ཕུགས་བསམ་གྱི་མཁའ་དབྱིངས་འོད་ཀྱིས་གཤགས་པའི་ཐོ་རངས་སྐར་ཆེན།
2017.02.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 61

ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལོ་གསར་དགོང་ཚོགས་ནི་ཀྲུང་གོ་པ་ཀུན་གྱིས་ཆེས་དགའ་བསུ་བྱེད་པའི་སྒྱུ་རྩལ་གྱི་སྤྲོ་ཚོགས་ཆེན་མོ་ཞིག་རེད། ད་ལོའི་ལོ་གསར་དགོང་ཚོགས་སྟེང་བོད་ལྭ་གྱོན་པའི་ན་གཞོན་གཞས་པ་ཞིག«བརྗེད་ཐབས་བྲལ་བའི་དོ་ནུབ»ཅེས་པའི་མཉམ་ལེན་ནང་ཞུགས་པ་དང་། ཁོའི་ངག་གི་འགྱུར་ཁུགས་རྫོགས་པའི་དབྱངས་རྟ་སྙན་མོས་གཟིགས་མོ་པ་ཁྲི་ཕྲག་ལ་བག་ཆགས་ཟབ་མོ་བཞག གཞས་པ་དེ་ནི་ཏག་ཏག་རང་ཞིང་གི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ནས་ཡོང་བ་དང་། 2016ལོའི“སྐར་འོད་ལམ་ཆེན”གྱི་ལོ་འཁོར་མོའི་བྱ་དགའ་ཨང་དང་པོ་ཐོབ་མཁན་དཀོན་མཆོག་ཚེ་རིང་རེད།

དཀོན་མཆོག་ཚེ་རིང་ནི་རི་རབ་དང་ནགས་ཚལ་གྱི་ཁོང་གསེང་དང་། རྫ་ཆུ་སྔོན་མོའི་འགྲམ་ངོགས་སུ་ཆགས་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་ཟུར་མང་ཉག་ལ་ཞེས་པའི་ཡུལ་དུ་སྐྱེས་ཤིང་། ཆུང་དུས་སུ་ཁྱིམ་གྱི་འབྱོར་བ་ཧ་ཅང་ཞན་པས་སློབ་ཆུང་ལོ་རིམ་གསུམ་ཙམ་ལས་མུ་མཐུད་དུ་སློབ་གཉེར་བྱེད་པའི་སྐལ་བ་མེད་པར་གྱུར། ཡིན་ནའང་ཁོར་ལྷན་སྐྱེས་ཀྱི་སྐད་ངག་བདེ་མོ་ཞིག་ཡོད་པའི་ཁར་གླུ་དང་གཞས་ལ་དགའ་བའི་སེམས་འདུན་བརྟན་པོ་ཞིག་ཡོད་པས། ཁོར་མཚོན་ན་མཐའ་ཡས་པའི་རྩྭ་ཐང་ནི་རང་བྱུང་གི་གར་སྟེགས་སུ་གྱུར་པ་དང་། ནོར་ནག་གི་ངུར་སྒྲ་དང་གཡང་དཀར་གྱི་འབའ་སྒྲ་ནི་སྙན་འཇེབས་ཀྱི་རོལ་མོ་ཡིན་ཏེ། ཁོས་རང་གི་དགའ་བ་དང་བརྩེ་བ་མ་ལུས་གླུ་དང་གཞས་ཀྱི་གདངས་ལ་བརྒྱུས་ནས་མཐོན་པོ་རྫ་དང་དམའ་མོ་སྤང་ལ་གྱེར་མྱོང་། རྗེས་སུ་ལོ་ན་ཚོད་དར་བ་དང་བསྟུན་ནས། ཁོའི་མཚན་སྙན་ཡང་ངང་གིས་རྒྱས་མགོ་བརྩམས་ཤིང་། ཁུལ་དང་རྫོང་རིམ་པའི་དུས་སྟོན་སྟེང“ནང་ཆེན་རས་པ”སོགས་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་གླུ་གར་ཐེངས་འགར་འཁྲབ་སྟོན་བྱས་པས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ལ། དེས་དཀོན་མཆོག་ཚེ་རིང་མུ་མཐུད་དུ་གླུ་གར་སྒྱུ་རྩལ་གྱི་ལམ་དུ་ཞུགས་པར་སྤོབས་པ་དང་ཡིད་ཆེས་ཆེན་པོ་བསྩལ་ཅིང་། དཀོན་མཆོག་ཚེ་རིང་ལ་མཚོན་ན་དེ་ནི་ཕུགས་བསམ་མངོན་འགྱུར་གྱི་གྲོགས་དང་རྟེན་དུ་གྱུར། སྐབས་དེ་དག་ཏུ་ཁོའི་སེམས་ལ་གལ་ཏེ་རང་གི་གླུ་གཞས་ཆེད་བསྒྲིགས་ཀྱི་འོད་སྡེར་ཞིག་པར་སྐྲུན་བྱ་ཐུབ་ཚེ་ཅི་མ་རུང་སྙམ། དེ་ནས་བཟུང་ཁོས་གྲོགས་གཉེན་ཡོངས་ལས་འོད་སྡེར་པར་སྐྲུན་གྱི་གནས་ཚུལ་རྒྱུས་ལོན་བྱས་ཤིང་། སྟབས་ལེགས་པ་ཞིག་ལ་རིང་པོ་མ་འགོར་བར་རང་གི་འདོད་མོས་ལྟར་མི་ཚེའི་འོད་སྡེར་ཐོག་མ་དེ་དཀའ་སྤྱད་དང་འབད་འབུངས་མང་པོར་བརྟེན་ནས་པར་སྐྲུན་དང་འགྲེམ་སྤེལ་བྱུང་བ་དང་། དེ་ལས་ཀྱང་ཡིད་མགུ་བ་ཞིག་ནི་ཁོའི་འོད་སྡེར་ཐོག་མ་དེར་ཕ་ཡུལ་མི་དམངས་ཀྱིས་དགའ་བསུའི་མེ་ཏོག་གཏོར་བྱུང་བ་དེ་རེད།

ཐེངས་ཤིག་དཀོན་མཆོག་ཚེ་རིང་གིས་བརྙན་འཕྲིན་ལས“སྐར་འོད་ལམ་ཆེན”ཞེས་པའི་ལེ་ཚན་དེ་མཐོང་བས་ཁོ་རང་དེར་དགའ་ཞེན་ཆེན་པོ་སྐྱེས། དེ་ནས་བཟུང་ལེ་ཚན་དེར་ལྟ་བ་ནི་ཁོའི་འཚོ་བའི་ཁྲོད་ཀྱི་མེད་མི་རུང་བའི་དགའ་ཕྱོགས་ཤིག་ཏུ་གྱུར། ལེ་ཚན་དེ་དག་ལ་ལྟ་བའི་གོ་རིམ་ཁྲོད། དཀོན་མཆོག་ཚེ་རིང་གི་སེམས་ལ་ནམ་ཞིག་རང་ཉིད་ཀྱང་གར་སྟེགས་དེའི་སྟེང་དུ་འབུད་ཐུབ་པའི་ཕུགས་བསམ་སྙིང་ལ་བཅངས། ཡིན་ནའང་པེ་ཅིན་དུ་འགྲོ་དགོས་ན་འགྲོ་སྒོ་མང་པོ་ཞིག་ཡོད་པས། ཁོས་ཕུགས་བསམ་གྱི་ཆེད་དུ་ཨར་ལས་བརྒྱབ་པ་དང་། མ་ཎི་རྡོ་རྐོ་སོགས་ལས་ཀ་ཆེ་མ་ཆུང་གསུམ་ཅི་རིགས་གཉེར་ཏེ་ལམ་གླ་སྒོར1000ལྷག་བསགས་པ་རེད།
2015ལོའི་དབྱར་ཁར། དཀོན་མཆོག་ཚེ་རིང་གིས་ཕུགས་བསམ་རུམ་གང་ཁོག་ཏུ་བཅུག་ཅིང་རང་གི་ཕ་ས་ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་རྒྱང་རིང་གི་པེ་ཅིན་དུ་ཆས།

ཡུས་ཧྲུའུ་དང་གཏན་ནས་ཁ་བྲལ་མ་མྱོང་བའི་ཁོ་རང་ཐེངས་དང་པོར་ཟི་ལིང་དང་ལན་གྲུ་སོགས་གྲོང་ཁྱེར་ཆེ་མ་ཆུང་གསུམ་མང་པོ་བརྒྱུད་མཐར་དངོས་སུ་པེ་ཅིན་དུ་སླེབས། པེ་ཅིན་དུ་སླེབས་རྗེས་དཀོན་མཆོག་ཚེ་རིང་དཀའ་ཁག་མང་པོར་འཕྲད་བྱུང་སྟེ། གྲོང་ཁྱེར་ཆེན་པོ་དེ་འདྲར་ཁོ་རང་ཁ་ཕྱོགས་ལའང་རྨོངས་ཏེ་ཤར་ལྷོ་ནུབ་བྱང་མི་རྙེད་པ་དང་། དེའི་ཁར་རྒྱ་ཡིག་རྒྱ་སྐད་བཟང་པོ་ཞིག་བཤད་མི་ཤེས་པས་འགྲོ་འདུག་ལའང་རང་དབང་བྲལ་བ་རེད། ཕ་ཡུལ་ནས་གང་དུ་འགྲོ་དགོས་ཀྱང་དེ་ནི་ལས་སླ་མོ་ཞིག་ཡིན་མོད། ཡིན་ནའང་པེ་ཅིན་དུ་འགྲོ་འདུག་ཙམ་ཡང་དེ་འདྲའི་དཀའ་མོ་ཞིག་ཡིན་པ་ཁོའི་ཡིད་ལའང་དྲན་མ་མྱོང་། ཁོ་རང་པེ་ཅིན་དུ་མ་སླེབས་སྔོན་ལ་ས་འོག་མེ་འཁོར་ནི་གོ་ཡང་མ་མྱོང་། ངོ་ཤེས་འགའ་རེ་ཡིས་ས་འོག་མེ་འཁོར་དུ་བསྡད་ན་སྟབས་བདེ་ཡིན་པར་བཤད་ཀྱང་། དཀོན་མཆོག་ཚེ་རིང་ལ་མཚོན་ན་ས་འོག་མེ་འཁོར་དུ་སྡོད་པ་དེ་ནི་ཤིན་ཏུ་དཀའ་མོ་ཞིག་ཡིན་ཏེ། དེར་ས་འོག་ཏུ་འཛུལ་བ་དང་ས་ཁར་འབུད་པ། ཚིགས་མལ་བརྗེ་བ་སོགས་གོ་རིམ་རྙོག་འཛིང་ཆེ་བས། ཁོར་མཚོན་ན་གླ་འཁོར་དང་སྤྱི་འཁོར་གཉིས་ལས་སྟབས་བདེ་ཞིག་མེད། ཁོ་རྒྱུན་དུ་ཡར་མར་འགྲོ་དུས་སྤྱི་འཁོར་ནང་གི་ཚིགས་མལ་གྱི་མིང་དེ་དག་ཡིད་ལ་དམ་པོར་བཟུང་སྟེ་ལམ་མི་ནོར་བར་བྱས།

པེ་ཅིན་དུ་སྡོད་པའི་བར་སྐབས་ཙམ་ལ་ཡོང་སྒོ་ཕྲན་ཙམ་ཡང་མེད་པས་ཁོའི་འཚོ་བར་དཀའ་ཁག་ཆེན་པོ་བྱུང་། ཁོས་དུས་ཡུན་རིང་པོར་སྟབས་བདེ་ཐུག་པ་བཏུངས་པས་ཕོ་བ་རྒྱུན་དུ་མི་བདེ་མོད། ཕོ་བ་འགྲངས་ཐབས་སུ་དེ་ལས་གཞན་པའི་ཆ་རྐྱེན་མེད་པ་རེད། སྐབས་དེ་དག་ཏུ་དཀོན་མཆོག་ཚེ་རིང་གིས་ཕུགས་བསམ་གྱི་ཆེད་དུ་དཀའ་སྤྱད་ཀྱི་རྔུལ་ཆུ་མང་པོ་གཏོར་བ་དང་། དུས་མཚུངས་སུ་ཁོར་ཉམས་མྱོང་དང་སྔོན་མེད་ཀྱི་དྲན་ཚུལ་ཡང་མང་པོ་ཞིག་ཐོབ་བྱུང་། འཚོ་བའི་ཕྱིར་དུ་ཁོས་ཟ་ཁང་སོགས་སུ་ལས་ཀ་རྩག་རྩིག་གཉེར་ཞོར་རོལ་མོ་སློབ་སྦྱོང་བྱེད་པར་འབད་པ་དང་། སྐབས་འགར་ད་དུང་གླུ་ཁང་དུ་གླུ་བླངས་ནས་འཚོ་བའི་ཁ་གསབ་མི་འཚོལ་ག་མེད་བྱུང་།དེ་ལྟ་ནའང་ཕ་མའི་སེམས་པ་བདེ་ལ་འཁོད་ཆེད། དཀོན་མཆོག་ཚེ་རིང་གིས་རྒྱུན་པར་ཡུལ་ལ་ཁ་པར་གཏོང་ཐེངས་རེར་རང་ཉིད་བདེ་མོ་སྐྱིད་པོ་ཡིན་ཞེས་བཤད་པ་རེད།

པེ་ཅིན་གྱི་བརྒྱུད་རིམ་དེ་དག་ནི་དཀོན་མཆོག་ཚེ་རིང་གིས་ནམ་ཡང་བརྗེད་མི་སྲིད་དེ། དེ་ནི་ཁོར་མཚོན་ན་དཀའ་ཚེགས་ཀྱི་ལོ་ཟླ་ཞིག་ཡིན་ལ། མི་ཚེའི་ཆེས་གལ་ཆེ་བའི་ནོམ་པ་ཡང་ཡིན་ཏེ། གལ་ཏེ་པེ་ཅིན་གྱི་སྐྱིད་སྡུག་དེ་དག་མེད་ཚེ་དཀོན་མཆོག་ཚེ་རིང་གི་དེ་རིང་གི་རྒྱལ་ཁ་དང་གྲུབ་འབྲས་ཡོད་མི་སྲིད།

ཐེངས་དང་པོར“སྐར་འོད་ལམ་ཆེན”་གྱི་གར་སྟེགས་སྟེང་འབུད་དུས། དཀོན་མཆོག་ཚེ་རིང་གི་ཡིད་སེམས་རབ་ཏུ་འགུལ་ནས་མིག་ཆུ་བཞུར་སོང་།དཀོན་མཆོག་ཚེ་རིང་གི་གླུ་སྐད་སྙན་མོས་ལྟད་མོ་པ་ཁྲི་ཕྲག་གི་སེམས་པ་དབང་མེད་དུ་བཀུག་ཅིང་། ཁོའི་བབ་ཆགས་པའི་ཉམས་འགྱུར་དང་ལྷད་མེད་ཀྱི་དགོད་སྒྲས་མི་མང་པོའི་སེམས་ཁོང་དུ་བག་ཆགས་ཟབ་མོ་བཞག་པ་རེད།“སྐར་འོད་ལམ་ཆེན”ལེ་ཚན་དུ་འཁྲབ་སྟོན་བྱས་པའི་མགོ་རྔ་བར་གསུམ་དུ་ཁོས་སེམས་པ་རྣམ་དག་དང་བརྩོན་པ་ཆེན་པོས་ལེ་ཚན་གྱི་འཁྲབ་ཁྲིད་པ་དང་ལས་བཟོ་མི་སྣ་ཡོངས་ལ་མཉམ་འབྲེལ་བྱས་པས། ལེ་ཚན་འཁྲབ་ཁྲིད་པས་གདེང་འཇོག་དང་བསྟོད་བསྔགས་ཆེན་པོ་བྱས་པ་རེད། འཁྲབ་ཁྲིད་པས་བལྟས་ན་དཀོན་མཆོག་ཚེ་རིང་ནི་ཚུལ་འཆོས་དང་བྲལ་ཞིང་བབ་ཆགས་པ་ཞིག་ཡིན་པས། “སྐར་འོད་ལམ་ཆེན”་གྱི་བླང་བྱ་སྟེ“མི་ངོ་མ། དོན་དག་ངོ་མ། བརྩེ་དུངས་ངོ་མ”ཞེས་པ་དང་ཡོངས་སུ་མཐུན།

དེ་ལྟར་དཀོན་མཆོག་ཚེ་རིང་གིས“སྐར་འོད་ལམ་ཆེན”ཞེས་པའི་འགྲན་རྩོད་ཤིན་ཏུ་ཆེ་བའི་གར་སྟེགས་དེའི་སྟེང་དུ་གཟའ་འཁོར་འགྲན་སྡུར་ཁྲོད་ཀྱི་ཨང་དང་པོ་དང་། ཟླ་འཁོར་འགྲན་སྡུར་ཁྲོད་ཀྱི་ཨང་དང་པོ། ལོ་ཕྱེད་འགྲན་སྡུར་ཁྲོད་ཀྱི་ཨང་དང་པོ། དེ་ནས་ལོ་འཁོར་གཅིག་གི་འགྲན་སྡུར་ཁྲོད་ཀྱི་ཨང་དང་པོ་བཅས་བླངས་པས་ཁོའི་མཚན་སྙན་ཡང་ཀྲུང་ཧྭ་འཛིན་མའི་ཁྱོན་དུ་འབྲུག་ལྟར་ལྡིར་བྱུང་།དཀོན་མཆོག་ཚེ་རིང་གིས“སྐར་འོད་ལམ་ཆེན”་སྟེང་བོད་ཀྱི་གླུ་གར་སྣ་ཚོགས་ངོམས་གང་ཐུབ་བྱས་པས། རྒྱལ་ཡོངས་ཀྱི་གཟིགས་མོ་པ་ཁྲི་ཕྲག་གིས་བོད་དང་སྒོས་སུ་མཚོ་སྔོན་གྱི་གླུ་གར་རིག་གནས་ལ་ལོངས་སྤྱོད་བྱེད་པའི་སྐལ་བ་ལྡན། དཀོན་མཆོག་ཚེ་རིང་གིས་བཤད་རྒྱུར། མ་འོངས་པའི་མདུན་ལམ་ནི་ག་འདྲ་ཞིག་ཡིན་པ་དཔོག་པར་དཀའ་མོད། ངས་མི་མང་པོར་ངའི་ཕ་ཡུལ་གྱི་མཛེས་པ་རྟོགས་སུ་འཇུག་རྒྱུ་ཡིན།

དཀོན་མཆོག་ཚེ་རིང་གི་དཀའ་སྤྱད་འབད་བརྩོན་དང་རོལ་མོ་སྒྱུ་རྩལ་ལ་བཅངས་པའི་དད་འདུན་བརྟན་པོ་དེར་བརྟེན་ནས་ཁོར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལོ་གསར་དགོང་ཚོགས་སྟེང་འཁྲབ་སྟོན་བྱེད་པའི་སྐལ་བ་ཐོབ་པ་རེད། 2017ལོའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལོ་གསར་དགོང་ཚོགས་སྟེང་དཀོན་མཆོག་ཚེ་རིང་དང་གླུ་བ་སྐད་གྲགས་ཅན་ལི་ཀུའུ་དབྱི། ཀོན་མུའུ་ཚུན་སོགས་དང«བརྗེད་ཐབས་བྲལ་བའི་དོ་ནུབ»ཅེས་པ་མཉམ་ལེན་བྱས། དཀོན་མཆོག་ཚེ་རིང་ལ་མཚོན་ན་ཀྲུང་གོ་པ་ཀུན་གྱིས་ཆེས་དགའ་བསུ་བྱེད་པའི་སྒྱུ་རྩལ་གྱི་སྤྲོ་ཚོགས་ཆེན་མོ་དེའི་སྟེང་དུ་གཞས་གཏོང་བའི་གོ་སྐབས་སྨིན་པ་ནི་ཁོའི་ཕུགས་བསམ་མངོན་འགྱུར་བྱུང་བའི་རྟགས་མཚན་ཞིག་ཡིན།
དཀོན་མཆོག་ཚེ་རིང་གི་མདུན་ལམ་ད་དུང་རྒྱང་ནས་རྒྱང་དུ་བསྲིངས་ཡོད། ཁོ་ནི་ཕུགས་བསམ་གྱི་མཁའ་དབྱིངས་འོད་ཀྱིས་གཤགས་པའི་ཐོ་རངས་སྐར་ཆེན་ཞིག་སྟེ། སྒྱུ་རྩལ་གྱི་ལམ་ཁ་སྔར་ལས་ཡངས་ཤིང་ཆེ་བའི་ཡིད་ཆེས་བདོག་གོ །

རྩོམ་སྒྲིག་པ། ཚེ་མགོན་རྒྱལ།