མང་ཚོགས་ཀྱི་སྣེ་ཁྲིད་ནས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་མཁན་བསོད་ནམས་ཀྱི་གནས་ཚུལ།
2017.01.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

བསོད་ནམས་ཀྱི་གོ་གནས་མཐོ་རྒྱུ་མེད་ལ། ཁོ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆོས་གུང་ཧོ་རྫོང་རྗེ་ཞང་བ་ཝོ་སྡེ་བའི་བདེ་འཇགས་སྲུང་སྐྱོབ་ཀྱི་ཀྲུའུ་རིན་རེད། འོན་ཀྱང་། བ་ཝོ་སྡེ་བའི་སྡེ་དམངས་ཀྱི་མིག་ལམ་དུ་ཁོ་ནི་ཕ་ཡུལ་སེམས་སུ་བཅངས་མཁན་ཞིག་ཡིན་པ་མ་ཟད། མི་རྣམས་ཀྱི་སྣེ་ཁྲིད་ནས་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པ་བསྒྱུར་མཁན་ཞིག་རེད།

ཁང་ཚད་དམའ་ལ་སྒེའུ་ཁུང་ཆུང་བའི་ཧོས་རིགས་སྡེ་མི་མཱ་ནེ་ཡི་ཁྱིམ་དུ་གསར་འགོད་པས་བསོད་ནམས་མཐོང་བྱུང་། ཁང་བ་ཆུང་ངུ་དེའི་ནང་དུ་བསོད་ནམས་དང་མཱ་ནེ་གཉིས་མལ་ཁྲི་ཆུང་ཆུང་ཅིག་གི་སྟེང་དུ་བཙོག་ནས་ལག་པ་དམ་པོར་འཇུས་ཡོད། དེ་ནི་ཁོ་ཆེད་དུ་མཱ་ནེ་ལ་ལྟ་རུ་ཡོང་བ་རེད།

ད་ལོ་ལོ་ཞེ་དྲུག་ཡིན་པའི་མཱ་ནེ་ནི་ཀན་སུའུ་ཞིང་ཆེན་ལིན་ཞ་རྫོང་ཧན་ཅུའུ་གྲོང་རྡལ་གྱི་མི་ཡིན་ལ། བ་ཝོ་སྡེ་བ་ཡོང་ནས་ལོ་སུམ་ཅུ་འགོར་ཡོད་པ་དང་། འཚོ་བ་ཧ་ཅང་དཀའ་ཁག་ཆེ། དང་ཐོག་ལོ་ཧ་ཅང་ཆུང་བའི་མཱ་ནེ་བ་ཝོ་སྡེ་བར་ཡོང་སྐབས་འཚོ་བར་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་ལ། འོན་ཀྱང་། སྡེ་མི་རྣམས་ཀྱིས་ཁོ་ལ་ལྟ་སྐྱོང་ཆེན་པོ་བྱེད་བཞིན་ཡོད། དུས་ཆེན་གྱི་སྐབས་སུ་ཡང་སྡེ་མི་རྣམས་ཀྱིས་སེམས་ཁུར་དང་ཐུགས་ཁུར་འོག་ཕ་ཡུལ་དྲན་གྱིན་མེད། མཱ་ནེ་ཡིས་བཤད་རྒྱུར། སྡེ་བའི་ནང་དུ་ལོ་འགའི་རིང་ལ་འཚོ་བ་རོལ་བའི་སྐབས་སྡེ་བའི་ལས་བྱེད་དང་མང་ཚོགས་རྣམས་ཁོ་ལ་བལྟ་རུ་ཡོང་བ་དང་། ཁོའི་འཚོ་བའི་གནས་ཚུལ་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། བསོད་ནམས་ནི་དེའི་ཁྲོད་ཀྱི་མི་སྣ་གཅིག་རེད་ཟེར།

མཱ་ནེ་ཡིས་བཤད་རྒྱུར། སྡོང་བོར་ཆུ་མེད་ན་སྐྱེས་མི་སྲིད། ལོ་འདི་དག་གི་རིང་ལ་ཚང་མས་ང་རང་ལྟ་སྐྱོང་བྱས་པ་སེམས་སུ་བཟུང་ཡོད། སེམས་གཏིང་ནས་ཚང་མར་བཀའ་དྲིན་ཆེ་ཞུས་པ་ཡིན། ང་རང་ཉིད་ལ་ནུས་པ་ཆེན་པོ་མེད་རུང་། འོན་ཀྱང་། སྡེ་བའི་ནང་དུ་ང་རང་གིས་བྱ་བ་ཞིག་སྒྲུབ་དགོས་ཚེ་ངེས་པར་དུ་རང་ནུས་ཡོད་དགུ་བཏོན་ནས་སྒྲུབ་ངེས་ཡིན་ཟེར།

མཱ་ནེ་ཚང་ནས་སྒོར་བུད་རྗེས་འཚམས་འདྲི་བྱེད་ཁོམ་ཡང་མེད་པར། བསོད་ནམས་མྱུར་དུ་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་གཞན་པ་ཡན་ཧེ་ཆིན་ཚང་དུ་སོང་། བགྲེས་པོ་ཡན་ཚང་གི་བུ་མོ་གསུམ་པོ་ཕྱི་རུ་སློབ་གྲྭ་འགྲོ་བ་དང་ལ་ལས་བྱ་བ་སྒྲུབ་བཞིན་ཡོད། དུས་རྒྱུན་བགྲེས་པོ་ཁོ་གཅིག་པུ་ཡིན་རུང་ཁོའི་འཚོ་བར་བཟུང་བའི་རྣམ་འགྱུར་ཧ་ཅང་བཟང་།

ང་ནི་ཧི་ནན་ཞིང་ཆེན་ཐང་ཡུན་རྫོང་གི་མི་ཡིན། མཚོ་སྔོན་དུ་ཐོན་རྗེས་སྐད་ཆ་དང་འཚོ་བའི་གོམས་སྲོལ་སྟེང་སྟབས་མི་བདེ་བ་ཧ་ཅང་མང་། འོན་ཀྱང་། སྡེ་བའི་ནང་གི་མི་ཚང་མས་ང་ལ་ལྟ་སྐྱོང་བཟང་བོ་བྱེད་པ་དང་། ད་དུང་ས་མུའུ་བཅུ་ཙམ་བྱིན་ནས་རྨོ་འདེབས་བྱེད་དུ་བཅུག ང་རང་ལོ་ན་མཐོ་བས་ཁྱིམ་མཚེས་རྣམས་ཀྱིས་ང་ལ་ཆུ་སྐོལ་བ་དང་ལྭ་བ་བཀྲུ་རོགས་བྱེད་བཞིན་ཡོད། ད་དུང་སྡེ་བའི་ནང་གི་མི་རྣམས་ཀྱང་དུས་རྒྱུན་ང་ལ་བལྟ་རུ་ཡོང་བཞིན་ཡོད། སྐད་ཆ་བཤད་ཞོར་བགྲེས་པོ་བསོད་ནམས་ཀྱི་མདུན་དུ་ལངས་ནས་ཡོད་ལ། བསོད་ནམས་ཀྱི་བགྲེས་པོའི་ལག་པོ་འཇུ་ཞོར་ཁོ་ལ་ལུས་ཕུང་བདག་སྐྱོང་བྱེད་དགོས་ཚུལ་ནན་གྱིས་བཤད་རྗེས་ཁུག་མའི་ནང་གི་སྒོར་ཉིས་བརྒྱ་བླངས་ནས་བགྲེས་པོའི་ལག་ཏུ་བཞག

དེ་ལྟར། དབུལ་ཕོངས་ཁྱིམ་ཚང་གསུམ་ལ་འཚམས་འདྲི་བྱས་རྗེས། བསོད་ནམས་ལ་ད་གཟོད་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་པའི་དུས་ཚོད་ཡོད་པ་རེད།

ད་ལོ་ལོ་ཞེ་ལྔ་ཡིན་པའི་བསོད་ནམས་ནི་བ་ཝོ་སྡེ་བ་ནས་སྐྱེས་པ་ཡིན་ལ། ཁོ་རང་ལོ་བཅུ་ཡིན་སྐབས་ཨ་ཕའི་སྣེ་ཁྲིད་འོག བཟའ་མི་གང་བོ་ཕ་ཡུལ་དང་ཁ་བྲལ་ནས་ཟི་ལིང་དུ་གནས་སྤར། ཕྱི་རུ་ཚོང་ལས་གཉེར་བའི་ལོ་འདི་དག་གི་རིང་ལ། བསོད་ནམས་ཀྱིས་དཀའ་སྤྱད་སྡུག་རུས་ལ་བརྟེན་ནས། མཇུག་མཐར་འཚོ་བ་བཟང་བོ་རོལ་ཐུབ་སོང་། ཁོས་ཚོང་ལས་ལ་གྲུབ་འབྲས་ཅུང་ཙམ་ཡོད་པས་ཁོའི་སེམས་སུ་ཕ་ཡུལ་གྱི་མང་ཚོགས་རྣམས་དྲན་བཞིན་ཡོད་པ་དང་། རང་ཉིད་ཆུང་དུས་ཀྱི་རྩེད་རོགས་རྣམས་སེམས་སུ་དྲན་བཞིན་ཡོད།

གློ་བུར་བའི་གོ་སྐབས་ཤིག་ལ། བསོད་ནམས་ཡུན་རིང་ཁ་བྲལ་བའི་ཕ་ཡུལ་བ་ཝོ་སྡེ་བར་ཐོན། འོན་ཀྱང་། ཁོ་རང་ཧ་ལས་པ་ཞིག་ནི་ལོ་ངོ་ཉི་ཤུའི་སྔོན་གྱི་སྡེ་བ་ཆུང་ཆུང་དེར་འགྱུར་ལྡོག་དེ་འདྲ་ཆེན་པོ་མེད། འཕེལ་རྒྱས་དལ་བའི་ཕ་ཡུལ་གྱི་རྣམ་པ་དེ་མཐོང་རྗེས་ལོ་ངོ་མང་པོར་གྲོང་ཁྱེར་དུ་འཚོ་བ་རོལ་བའི་བསོད་ནམས་ལ་བརྗོད་མི་ཤེས་པའི་ཚོར་བ་ཞིག་བྱིན་པ་དང་། ཁོས་རང་ཉིད་ཀྱི་ནུས་པ་ཡོད་ཚད་ལ་བརྟེན་ནས་དེང་སྐབས་ཀྱི་རྣམ་པ་བསྒྱུར་དགོས་པའི་ཆོད་སེམས་བཅངས།

དུས་ཡུན་རིང་བོར་འཕེལ་རྒྱས་བྱེད་དགོས་ན་ཐོག་མར་སྡེ་བའི་ནང་གི་མི་རྣམས་ཀྱི་བསམ་བློ་བསྒྱུར་བཀོད་བྱེད་དགོས་པ་བསོད་ནམས་ཀྱིས་གསལ་བོར་ཤེས་ཡོད། དེ་བས། ཁོས་ཐོག་མར་བསྒྲུབ་དགོས་པ་ནི་ཁོས་རང་གིས་མ་དངུལ་བཏང་ནས་སྡེ་བའི་ནང་གི་ན་གཞོན་མི་སྣ་བདུན་ཅུ་ལྷག་རྩ་འཛུགས་བྱས་ཏེ་རྒྱལ་ཁབ་ཀྱི་སྲིད་ཇུས་ཁྲིམས་སྲོལ་སློབ་དུ་བཅུག དེ་ལྟར་བྱས་ན། སྡེ་བའི་ནང་དུ་རྡུང་རེས་བྱེད་པ་དང་བརྐུ་བྱེད་པའི་སྣང་ཚུལ་རིམ་བཞིན་ཇེ་ཉུང་དུ་འགྲོ་སྲིད་པ་མ་ཟད། ཁོ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་རྣམས་ཀྱིས་རིག་རྩལ་འཁྲབ་སྟོན་དང་འཐག་འཐེན་སོགས་མང་ཚོགས་རིག་གནས་བྱ་འགུལ་སྤེལ་བས། ཚང་མས་སེམས་པ་བྱ་འགུལ་དང་མཉམ་དུ་བར་ཐག་ཇེ་ཉེར་བཏང་ནས་སྔར་ལས་མཐུན་སྒྲིལ་འབྱུང་དུ་བཅུག བསོད་ནམས་ཀྱིས་བཤད་རྒྱུར། ཚང་མས་སེམས་ཤུགས་གཅིག་མཐུན་ཡིན་ན་ད་གཟོད་བྱ་བ་ཆེན་པོ་སྒྲུབ་ཐུབ་ཟེར།

བ་ཝོ་སྡེ་བ་ནི་ཆོས་རྗེ་ཞང་གི་ནུབ་ཕྱོགས་སུ་ཡོད་པ་དང་། ཞིང་ལས་དང་ཕྱུགས་ལས་གཉིས་མཉམ་གཉེར་བྱེད་པའི་སྡེ་བ་ཞིག་རེད། བསོད་ནམས་ཀྱིས་ས་གནས་ཀྱི་རང་བྱུང་ཁྱད་སྟོབས་ལ་བརྟེན་ནས། སྡེ་མི་རྣམས་ལ་སྣ་མང་ཅན་གྱི་ཚོང་གཉེར་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། ནོར་ལུག་འཚོ་གསོའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་མཉམ་དུ། ས་གནས་དེ་རུ་ནས་བཏབ་ནས་བོད་ཀྱི་སྲོལ་རྒྱུན་གྱི་ཆང་བསྙལ་བའི་བཟོ་རྩལ་ལ་བརྟེན་ནས་ནས་ཆང་བསྙལ་ཏེ་ཞིང་ཆེན་སོགས་སུ་ཕྱིར་འཚོང་བྱས། སྒོ་ཕྱུགས་གསོ་སྤེལ་དང་ཆང་བསྙལ་བ་གཉིས་ལ་བརྟེན་ནས། སྡེ་བའི་ནང་གི་སྡེ་མི་རྣམས་ཀྱི་དཔལ་འབྱོར་ཡོང་སྒོ་ཇེ་མང་དུ་བཏང་བ་དང་། སྡེ་མི་རྣམས་ཀྱིས་ཀྱང་ཡོང་འབབ་ལ་བརྟེན་ནས་ཡོང་སྒོ་བཙལ་བའི་བྱ་བ་མང་པོ་གཉེར་རྒྱུར་འབད་བཞིན་ཡོད།

བསོད་ནམས་ཀྱི་སྣེ་ཁྲིད་འོག སྡེ་བའི་ནང་གི་འཚོ་བ་སྔར་བཞིན་འགྱུར་ལྡོག་འབྱུང་བཞིན་ཡོད་ལ། འོན་ཀྱང་། ཁོའི་འགན་འཁྲི་དེས་ཁོ་རང་གི་སེམས་སུ་ཕ་ཡུལ་དང་མང་ཚོགས་དྲན་བཞིན་ཡོད།

ད་ལྟ་སྡེ་བའི་ནང་གི་གནས་ཚུལ་ད་དུང་དེ་འདྲའི་བཟང་བོ་མིན་ལ། འོན་ཀྱང་། སྡེ་མི་རྣམས་ཀྱི་བསམ་བློ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས། ཚང་མས་སེམས་ཤུགས་གཅིག་སྒྲིལ་བྱས་ན། ང་རང་ཉིད་ལ་ཡང་མུ་མཐུད་དུ་འབད་པ་བྱེད་རྒྱུའི་ཆོད་སེམས་ཆེན་པོ་ཡོད། ཀྱག་ཀྱོག་གི་བགྲོད་ལམ་སྟེང་འཕེལ་རྒྱས་འབྱུང་བཞིན་པའི་ཕ་ཡུལ་ལ་ཁ་གཏད་ན། བསོད་ནམས་ལ་དཀའ་ཁག་ཆེན་པོ་ཡོད་རུང་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།