ཤ་བོ་རྒྱ་མཚོ་དང་ཁོའི་ཐང་ཀའི་འཇིག་རྟེན།
2017.02.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་སེང་གེ་གཞོང་མ་མགོ་སྡེ་བ་རུ་ཐང་ཀ་འབྲི་བའི་ལག་རྩལ་ཕུལ་དུ་བྱུང་བའི་མི་སྣ་ཞིག་ཡོད་པ་དང་། མི་གཞན་ལ་རོགས་རམ་བྱེད་རྒྱུར་དགའ་བའི་རི་མོ་མཁན་བཀྲ་ཤིས་རྒྱ་མཚོའི་གཏམ་རྒྱུད་ཀྱིས་མི་སེམས་འགུལ་བར་བྱེད།

ཤ་བོ་རྒྱ་མཚོ་ནི་ཐང་ཀ་འབྲི་མཁན་ཞིག་ཡིན་ལ། ད་ལྟ“ཀྲུང་གོའི་སྒྱུ་རྩལ་མཐུན་ཚོགས”ཀྱི་ཚོགས་མི་ཡིན་པ་དང་། 2013ལོར་པེ་ཅིན་སྦྲག་སྲིད་དོ་དམ་ཅུའུ་ཡི་ལྟ་སྐུལ་འོག “ཀྲུང་གོའི་དེང་རབས་སྒྱུ་རྩལ་མི་གྲགས་ཅན་གྱི་བརྩམས་ཆོས་གྲགས་ཅན་རབ་དང་རིམ་པའི་ཁྲོད་ཤ་བོ་རྒྱ་མཚོའི་བརྩམས་ཆོས”ཀྱི་དྲན་གསོའི་དཔེ་ཆ་དང་། 2014ལོར་པེ་ཅིན་མི་རིགས་རིག་གནས་ཁང་ནས་ཤ་བོ་རྒྱ་མཚོའི་བརྩམས་ཆོས་འགྲེམ་སྤེལ་བྱས། གཟི་བརྗིད་ཀྱི་གྲུབ་འབྲས་དེ་དག་གིས་ལོ་སུམ་ཅུ་མི་ལོན་པའི་གསར་བུ་འདིར་མི་ཚེ་དང་ཕུགས་འདུན་གསར་བ་མངོན་པར་བྱས།
ཤ་བོ་རྒྱ་མཚོ་ཆེས་དགའ་བའི་ཚིག་གཅིག་ནི“མི་རིགས་ཀྱི་དངོས་བོ་དེ་འཛམ་གླིང་གི་དངོས་པོ་ཡིན”ཞེས་པ་དེ་རེད།

1988ལོའི་ཟླ་གསུམ་པར་ཤ་བོ་རྒྱ་མཚོ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་སེང་གེ་གཞོང་མ་མགོ་སྡེ་བའི་ཐང་ཀ་རྒྱུད་འཛིན་བྱེད་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་། ཁོའི་ཨ་མྱེས་ནི་སྐབས་དེར་མིང་གྲགས་ཆེ་བའི་ཐང་ཀ་སྒྱུ་རྩལ་པ་ཞིག་རེད། ལོ་བདུན་ལ་བུད་པའི་ཤ་བོ་རྒྱ་མཚོ་སློབ་ཆུང་འགྲིམ་སྐབས། ཉིན་རེར་སློབ་གྲྭ་གྲོལ་ནས་ཁྱིམ་དུ་ཐོན་རྗེས། སློབ་གྲྭའི་ནང་གི་ཤེས་བྱ་སློབ་སྦྱོང་བྱེད་པ་ལས་གཞན། ནན་ཏན་སྒོས་ཐང་ཀ་འབྲི་རྒྱུར་སློབ་སྦྱོང་བྱེད་བཞིན་ཡོད། སྐུ་འདྲ་དང་མེ་ཏོག་སོགས་ལད་འབྲི་བྱེད་བཞིན་ཡོད་པ་མ་ཟད། དུས་ཚོད་མང་པོའི་ནང་ཨ་མྱེས་དང་ཨ་ཕའི་ཇི་ལྟར་ཐང་ཀ་འབྲི་བ་བལྟ་ཞོར། ཁོ་ཚོར་ཚོན་རྡར་རོགས་བྱེད་བཞིན་ཡོད།

ཨ་མྱེས་ཀྱིས་དུས་རྒྱུན་ཁོ་ལ་དམངས་ཁྲོད་སྒྱུ་རྩལ་སློབ་སྦྱོང་བྱེད་དགོས་པ་མ་ཟད། ད་དུང་མི་རིགས་དང་དེང་རབས་རིག་གནས་ཤེས་བྱ་སློབ་སྦྱོང་བྱེད་དགོས་པ་དང་། དེ་ལྟར་བྱས་ན་ད་གཟོད་ཁྱོད་ཀྱི་མིག་རྒྱ་བསྐྱེད་ཐུབ་ཞེས་སྐུལ་མ་གཏོང་བཞིན་ཡོད། དེ་བས། ཤ་བོ་རྒྱ་མཚོ་ཡིས་སློབ་གྲྭ་ནས་ནན་ཏན་སྒོས་སློབ་སྦྱོང་བྱས་པ་མ་ཟད། ཁྱིམ་དུ་སེམས་ཞིབ་མོས་ཐང་ཀ་འབྲི་སྦྱངས་བྱས། ལོ་རེའི་དབྱར་གནང་དང་དགུན་གནང་སྐབས་ནི་ཁོའི་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་དུས་སྐབས་གལ་ཆེན་དུ་གྱུར་ཡོད།

མཐོ་འབྲིང་འགྲིམ་རྗེས་ཤ་བོ་རྒྱ་མཚོ་ཡིས་དམིགས་འབེན་གཏན་འཁེལ་བྱས་ཏེ། རྗེས་ཕྱོགས་མཛེས་རྩལ་ཆེད་ལས་སྦྱངས་རྒྱུའི་སེམས་ཐག་བཅད། ལོ་དེར། ཁོའི་ཕུགས་འདུན་ལྟར་མཚོ་སྔོན་མི་རིགས་སློབ་ཆེན་སྒྱུ་རྩལ་སྡེ་ཁག་ཏུ་རྒྱུགས་འཕྲོད་པ་དང་། ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མཛེས་རྩལ་གཞུང་ལུགས་དང་ཤེས་བྱ། ཐང་ཀའི་གཞུང་ལུགས་ཤེས་བྱ། བོད་སྐད་ཡིག་རྩོམ་རིག་ཆེད་ལས་ལ་སྦྱངས་བ་བྱས།

སློབ་ཆེན་སྐབས་སུ་སློབ་སྦྱོང་བྱེད་པའི་དུས་སྐབས་སུ་ཤ་བོ་རྒྱ་མཚོའི་རིག་གནས་ཤེས་བྱའི་ཆུ་ཚད་མཐོར་འདེགས་ཆེན་པོ་བྱུང་བ་དང་། མཐར་ཕྱིན་བརྩམས་ཆོས་ལ་བྱ་དགའ་ཨང་དང་པོ་ཐོབ་པས་ཁོའི་སློབ་ཆེན་སྐབས་སུ་ལོ་འགར་སྦྱངས་བའི་གྲུབ་འབྲས་ལ་ཡིད་ཚིམས་པའི་རྫོགས་ཚིག་བཀོད།

སློབ་ཆེན་སྐབས་སུ་ཤ་བོ་རྒྱ་མཚོ་ཡི་བསླབ་འབྲས་བཟང་བ་དང་བྱ་སྤྱོད་ལེགས་པས། ཁོ་ལ་སློབ་གྲྭའི་ནང་མིང་ཅུང་ཙམ་ཡོད། ཁོའི་ཁྱད་ཆོས་ལྡན་པའི་ཐང་ཀ་འབྲི་བཞེངས་བྱས་པས། རྒྱ་ཆེའི་སྒྱུ་རྩལ་པ་དང་གསོག་ཉར་བྱེད་མཁན། མང་ཚོགས་བཅས་ཀྱི་བསྔགས་བརྗོད་ཐོབ། དེ་དང་ཆབས་ཅིག ཀྲུང་གོ་མི་རིགས་རིག་གནས་ཁང་དང་པེ་ཅིན་དགའ་ལྡན་བྱིན་ཆགས་གླིང་དེ་མིན་ཧྲན་ཏུང་དང་ཧྲང་ཧའེ། ཀོང་ཀྲིག་སོགས་ཀྱི་སྒྱུ་རྩལ་ཁང་གིས་ཁོའི་བརྩམས་ཆོས་འགྲེམ་སྟོན་བྱེད་པར་གདན་འདྲེན་ཞུས། ཁོའི་བརྩམས་ཆོས་ཀྱིས་མི་རིགས་རིག་གནས་དར་སྤེལ་བྱས་ཡོད་པ་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་མི་རིགས་སོ་སོའི་རི་མོ་མཁན་ལ་རྒྱུས་ལོན་དང་བསམ་བློ་བརྗེ་རེས་བྱས།

“སྦྱངས་འབྲས་ལེགས་པོ་བརྩོན་འགྲུས་ལ་བརྟེན་ནས་བྱུང་།”2011ལོའི་ཟླ་དྲུག་པར། ཁོའི་བརྩམས་ཆོས«སྤྱན་རས་གཟིགས་ཕྱག་བཞི་མ»ལ་མཚོ་སྔོན་མི་རིགས་སློབ་ཆེན་སྒྱུ་རྩལ་སྡེ་ཁག་མི་རིགས་བཟོ་རྩལ་མཛེས་རྩལ་ཆེད་ལས་འཛིན་གྲྭའི་མཐར་ཕྱིན་གསར་སྐྲུན་བརྩམས་ཆོས་ཁྲོད་བྱ་དགའ་ཨང་དང་པོ་བླངས། 2014ལོའི་ཟླ་ལྔ་བར། པེ་ཅིན་མི་རིགས་རིག་གནས་ཁང་ནས་མི་སྒེར་གྱི་བརྩམས་ཆོས་འགྲེམ་སྤེལ་བྱས་པ་དང་། བརྩམས་ཆོས་དེ«ཀྲུང་གོ་མི་རིགས་རིག་གནས་དངོས་མང་བཤམས་སྟོན་ཁང་གི་མི་སྒེར་བརྩམས་ཆོས»ཁྲོད་བཞག ལོ་དེའི་ཟླ་དགུ་བར། ཁོའི་བརྩམས་ཆོས་དེ་སྐབས་ཉི་ཤུ་བའི་ལུའུ་ཐའེ་དཔལ་འབྱོར་ཉོ་འཚོང་ཚོང་གཏམ་གྲོས་ཚོགས་མཚོ་འགག་འགྲམ་གཉིས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་ལས་འགྲེམ་སྤེལ་བྱས།

2015ལོའི་ཟླ་ལྔ་བར། ཁོའི་བརྩམས་ཆོས་ལ་ཀོང་ཀྲིག་གྲོང་ཁྱེར་སྐབས་བཅུ་གཉིས་པའི་རྒྱལ་སྤྱིའི་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་ནས་འགྲེམ་སྤེལ་བྱས།

2013ལོ་ནས་བཟུང་། ཤ་བོ་རྒྱ་མཚོ་ཡིས་ས་གནས་སོ་སོ་ནས་ཐང་ཀར་སྤྲོ་བ་ཡོད་པའི་སློབ་མ་བསྡུ་ལེན་བྱས་ཏེ། རང་ཉིད་ཀྱི་ལོ་མང་པོའི་རིང་གི་སློབ་སྦྱོང་དང་ཉམས་མྱོང་ལ་བརྟེན་ནས་དེང་རབས་ཀྱི་ཐང་ཀ་འབྲི་མཁན་གསོ་སྐྱོང་བྱེད་བཞིན་ཡོད་ལ། ཐང་ཀ་སྒྱུ་རྩལ་གྱི་ཉིང་བཅུད་རྒྱུད་འཛིན་བྱེད་བཞིན་ཡོད། སློབ་མ་བསྡུ་ལེན་བྱེད་པའི་སྐབས་སུ། ཁོའི་སྔོན་ལ་ ཐང་ཀ་འབྲི་བར་རིག་པ་གསལ་བ་དང་དཀའ་ཁག་ཆེ་བའི་སློབ་མ་བསྡུ་ལེན་བྱེད་བཞིན་ཡོད། དུས་རྒྱུན་དཀའ་ཁག་ཡོད་པའི་རིགས་སོ་སོའི་ཁྱིམ་ཚང་དང་སློབ་མ་རོགས་སྐྱོར་བྱེད་བཞིན་ཡོད་པ་མ་ཟད། ཁོའི་མི་ཚེའི་སྤྲོ་སྣང་ནི་མི་གཞན་ལ་རོགས་སྐྱོར་བྱེད་རྒྱུ་དེ་རེད།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་བསོད་ནམས་ལྷ་རྒྱལ་གྱིས་ཁོའི་སྙན་གྲགས་ཐོས་ནས་ཤ་བོ་རྒྱ་མཚོ་བཙལ་ནས་ཐང་ཀ་སྦྱངས། གནས་དེར་ཡོང་རྗེས་ཁོ་ལ་ཡར་རྒྱས་ཆེན་པོ་བྱུང་བ་དང་། རྩལ་ནུས་སློབ་སྦྱོང་གི་ཐད་མགྱོགས་མྱུར་སྒོས་གོང་འཕེལ་བྱུང་། ཁོའི་ཐང་ཀ་འབྲེལ་འདྲིས་བྱས་པ་ཅུང་འཕྱི་བས། ཤ་བོ་རྒྱ་མཚོ་ཡིས་དུས་རྒྱུན་ཁོ་ལ་ཟུར་ཁྲིད་བྱེད་བཞིན་ཡོད།

རྗེས་ཕྱོགས་ཀྱི་འཆར་འགོད་གླེང་སྐབས། ན་གཞོན་ཐང་ཀ་འབྲི་མཁན་དེ་ལ་སྤྲོ་སེམས་དང་རེ་བའི་ཁེངས་ཡོད། ཁོས་བཤད་རྒྱུར། རྗེས་ཕྱོགས་ད་དུང་ནང་ལོག་ཏུ་སོང་ནས་མུ་མཐུད་དུ་སློབ་སྦྱོང་བྱེད་དགོས་ལ་དགེ་རྒན་ལ་བསྟེན་དགོས། ཐང་ཀ་སྒྱུ་རྩལ་དང་སུའུ་ཀྲིག་གི་ཚེམ་དྲུབ་སོགས་མི་རིགས་ཀྱི་རི་མོའི་སྒྱུ་རྩལ་ཕན་ཚུན་བསམ་བློ་བརྗེ་རེས་བྱས་ནས། སྒྱུ་རྩལ་གྱི་ཡིད་དབང་འགུག་ནུས་ལ་ཤུགས་སྣོན་དགོས་ཟེར།

ཤ་བོ་རྒྱ་མཚོ་ཡི་ཕུགས་འདུན་ཆེས་ཆེ་བ་དེ་ནི་རིག་གནས་དང་སྒྱུ་རྩལ་རྒྱུན་ཆད་ཉེན་ཡོད་པ་དེ་སྲུང་སྐྱོབ་བྱེད་རྒྱུ་དེ་རེད། ད་ལྟ་ཀུང་ཟིའི་རེབ་གོང་རིག་གནས་སྒྱུ་རྩལ་ལས་རིགས་གསོ་སྦྱོང་སློབ་གྲྭ་ཞིག་བཙུགས་ཡོད་པ་དང་། རེབ་གོང་སྒྱུ་རྩལ་ལ་མཁས་པའི་འཇོན་མི་མང་པོ་གསོ་སྐྱོང་བྱེད་རྒྱུ་དེ་རེད། རྗེས་ཕྱོགས། ངས་རང་ཉིད་ཕ་ཡུལ་གྱི་ཐང་ཀའི་སྒྱུ་རྩལ་ཐད་ཀྱི་སློབ་དེབ་གསར་བ་རྩོམ་རྒྱུ་དེ་ཡིན་ལ། མིག་སྔར་རྒྱུ་ཆ་འཚོལ་སྡུད་བྱས་ཏེ་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན། དེ་ལྟར་བྱས་ན་སློབ་སྒྲུབ་ཀྱི་གཞི་ཁྱོན་ཇེ་ཆེར་གཏོང་ཐུབ་ལ། འཇོན་ཐང་མི་སྣ་སྔར་ལས་མང་པོ་སྐྱེད་སྲིང་བྱེད་ཐུབ་པས། ཕ་ཡུལ་ལ་སྔར་ལས་ཞབས་ཞུ་བཟང་བོ་སྒྲུབ་ཐུབ་པ་དང་། རེབ་གོང་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ། འཕེལ་རྒྱས། དར་སྤེལ་བཅས་བྱེད་ཐུབ། རེབ་གོང་སྒྱུ་རྩལ་དེ་མི་མང་པོའི་རྒྱུས་ལོན་དང་དགའ་ཞེན་བྱེད་པར་རེ་སྨོན་ཞུ་ཞེས་ཡིད་ཆེས་ཆེན་པོ་ཡོད་པའི་སྒོ་ནས་དེ་ལྟར་བཤད།

ལོ་ཙཱ་བ། ཤ་བོ་རིན་མཚོ།