ཐུན་ཏེ་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་པའི་སྣེ་ཁྲིད་པ།
2017.01.11 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 26

ཉིན་འགའི་སྔོན་ལ། ང་ཚོ་ཐུན་ཏེ་རྫོང་འབའ་ལུང་ཞང་སུམ་མདོ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་སླེབས་དུས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལྷ་འབུམ་རྒྱལ་གྱིས་སྡེ་བའི“སྐོར་བྲོ་རུ་ཁག”རྩ་འཛུགས་བྱས་ཏེ་སྐོར་བྲོ་གསར་པ་སྦྱོང་བཞིན་ཡོད། ལྷ་འབུམ་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར། “ང་ཚོ་སྡེ་བས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་བྱ་བ་སྤེལ་བའི་ཚུན་ལ། སྡེ་བ་ཡོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་འགུལ་སྤེལ་བ་དེ་ནམ་ཡང་སྡེ་བའི་དོན་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་པ་དང་།གསར་དུ་གཏན་འཁེལ་བྱས་པའི‘རིག་གནས་རོལ་རྩེད་སྡེ་བའི་ནང་དུ་སྤེལ་བ་དང་ཕྱུག་བསྒྱུར་ནུས་རྩལ་རང་སྡེ་རུ་འགྲན་པ།ཚན་རིག་ལག་རྩལ་རང་ཁྱིམ་ནས་སྦྱོང་བ། མང་ཚོགས་ཀྱིས་སྡེ་བ་ནས་དོན་དག་སྒྲུབ་ཐུབ་པ་དང་ཁྱིམ་གྱི་དཀའ་ཁག་སྡེ་བ་ནས་སེལ་ཐུབ་པ། འགལ་བ་དང་རྩོད་གླེང་སྡེ་བ་ནས་ཐག་བཅད་དེ་ཁྱིམ་མཚེས་འགྲིག་མཐུན་དང་། ནད་ཚབས་ཆེན་མིན་ན་སྡེ་བ་ནས་སྨན་བཅོས་དང་རྒྱུན་བྱུང་ནད་ཀྱི་འགྲོ་གྲོན་གྲོན་ཆུང་བྱ་ཐུབ་པ’བཅས་ཀྱི་མང་ཚོགས་ལ་འབྲེལ་འདྲིས་དང་ཞབས་ཞུ་བྱེད་པའི་བྱེད་ཐབས་སྤྱད་དེ། ཧུར་ཐག་གིས་དམངས་ཀྱི་དཀའ་ཁག་སེལ་ཐབས་དང་གནད་དོན་ཐག་གཅོད་གང་ཐུབ་བྱས།”

མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་སྤེལ་བྱ་ཆེད། ལོ་འདི་དག་གི་རིང་ལ།ཐུན་ཏེ་རྫོང་ཨུའི་རྩ་འཛུགས་པུའུ་ཡི་མགོ་ཁྲིད་ལས་བྱེད་པ་ཚོས་ཧུར་ཐག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མགོ་ཁྲིད་ལས་བྱེད་དཔུང་སྡེ་གསོ་སྦྱོང་དང་། སྡེ་བ་དང་སྡེ་ཁུལ་གྱི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེ་བ་དང་བསྟུན་ནས། ཆབ་སྲིད་ཀྱི་ཆུ་ཚད་མཐོ་ལ“སྣེ་ཁྲིད་གཉིས”ཀྱི་ནུས་པ་བཟང་བ། མང་ཚོགས་ཀྱིས་ཡིད་ཆེས་པའི་མི་སྡེ་བ་དང་སྡེ་ཁུལ་གྱི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་ནང་བདམས་ཏེ། སྡེ་བའི་ཏང་རྩ་འཛུགས་ཀྱི“སྣེ་ཁྲིད་གཉིས”ཀྱི་ནུས་པར་ཤུགས་སྣོན་བྱས།ད་ལྟ། རྫོང་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་སོ་སོས་ཞབས་ཞུའི་ནང་དོན་འབུར་དུ་ཐོན་པར་བྱས་པ་དང་། བྱ་བའི་བྱེད་ཐབས་ཇེ་དྲག་ཏུ་བཏང་ལ། ཞབས་ཞུའི་ཐེག་བྱད་གསར་སྐྲུན་བྱས་ཏེ།ནུས་ལྡན་གྱིས་གཞི་རིམ་གྱི་ཞབས་ཞུ་ཅན་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏིང་ཟབ་ཏུ་སྤེལ་བར་སྐུལ་སྤེལ་བཏང་།

སྟོན་ཁའི་ཉིན་མོ་ཞིག་ལ། ཐུན་ཏེ་རྫོང་རྨ་བྱང་ཞང་གསེར་ཐང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་པདྨ་རྡོ་རྗེས་སྡེ་བ་ཡོངས་ཀྱི་འབྲོག་པ་ཏང་ཡོན20ལྷག་རྩ་འཛུགས་བྱས་ཏེ།སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ར་སྐོར་ནང་དུ“གསེར་ཐང་སྡེ་བའི་དབྱར་དུས་ཀྱི་འབྲོག་པ་ཏང་ཡོན་གྱི་གསོ་སྦྱོང་འཛིན་གྲྭ”བསྒྲུབས། ཐེངས་དེའི་གསོ་སྦྱོང་འཛིན་གྲྭས་ཏང་ཡོན་གྱི་ཕྱོགས་བསྡུས་ཆུ་ཚད་མཐོར་འདེགས་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་འགུལ་ལ་ཤུགས་སྣོན་པར་དམིགས་ནས། གཅིག་བསྡུས་དཔེ་ཁྲིད་དང་གྲོས་མོལ་བགྲོ་གླེང་ལ་སོགས་པའི་བྱེད་ཐབས་སྤྱད་དེ་གསོ་སྦྱོང་བྱས་པ་རེད།

པདྨ་རྡོ་རྗེས་གསར་འགོད་པར་བཤད་རྒྱུར། “ལོ་འདི་དག་གི་རིང་ལ།ང་ཚོའི་སྡེ་བས་ཐོག་མཐའ་བར་གསུམ་དུ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ལས་བྱེད་པ་རང་ཉིད་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བར་ཤུགས་སྣོན་པ་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་གྱི་འགན་ཁུར་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་། ཐོག་མར་སློབ་སྦྱོང་དམ་འཛིན་བྱས་པ་དང་།གཅིག་བསྡུས་སློབ་སྦྱོང་བྱས་པ་བརྒྱུད། རང་སྦྱོང་དང་གསོ་སྦྱོང་ལ་འགྲོ་བ་སོགས་ཀྱི་རྣམ་པ་སྤྱད་དེ་སློབ་སྦྱོང་བྱ་འགུལ་སྤེལ་བར་ཁག་ཐེག་ནན་ཏན་བྱས། དེ་ནས་མཐུན་སྒྲིལ་ལ་མཉམ་འཇོག་བྱས། སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་། མི་རིགས་སོ་སོ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་ཞིག་ཏུ་བརྩིས་ཏེ་ལེགས་འགྲུབ་བྱས་པ་དང་། རྒྱ་ཆེའི་མང་ཚོགས་ཀྱི་སྣེ་ཁྲིད་དེ‘འབྲལ་ཐབས་མེད་པ་གསུམ’གྱི་བསམ་བློ་འཛུགས་སུ་བཅུག་ཅིང་། བློ་གཅིག་སེམས་གཅིག་གིས་མི་རིགས་སོ་སོའི་མི་དམངས་ལ་དོན་བཟང་དང་དོན་དངོས་བསྒྲུབས་པ་ཡིན”ཟེར།

ཁོས་དགའ་སྤྲོའི་ངང་གསར་འགོད་པར་བཤད་རྒྱུར།“ལོ་འདི་དག་གི་རིང་ལ། གསེར་ཐང་སྡེ་བས་ཚོང་རའི་དཔལ་འབྱོར་གྱི་འདུ་ཤེས་རྒྱུན་འཁྱོངས་དང་། སྡེ་བའི་ལས་བྱེད་པས་སྣེ་ཁྲིད་དེ་ཞིང་སྡེར་སྤྱོད་སྒོ་ཆེ་བའི་ལག་རྩལ་གྱི་ཤེས་བྱ་སློབ་སྦྱོང་བྱས་མཐར། ཚོང་རའི་གནས་ཚུལ་ཤེས་པ་དང་། དོ་དམ་དང་ཕྱུག་བསྒྱུར་གྱི་ཐབས་ལ་མཁས་པའི་སྣེ་ཁྲིད་པར་གྱུར་ཡོད། སྡེ་བའི་ཏང་ཀྲི་པུའུ་ཡིས་ཕྱུག་བསྒྱུར་འཇོན་མིའི་སྣེ་ཁྲིད་ཅིང་མ་དངུལ་སྒོར་ཁྲི30བཏང་སྟེ་སོ་ཕག་ཁོག་སྟོང་བཟོ་གྲྭ་བཙུགས་པ་དང་། ཧུར་ཐག་གིས་སྡེ་མི་རྩ་འཛུགས་བྱས་ཏེ་ཞིང་སྡེའི་ཡུལ་སྐོར་ལས་རིགས་བསྒྲུབས། སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ལས་བྱེད་པས་ཚོགས་འདུ་ཐེངས་མང་བསྡུས་ནས། བློ་བསྡུས་དགེ་འཚོལ་བྱས་ཏེ་མ་དངུལ་སྒོར་ཁྲི30བཏང་ནས་ལས་ཆོད་མཐོ་བའི་གསོ་སྤེལ་སྡེ་ཁུལ་བཙུགས་པ་དང་། ལོ་རེར་སྡེ་བར་ཡོང་འབབ་སྒོར་ཁྲི3བསྐྲུན། ཐུན་མོང་གི་དཔལ་འབྱོར་གྱི་རྒྱ་ཇེ་ཆེ་དང་ཡོང་འབབ་ཇེ་མང་དུ་བཏང་སྟབས། མང་ཚོགས་ནི་སྔར་ལས་མཐུན་སྒྲིལ་དང་འགྲིག་མཐུན་བྱུང་ཡོད་ལ། ན་ནིང་གསེར་ཐང་སྡེ་བ་ལ‘ཐུན་ཏེ་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་སྔོན་ཐོན་ཐུན་མོང’གི་གཟི་བརྗིད་མཚན་སྙན་ཐོབ་པ་རེད”ཟེར།

ལོ་འདི་དག་གི་རིང་ལ། ཐུན་ཏེ་རྫོང་གི་གཞི་རིམ་ཏང་རྩ་འཛུགས་སོ་སོས་ཞབས་ཞུའི་བརྗོད་གཞི་འབུར་དུ་ཐོན་པར་བྱས་པ་དང་། བྱ་བའི་བྱེད་ཐབས་ཇེ་དྲག་ཏུ་བཏང་ལ། ཞབས་ཞུའི་ཐེག་བྱད་གསར་སྐྲུན་བྱས་ཏེ།ནུས་ལྡན་གྱིས་གཞི་རིམ་གྱི་ཞབས་ཞུ་ཅན་གྱི་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་སྐུལ་སྤེལ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། ཚེ་མགོན་རྒྱལ།