཡིན། ཉིན་གུང་གི་ངལ་གསོའི་དུས་ཚོད་ཐོན་ནའང་ཁོའི་མཐའ་རུ་བསྐོར་བའི་ནད་པ་ཇེ་མང་ནས་ཇེ་མང་ཡིན་པའི་ཚོར་སྣང་ཞིག་བྱུང་བས། གསར་འགོད་པ་ཅུང་ཙམ་བྲེལ་བ་ལངས་ནའང་མུ་མཐུད་དུ་མི་བསྒུགས་ཐབས་མེད་བྱུང་། དུས་ཚོད་རིམ་གྱིས་ཕར་འདས་ཏེ་ཕྱི་དྲོའི་ལས་ཚོགས་སླར་ཡང་ཚོགས་ལ་ཉེ་བའི་སྐབས་སུ་ཁོས་ད་གཟོད་ཉིན་དེའི་ཆེས་མཇུག་མཐའི་ནད་པར་བརྟག་དཔྱད་བྱས་ཚར་བས། སྨན་པའི་ལྭ་བ་ཕུད་དེ་གུང་ཇ་འཐུང་དུ་འགྲོ་རྩིས་བྱས། རེད་ཡ། ཁོ་ལ་མཚོན་ན་ངལ་གསོ་བའི་དུས་ཚོད་མེད་པ་དང་དུས་ལྟར་དུ་ཟ་མ་བཟའ་མི་ཐུབ་པ་ནི་ཧ་ཅང་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད། ཁོས་དེ་ལྟར་རང་ཉིད་ཀྱི་འགན་འཁྲིའི་འདུ་ཤེས་དྲག་པོ་དང་ལས་རིགས་ཀྱི་ཀུན་སྤྱོད་བཟང་པོར་བརྟེན་ནས་ནད་བཅོས་བྱས་ཏེ་ནད་པའི་སྡུག་བསྔལ་སེལ་ཅི་ཐུབ་བྱེད་ཀྱིན་ཡོད།

གནམ་ལྷ་མཁར་ལགས་ཀྱི་བཤུལ་ལམ་ལ་ཕྱི་མིག་ཅིག་བལྟས་ན། སྔོན་བསགས་ཀྱི་བསོད་ནམས་དང་བག་ཆགས་བཟང་པོས་བོད་ཀྱི་རིག་གནས་འདི་སློབ་འདོད་ཀྱི་འདུན་པ་འགོག་མེད་དུ་སྐྱེས་པས་ཁོ་རང་ཆུང་དུས་ནས་མདོ་སྨད་ཀྱི་གདན་ས་ཆེན་པོ་རོང་བོ་དགོན་ཆེན་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་དུ་དཀའ་སྤྱད་ཀྱི་འཚོ་བར་བརྟེན་ནས་ལོ་ངོ་དྲུག་རིང་ལ་མདོ་སྔགས་བསྟན་པའི་བདག་པོ་མཁས་བཙུན་ལུང་རིགས་རྒྱ་མཚོ་དང་། དགེ་བའི་བཤེས་གཉེན་དམ་པ་དགེ་འདུན་ཆོས་འཕེལ། དཔལ་རིགས་སྨྲའི་ཁྱུ་མཆོག་དགེ་འདུན་ཕུན་ཚོགས་སོགས་ལས་ཉིན་མཚན་དབྱེར་མེད་ཀྱིས་རྣམ་འགྲེལ་གྱི་གཞུང་དང་བློ་རིགས་རྟགས་རིགས། གྲུབ་མཐའི་རྣམ་གཞག དོན་བདུན་ཅུ། ཕར་ཕྱིན། ལམ་རིམ་ཆེ་ཆུང་། རྟེན་འབྲེལ་བསྟོད་པ་སོགས་ཚད་མ་རིག་པ་དང་ནང་དོན་རིག་པ་སྤྱི་ལ་སློབ་གཉེར་དང་དབང་ལུང་མན་ངག་མང་པོར་གསན། དེའི་རྗེས་ནས་སྔ་གཞུག་ཏུ་བོད་ལྗོངས་གསོ་རིག་སློབ་གླིང་དང་མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་དུ་སོང་སྟེ། དགེ་བའི་བཤེས་གཉེན་མཁས་དབང་བྱམས་པ་འཕྲིན་ལས་དང་ཁྲོ་རུ་ཚེ་རྣམ། ཚུལ་ཁྲིམས་རྒྱལ་མཚན་རྣམས་ཀྱི་མདུན་སར་དཔལ་ལྡན་རྒྱུད་བཞི་དང་གཡུ་ཐོག་སྙིང་ཐིག མན་ངག་ལྷན་ཐབས། མན་ངག་བཀའ་བརྒྱ་མ་སོགས་ཀྱི་དབང་ལུང་མན་ངག་གི་གདམས་པ་སྐོམ་པའི་ཆུ་འདོད་ལྟར་གསན། རྒྱུ་དུས་བརྩོན་པ་མ་བཏང་ན། །འབྲས་དུས་ཡོན་ཏན་ཐམས་ཅད་སྐྱེ། ། རྩ་བ་བརླན་དང་མ་བྲལ་ན། །རྩེ་མོ་ལོ་འབྲས་སྨིན་པར་འགྱུར། །ཞེས་པ་བཞིན་ཁོས་ལོ་ངོ་མང་པོར་དཀའ་སྤྱད་སྡུག་རུས་ཀྱིས་སློབ་གཉེར་བྱས་པའི་འབྲས་རྟགས་སུ་ཁོ་ལ་གཞན་ལས་འཕགས་པའི་ཡོན་ཏན་ཁྱད་པར་བ་ཞིག་དང་། སྨན་པའི་ཀུན་སྤྱོད་གཙང་མ་ཞིག ནད་ཐོག་ལག་རྩལ་ཕུལ་དུ་བྱུང་བ་ཞིག་འཛོམས་པས་མཚོ་སྔོན་ཞིང་ཆེན་གྱི་སྨན་པ་མིང་གྲགས་ཅན་དུ་གྱུར་ཡོད་ལ། ཁོའི་ཕུལ་དུ་བྱུང་བའི་ལག་རྩལ་དེ་ནི་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་ནན་ཏན་བྱས་པའི་རྨང་གཞིའི་སྟེང་ནད་ཐོག་ལག་ལེན་གྱི་ཉམས་མྱོང་ལས་ཐོབ་པ་ནི་སྨོས་མ་དགོས་པ་ཞིག་རེད།

ཁོས་བློ་གཅིག་སེམས་གཅིག་གིས་ནད་པར་ཞབས་ཞུ་སྒྲུབ་ཞོར། དུས་ཚོད་སྤྱོད་མཁས་ཀྱིས་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་ཐད་བརྩོན་པ་ཆུ་བོའི་རྒྱུན་བཞིན་བརྟེན་པས། ནད་ཐོག་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཞིག་འཛོམས་ཡོད། འཇུ་བྱེད་མ་ལག་གི་ནད་རིགས་སྣ་ཚོགས་དང་། ནང་སྒོས་སུ་ཕོ་འབྲས་དང་རྒྱུ་སོར་བཅུ་གཉིས་རལ་ཟགས། ཕོ་རུབ། ཕོ་ཟགས་རྒྱུའི་སྐྲན། མཆིན་པའི་འབྲས་སྐྲན། མཆིན་པ་སྲ་འགྱུར་སོགས་ཀྱི་ཐད་ཁོ་རང་ཉིད་ལ་ཐུན་མོང་མ་ཡིན་པའི་གསོ་བཅོས་བྱེད་ཐབས་ཤིག་ཡོད་པས་ཕན་ནུས་རྒྱ་ཆེན་པོ་ཐོན་ཏེ། ཕོ་མཆིན་རིགས་ཀྱི་ནད་པ་མང་པོར་ཕན་ནུས་ལེགས་པོ་ཐོབ་པས། རིམ་གྱིས་ཁོའི་མཚན་སྙན་གྲགས་བོད་ཁམས་མ་ཟད་རྒྱལ་ཁབ་ཕྱི་རུ་ཡང་ཧ་ཅང་གྲགས་ཆེ་བར་གྱུར། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། ། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །ཞེས་པ་ལྟར། ཐག་རིང་ཡུལ་ནས་ཁོའི་སྙན་གྲགས་བསམས་ནས་ཡོང་བའི་ནད་པ་སྔར་ལས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཁོས་ཀྱང་ནད་པ་རེ་རེར་ལྟ་རེག་དྲི་གསུམ་གྱི་སྒོ་ནས་བརྟག་དཔྱད་དང་གསོ་བཅོས་བྱེད་པ་དང་།
ལོ་རེར་ཉུང་མཐར་ཡང་ནད་པ་ཆིག་ཁྲི་ལྷག་ལ་གསོ་བཅོས་བྱེད་ཀྱིན་ཡོད་པས་ད་ལྟའི་བར་ནད་པ་ཁྲི་ཉི་ཤུག་ལྷག་ལ་གསོ་བཅོས་བྱས་ཡོད། དེའི་ཞོར་དུ་ཁོས་ད་རུང་ཀྲུང་ལུགས་གསོ་རིག་དང་དེང་རབས་ནུབ་ལུགས་གསོ་རིག་གི་གཞུང་ལུགས་ཤེས་བྱར་སྦྱོང་བ་མཐར་ཕྱིན་བྱས་པས།

2002ལོར་མཚོ་སྔོན་ཞིང་ཆེན་གྱི་སྨན་པ་མིང་གྲགས་ཅན་གྱི་མཚན་སྙན་ཐོབ་པ་དང་། 2014ལོར་རྒྱལ་ཁབ་རིམ་པའི་ཆེད་མཁས་པ་རྒྱལ་ཡོངས་ཀྲུང་ལུགས(བོད་ལུགས)གསོ་རིག་གི་སྨན་པ་བགྲེས་རབས་མིང་གྲགས་ཅན་གྱི་ཕྱག་རྒྱུན་བརྒྱུད་སྤེལ་ཆེད་མཁས་པའི་ཐོབ་ཐང་བླངས། ལོ་མང་པོར་ནད་ཐོག་ལག་ལེན་དང་རིགས་པའི་གཞུང་ལུགས་ལ་ཉམས་ཞིབ་གང་མང་མཛད་པས་རྒྱལ་ནང་དང་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་རིག་གཞུང་བགྲོ་གླེང་གང་མང་སྟེང་ཞུགས་ཏེ་དཔྱད་རྩོམ་སྒྲོག་སྦྱང་བྱས། ཁོ་རང་ཨ་མེ་རི་ཁ་དང་ཨུ་རུ་སུ། འབྲུག་ཡུལ་སོགས་ཀྱི་གསོ་རིག་སློབ་གླིང་ཁག་གི་གདན་ཞུས་ལྟར་དེ་གའི་ཕྱི་གླིང་པར་བོད་ཀྱི་གསོ་རིག་འཆད་ཁྲིད་དང་སྡོད་བརྟག་མཛད་སྒོ་སྤེལ་བས། ཕྱི་རྒྱལ་གྱི་ལས་རིགས་ཁག་གི་མི་སྣ་དང་རྒྱ་ཆེའི་ནད་པ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་སྟེ། ཨུ་རུ་སུའི་ཞང་ཞུང་བོད་ཀྱི་གསོ་རིག་སློབ་གླིང་དང་ཨ་རིའི་ཞང་ཞུང་བོད་ཀྱི་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་བའི་གོ་མིང་གནང་ཡོད། ཁོས་དེ་ལྟར་བོད་ཀྱི་གསོ་བ་རིག་པར་སློབ་གཉེར་བྱེད་དུ་ཡོང་བའི་ཞིང་ཆེན་ཕྱི་ནང་གི་སློབ་མ་རབ་འབྱམས་པ་དང་འབུམ་རམས་པ། དངོས་གཞིའི་སློབ་མ་མི་ཉུང་བ་ཞིག་དང་། ཨ་རི་དང་འཇར་མན། འཇར་པན། ཨུ་རུ་སུ་སོགས་སུ་བོད་སྨན་དོན་གཉེར་དང་ཞིབ་འཇུག་བྱེད་པའི་སློབ་མ་མང་པོ་ཡོད་པ་དག་ལ་གདམས་ངག་གི་རྒྱུན་མ་ཆད་ཅིང་བྱིན་རླབས་ཀྱི་དྲོད་མ་ཡལ་བའི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་རྒྱ་ཆེར་སྤེལ་ཅི་ཐུབ་བྱེད་ཀྱིན་ཡོད་པ་དང་། ལོ་རེར་ད་རུང་མུ་མཐུད་དུ་ཨ་རི་དང་ཨུ་རུ་སུའི་སློབ་མ་ལྔ་དྲུག་རེར་ནད་ཐོག་ལག་ལེན་གྱི་ཉམས་མྱོང་དང་གཏར་བསྲེག དུགས་ལུམས། བྱུགས་སྦྱོངས་སོགས་ཀྱི་ཟབ་གནད་དམར་ཁྲིད་དང་། སྨན་གྱི་ཁ་ཚར་གདབ་ཚུལ་སོགས་ཀྱི་ཤེས་བྱ་ཕངས་མེད་དུ་ཁྲིད་ནས་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་ཐད་ནུས་པ་བཏོན་དང་འདོན་བཞིན་ཡོད།

རིག་གཞུང་ཞིབ་འཇུག་གི་ཕྱོགས་ནས་གླེང་ན། ཁོས་སྔ་གཞུག་ཏུ«དཔལ་ལྡན〈རྒྱུད་བཞི〉བཀའ་བསྟན་གང་ཡིན་ལ་དཔྱད་པ»དང«བོད་ཀྱི་གསོ་བ་རིག་པའི་ཐོག་མའི་འབྱུང་ཁུངས་ལ་དཔྱད་པ» «བོད་ཀྱི་གསོ་རིག་ལས་མངལ་ཆགས་ཚུལ་སྐོར་ལ་དཔྱད་པ» «བོད་ཀྱི་གསོ་རིག་ལས་རླུང་ལ་ཞིབ་འཇུག་མདོར་ཙམ་བྱས་པ»སོགས་རིག་གཞུང་དཔྱད་རྩོམ20ལྷག་སྤེལ་བར། ལས་རིགས་ཁག་གི་ཆེད་མཁས་པ་རྣམས་ཀྱི་གདེང་འཇོག་ཆེན་པོ་ཐོབ། ཁོ་ད་རུང་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་མང་པོར་ཞུགས་མྱོང་བ་དང་། 2004ལོར་རྒྱལ་ཁབ་རིམ་པའི་བོད་ལུགས་གསོ་རིག་དང་བོད་སྨན་གནའ་དཔེ་དག་སྒྲིག་བྱེད་པའི་ལས་གཞིའི་ནང་ཞུགས་ཤིང་། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི“དུས་རབས་ཉེར་གཅིག་པར་གཞོལ་བའི་དངོས་གཞིའི་སློབ་ཚན་བསླབ་གཞི”རྩོམ་སྒྲིག་བྱེད་པའི་ལས་ཀ་རབས་དང་རིམ་པར་ཞུགས།

རྒྱལ་ཁབ་ཀྱི“ལྔ་བཅུ་གཅིག”གི་ཚན་རྩལ་འདེགས་སྐྱོར་ལས་གཞི་སྟེ“བོད་སྨན་གྱིས་ཕོ་རུབ་ནད་གསོ་བཅོས་བྱས་པའི་ཕན་ནུས་ལ་དཔྱད་འཇོག་དང་ཞིབ་འཇུག་བྱེད་པའི”ཚན་རིག་ཞིབ་འཇུག་བྱ་གཞིའི་ནང་དུ་ཞུགས། ད་ལྟ་རྒྱལ་ཁབ་ཀྱི“ལྔ་བཅུ་གཉིས”ཆེད་ཚན་འཛུགས་སྐྱོང་ལས་གཞི་སྟེ“བོད་ཀྱི་གསོ་བ་རིག་པའི་ཕོ་རྒྱུ་ཆེད་སྦྱོང་ཚན་ཁག”གི་ལག་རྩལ་རྐང་འཛིན་པ་གཙོ་བོ་དང་། 2013ལོའི་རྒྱལ་ཁབ་ཀྱི་ནད་ཐོག་སྨན་བཅོས་ཀྱི་གཙོ་གནད་ཆེད་ཚན་ཏེ“བོད་ལུགས་གསོ་རིག་གི་ཕོ་མཚེར་ཚན་ཁག”གི་ལག་རྩལ་རྐང་འཛིན་པ་གཙོ་བོ་ཡིན། ད་ལྟ་མཚོ་སྔོན་བོད་སྨན་ཁང་ཕོ་རྒྱུ་ཚན་ཁག་གི་ཆེད་མཁས་སྨན་པ་དང་།རྒྱལ་ཡོངས་ཀྲུང་ལུགས(བོད་ལུགས)གསོ་རིག་གི་སྨན་པ་བགྲེས་རབས་མིང་གྲགས་ཅན་ཡིན་པའི་ཆ་ནས་རིག་གཞུང་ཉམས་མྱོང་གི་རྒྱུད་འཛིན་པ་བྱས་ཏེ། བོད་ཀྱི་གསོ་བ་རིག་པའི་ལས་དོན་ཐད་བྱས་རྗེས་མི་དམན་པ་བཞག་ཡོད།
སྨན་པ་ནི་བཀུར་བར་འོས་པའི་ལས་རིགས་ཤིག་ཡིན་པས། འཚོ་བྱེད་དང་ལྷ་རྗེ་སོགས་ཀྱི་མཚན་སྙན་དེ་དག་གིས་ཀྱང་མི་རྣམས་ཀྱིས་ཁོ་ཚོ་དང་ཁོ་ཚོའི་ལས་རིགས་ལ་བཀུར་བའི་སེམས་ཁམས་དེ་མཚོན་ཐུབ། ཁོ་ཚོ་ནི་ནམ་ཡང་རང་ཉིད་ཀྱི་སྐྱིད་སྡུག་ཡོད་ཚད་ནད་པའི་བདེ་སྡུག་དང་སྦྲེལ་ཏེ། གང་ནུས་ཅི་ཐུབ་ཀྱིས་ནད་པའི་སེམས་ཁམས་སྟེང་གི་མནར་གཅོད་དང་ལུས་པོའི་སྟེང་གི་སྡུག་བསྔལ་སེལ་མཁན་དེ་ཡིན་ལ། ནད་པར་མཚོན་ན་སེམས་ཁོང་གི་རེ་བ་ཡོད་ཚད་ཁོ་ཚོར་བཅོལ་ཡོད་པས། སྨན་པ་ནི་བླ་ན་མེད་པའི་འགན་འཁྲི་ཞིག་ཀྱང་ཡིན། སྨན་པ་གནམ་ལྷ་མཁར་ལགས་ཀྱིས་ནམ་ཡང་མཚན་སྙན་དེ་དག་གིས་གནང་བའི་ལྗིད་ཏིག་ཏིག་གི་འགན་འཁྲི་དེ་ཕྲག་ཏུ་བླངས་ནས། ནུས་ཤུགས་ཡོད་རྒུས་བོད་ལུགས་གསོ་རིགས་ཀྱི་ལས་དོན་ཐད་བྱས་རྗེས་བླ་ན་མེད་པ་བཞག་དང་འཇོག་མུས་སུ་ཡོད། སླར་མར་ཁོའི་གསོ་རིག་ལས་དོན་ཡར་ངོའི་ཟླ་ལྟར་འཕེལ་ཏེ། ནད་ཐོག་ལག་རྩལ་དང་གསོ་རིག་ཀུན་སྤྱོད་གཉིས་ཀ་ལྡན་པའི་རྗེས་རབས་པ་མང་པོ་སྐྱེད་སྲིང་བྱེད་པ་དང་འགྲོ་བའི་མིའི་རིགས་ཀྱི་ནད་རིགས་རྩད་ནས་འབྱིན་ཐུབ་པར་སྨོན། །
 

རྩོམ་སྒྲིག་པ། བསོད་ནམས་ལྷ་མོ།