བརྩེ་སེམས་དང་ལྷག་བསམ་གྱི་འོད་སྣང་།
2017.01.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

བསོད་ནམས་བཟའ་མི་གང་བོ་གླེང་སྐབས། ཧི་ནན་སོག་རིགས་རང་སྐྱོང་རྫོང་གསེར་ལུང་ཞང་རྐ་ཆེན་སྡེ་བའི་སྡེ་མི་རྣམས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས་བཞིན་བཤད་རྒྱུར། “ཁོ་ཚང་བཟའ་མི་གང་བོ་མི་བཟང་བོ་ཏག་ཏག་རེད། ལོ་འདི་དག་གི་རིང་ལ་ཁོ་བཟའ་མི་གང་བོས་དོན་བཟང་མང་པོ་སྒྲུབ་པས། ཁྱིམ་ཚང་འདི་ལྟ་བུ་ལ་ང་ཚོས་སློབ་སྦྱོང་བྱེད་འོས”ཟེར།

བསོད་ནམས་ཀྱིས་བཤད་རྒྱུར། “ང་ཚོ་སྤྱིར་བཏང་གི་ཁྱིམ་ཚང་འདི་ལྟ་བུ་རྒྱལ་ས་པེ་ཅིན་དུ་སོང་ནས་བྱ་དགའ་ལེན་ཐུབ་པ་སེམས་སུ་ཡང་ཤར་མ་མྱོང་། རྗེས་ཕྱོགས་ངེད་བཟའ་མི་གང་བོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མངག་བཅོལ་སེམས་སུ་དམ་པོར་བཟུང་ནས། གཟི་བརྗིད་མཚན་སྙན་འདིར་གཅེས་འཛིན་བྱས་ཏེ། དོན་དངོས་ཀྱི་བྱ་སྤྱོད་སྟེང་ནས་རོགས་སྐྱོར་བྱེད་དགོས་པའི་མི་རྣམས་ལ་སྔར་ལས་རོགས་སྐྱོར་བྱས་ནས། རང་གི་ཁྱིམ་ཚང་བཟང་བོར་སྐྱོང་བ་དང་། མི་རབས་རྗེས་མར་སློབ་གསོ་བཟང་བོ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱེད་རྒྱུ་དེ་ཡིན”ཟེར།

བསོད་ནམས་ཚང་ལ་བཟའ་མི་དྲུག་ཡོད་པ་དང་ཚང་མ་སྤྱིར་བཏང་གི་འབྲོག་དམངས་རེད། ཁོ་ཚོ་ཚང་མ་ཏང་དང་རྒྱལ་ཁབ་ལ་དགའ་བ་དང་། ལས་ལ་བརྩོན་པ། མི་ལ་རོགས་རམ་བྱེད་པ། ཁྱིམ་མཚེས་བར་འགྲིག་མཐུན་བྱེད་པ་བཅས་ཡིན་པས། མི་རྣམས་ཡིད་སྨོན་འཆོར་བའི་དཔལ་ཡོན་ཁྱིམ་ཚང་ཞིག་གྲུབ་ཡོད།

ལོ་རེ་གཅིག་ཡིན་པའི་བསོད་ནམས་ནི་རིམ་པ་གསུམ་ཅན་གྱི་རྣའི་དབང་བོ་ཉམས་པའི་དབང་བོ་སྐྱོན་ཅན་ཞིག་ཡིན་པ་དང་། འོན་ཀྱང་། ཁོས་མི་གཞན་ལ་རོགས་སྐྱོར་བྱེད་པ་དེ་རང་གི་མི་ཚེའི་སྤྲོ་སྣང་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད། དབུལ་ཕོངས་ཁྱིམ་ཚང་རྣམས་དཀའ་ཁག་ལ་ཐུགས་ཚེ། ཁོས་སེམས་རྒྱ་ཆེན་པོས་སྒོར་མོ་དང་དངོས་པོ་བྱིན་ནས་རོགས་སྐྱོར་བྱེད་བཞིན་ཡོད། ཁྱིམ་བདག་ཞིག་ཡིན་པའི་ཆ་ནས་བསོད་ནམས་ཀྱི་རང་ཉིད་ཀྱི་རྩོལ་བ་ལ་བརྟེན་ནས། སྲིད་ཇུས་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ། འདུ་ཤེས་བསྒྱུར་བ་དང་ཚན་རིག་ལྟར་ཕྱུག་གསོ་བ། འོས་མཐུན་སྒོས་ཚོང་གཉེར་བཅས་བྱེད་བཞིན་ཡོད་པ་མ་ཟད། སྡེ་བའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་བསྒྱུར་གྱི་ལམ་དུ་བསྙེགས་བཞིན་ཡོད།

“ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པ་དང་། ངས་གུང་ཁྲན་ཏང་ཡོན་ཞིག་གིས་སྒྲུབ་འོས་པའི་བྱ་བ་དེ་སྒྲུབ་པ་ཡིན།” 2001ལོ་ནས2004ལོའི་ལོ་མཇུག་བར་དུ་རྐ་ཆེན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བའི་དུས་སྐབས་སུ། ཁོས་མང་ཚོགས་ལ་སྐུལ་སློང་བྱས་ཏེ་མ་དངུལ་བསྡུས་ནས་སྡེ་བའི་ནང་གཞུང་ལམ་ལས་པ་དང་། ཁ་ཐོར་ཚོང་གཉེར་དང་གཞི་ཁྱོན་ཆུང་བའི་འབྲོག་པ་རྩ་འཛུགས་བྱས་ཏེ། མང་ཚོགས་ལ་དོན་དངོས་དང་དོན་བཟང་སྒྲུབ། སྡེ་བའི་ནང་གི་དབང་བོ་སྐྱོན་ཅན་ཡིན་པའི་དབུལ་ཕོངས་ཁྱིམ་ཚང་བསྟན་འཕེལ་ཚང་གི་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན། བསོད་ནམས་ཚང་གིས་མ་དངུལ་སྒོར་ཁྲི་གཅིག་བྱིན་ནས་ཁོ་ཚང་གི་དཀའ་ཁག་སེལ་རོགས་བྱས། སྡེ་བའི་ནང་གི་ནོར་ལུག་ཚོ་གསོའི་རྟེན་གཞི་རུ་ལུག་བརྒྱ་བྱིན་ནས་སྡེ་བ་དང་དབུལ་ཕོངས་ཁྱིམ་ཚང་གི་རོགས་སྐྱོར་མ་དངུལ་བྱས། ཐུན་རིན་རྫོང་ཐོ་རྒྱ་གྲོང་རྡལ་འགྲམ་སྡེ་བའི་སྙིང་མོ་མཁར་ལ་སྒོར་སྟོང་བཞིའི་སྨན་བཅོས་རོགས་སྐྱོར་མ་དངུལ་བྱིན།

སྤྱིར་བཏང་ཡིན་པའི་བསོད་ནམས་ཚང་ལ་སྤྱིར་བཏང་མ་ཡིན་པའི་སེམས་ཞིག་ཡོད། 2010ལོར་ཡུལ་ཤུལ་ལ་ས་འགུལ་བྱུང་སྐབས། བསོད་ནམས་ཀྱིས་མྱུར་དུ་སྤྱི་ལེ་བཞི་བཅུ་ལྷག་ཡོད་པའི་ཁྱིམ་ནས་ལུག་བརྒྱ་དེད་དེ་ཞང་སྲིད་གཞུང་དུ་ཐོན། ཁྱིམ་དུ་ཡོད་པའི་སྒོར་དྲུག་བརྒྱ་འཁྱེར་ཡོང་ནས་ཏང་དངུལ་ལྷག་མ་སྤྲད་པ་མ་ཟད། ཞང་སྲིད་གཞུང་གིས་ལུག་བརྒྱ་ཡོད་པ་དེ་བཙོང་རྗེས་ཏང་དངུལ་དང་མཉམ་དུ་གནོད་ཐེབས་ས་ཁུལ་དུ་སྤྲོད་དགོས་པའི་རེ་བ་བཏོན། ལུག་བརྒྱ་ཡོད་པ་དེ་བསོད་ནམས་ཚང་གི་རྒྱུ་ནོར་གྱི་གསུམ་ཆའི་གཅིག་ཡིན་ལ། གནས་ཚུལ་དེ་མཐོང་རྗེས་ཞང་སྲིད་གཞུང་དུ་གནོད་ཐེབས་ས་ཁུལ་དུ་ཞལ་འདེབས་འབུལ་བཞིན་པའི་མི་རྣམས་རྒན་པོ་དེའི་སྒེར་སེམས་མེད་པར་ཡོད་ཚད་འབུལ་བཞིན་པའི་སྙིང་སྟོབས་ཀྱིས་སེམས་འགུལ་ཐེབས་སུ་བཅུག བསོད་ནམས་ལ་སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་གྱི“ངལ་རྩོལ་དཔེ་ལེགས་མི་སྣ”དང“ཕུལ་བྱུང་གུང་ཁྲན་ཏང་ཡོན།”“ས་འགུལ་གནོད་སེལ་ཕུལ་བྱུང་གུང་ཁྲན་ཏང་ཡོན།”“མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་མི་སྒེར།”“རང་སྟོབས་དཔེ་ལེགས་མི་སྣ།”རྒྱལ་ཡོངས་ཀྱི“ངལ་རྩོལ་དཔེ་ལེགས་མི་སྣ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། གཟི་བརྗིད་དེ་དག་ཚང་མ་ཁྱིམ་ཚང་གི་རྒྱབ་སྐྱོར་ལ་ཁ་འབྲལ་ཐབས་མེད་པ་ཞིག་རེད།

“མི་གཞན་ལ་རོགས་སྐྱོར་བྱས་ན། རང་གི་སེམས་སུ་བདེ་སྐྱིད་ཅིག་རེད།”བསོད་ནམས་ལ་ཁྱིམ་ཚང་གིས་རྒྱབ་སྐྱོར་བྱས་པས། སྤྱི་ཕན་ལས་རིགས་ལ་ཞུགས་པའི་སྤྲོ་སེམས་སྔར་ལས་མཐོ། 2012ལོར་བསོད་ནམས་ཚང་གིས་རྐ་ཆེན་སྡེ་བའི་འབྲོག་པ་རྟ་བྷོ་ཚང་གི་བྱིས་པ་གཉིས་ཀྱི་སློབ་རིན་སྤྲོད་མ་ཐུབ་པར་སློབ་གྲྭ་འགྲོ་ཐུབ་ཀྱིན་མེད་པའི་གནས་ཚུལ་ཏེ་ཐོས་རྗེས། ཁོས་སྒོར་ཁྲི་གཅིག་བྱིན་ནས་བྱིས་པ་གཉིས་སློབ་གྲྭར་བསྐྱལ། 2014ལོར། ཁོས་གཡུ་སྒང་ཉིན་གྲོང་རྡལ་ཉིན་སེར་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་འབྲུག་ཐར་དང་གསེར་ལུང་ཞང་རྒྱ་མཁར་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་མགོན་ཚེ། དབང་རྒྱལ། གསེར་ལུང་ཞང་རྐ་ཆེན་སྡེ་བའི་སངས་རྒྱས་བཅས་ལ་བསྡོམས་པས་ལུག་བརྒྱ་བྱིན། རྫོང་དམངས་སྲིད་ཅུའུ་བརྒྱུད་ནས་རྫོང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་དང་རྒན་གསོ་ཁང་གི་རྒན་པར་རོགས་སྐྱོར་མ་དངུལ་སྒོར་ཁྲི་གཅིག་བྱིན། རོགས་སྐྱོར་གྱི་བྱ་སྤྱོད་རེ་རེ་དང་སེམས་བཟང་ལ་བརྟེན་ནས་དབུལ་ཕོངས་ཁྱིམ་ཚང་རྣམས་ལ་དཀའ་ཁག་སེལ་རོགས་བྱས་པས། དགོས་གཏུག་གི་གནད་དོན་ཐག་གཅོད་བྱས། རགས་རྩིས་བྱས་པ་ལྟར་ན། བསོད་ནམས་བཟའ་མི་གང་བོས་ཁོ་ཚོའི་ཞང་གི་དབུལ་ཕོངས་ཁྱིམ་ཚང་དང་ས་གནས་གཞན་གྱི་གནོད་ཐེབས་དང་དཀའ་ཁག་ཡོད་པའི་མང་ཚོགས་ལ་ནོར་ལུག་ལྔ་བརྒྱ་རེ་གཉིས་བྱིན་པ་དང་། མ་དངུལ་སྒོར་འབུམ་གཅིག་དང་ཁྲི་ལྔ་སྟོང་དྲུག་ལྷག་བྱིན། མི་རྣམས་ཀྱིས་སེམས་སུ་ཡང་ཤར་མི་ཐུབ་པ་ནི། བསོད་ནམས་བཟའ་མི་གང་བོ་ད་ལྟའི་བར་ད་དུང་སོ་ཕག་གི་ཁང་བ་གྱན་གསུམ་གྱི་ནང་བསྡད་ཡོད་པ་དང་། གསོ་ཁ་ན་ཡོད་པའི་ཕྱུགས་ཟོག་ཉིས་བརྒྱ་བཅུ་ཡོད། གྲངས་ཀ་དེ་ལོ་འདི་དག་གི་རིང་ལ་ཁོས་གཞན་ལ་བྱིན་པའི་སྤྱིའི་གྲངས་ཀྱི་ཕྱེད་ཀ་ཙམ་ཡང་མེད་ལ། ཁོ་ཚང་གིས་ད་དུང་དངུལ་ཁང་ལ་དངུལ་བུན་སྒོར་འབུམ་གཅིག་དང་ཁྲི་ལྔ་བསྐྱིས་ཡོད།

གཞི་རིམ་གྱི་ཏང་ཡོན་ཞིག་ལ་གསེར་ལས་དཀོན་པའི་སེམས་ཞིག་ཡོད་པ་དང་། གཅེས་སེམས་ཡོད་པས་མི་རིགས་ཁྱིམ་ཚང་འདི་ལྟ་བུ་ཞིག་གིས་དུས་ནམ་ཡིན་ཡང་རོགས་སྐྱོར་མཁོ་བའི་མི་རྣམས་ལ་རོགས་སྐྱོར་བྱེད་བཞིན་ཡོད་ལ། ཧི་ནན་རྩྭ་ཐང་གི་ལས་བྱེད་མང་ཚོགས་རྣམས་ཀྱི་སློབ་སྦྱོང་བྱེད་སའི་མིག་དཔེ་རུ་གྱུར་ཡོད། བསོད་ནམས་བཟའ་མི་གང་བོས་རང་ཉིད་ཀྱི་དོན་དངོས་བྱ་སྤྱོད་ལ་བརྟེན་ནས་མི་གཞན་ལ་རོགས་སྐྱོར་བྱེད་བཞིན་ཡོད་པ་དང་། གཅེས་སེམས་ཡོད་ཚད་བཏོན་ནས་བདེ་སྐྱིད་འཆམ་མཐུན་གྱི་ཁྱིམ་ཚང་བསྐྲུན་བཞིན་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།