དབུལ་ཕོངས་ཁྱིམ་ཚང་ལ་བརྩེ་བ་ཟབ་པའི་ཧྲུའུ་ཅི་དང་བོ།
2017.03.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་བཅུ་གཉིས་ཀྱི་དཀྱིལ་དུ། གཙང་གསུམ་འབྱུང་ཡུལ་གྱི་ཡུའུ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ལ་རབ་དཀར་གྱི་ཁ་བ་བབ་བྱུང་། སྐྱེ་རྒུ་གྲོང་རྡལ་གྱི་གཞུང་ལམ་སྟེང་དུ་དངུལ་དཀར་ཁ་བས་ཡོངས་སུ་གཡོགས་འདུག ཞོགས་པར་བསྟན་འཛིན་དབང་འདུས་ཀྱིས་གླ་གཏོང་རླངས་འཁོར་ཐོག་གི་ཁ་བ་གཙང་ཕྱག་བྱེད་པ་དང་མཉམ་དུ་རླངས་འཁོར་གློག་སྒོ་ཕྱེས་ནས་སྔོན་ལ་དྲོད་རླངས་བཏང་བ་དང་དེ་ནས་གླ་གཏོང་རླངས་འཁོར་འཇོག་སའི་ཁང་བའི་ནང་སོང་ནས་འོ་ཇ་ཁམ་བུ་འགའ་འཐུང་རྗེས་སླར་ཡང་ཇ་ཕོར་གྱི་ཁ་དམ་པོར་གཅུས་རྗེས་ལམ་ལ་ཆས་བྱུང་།

ད་ལོ་རང་ལོ་ཉེར་གཅིག་ལ་སོན་ཡོད་པའི་བསྟན་འཛིན་དབང་འདུས་ནི་ནང་ཆེན་རྫོང་ཇོ་ལ་ཞང་སི་ཧོང་སྡེ་བའི་འབྲོག་མི་ཞིག་ཡིན་ལ། ཁོ་ཚང་ནི་སྡེ་བའི་ནང་གི་དབུལ་ཕོངས་ཀྱི་ཁྱིམ་ཚང་གི་གྲས་སུ་ཚུད་ཡོད་པ་དང་ཁྱིམ་ཚང་དེར་འབྲི་གཡག་བཅུ་ལྷག་དང་ས་ཞིང་མུའུ་འགའ་མ་གཏོགས་རྒྱུ་ནོར་གཅིག་ཀྱང་མེད། ཁྱིམ་ཚང་གང་བོའི་ལོ་གཅིག་གི་ཡོང་སྒོ་གཙོ་བོ་ནི་དབྱར་རྩྭ་དགུན་འབུ་བརྐོ་བ་ཁོ་ན་ཡིན། དེ་བས་ཁྱིམ་ཚང་ཧ་ཅང་དཀའ་ངལ་ཆེ་བས་བསྟན་འཛིན་དབང་འདུས་དམའ་འབྲིང་མཐར་ཕྱིན་རྗེས་སློབ་གྲྭ་འགྲིམས་མ་ཐུབ་པར་ཕྱིར་ཁྱིམ་དུ་ལོག་ནས་ས་ཞིང་འདེབས་པ་དང་ཕྱུགས་འཚོ་བའི་ལས་ཀ་གཉེར་བ་རེད།

ད་སྐབས་བསྟན་འཛིན་དབང་འདུས་ཡུའུ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གཙང་གསུམ་འབྱུངས་ཡུལ་གྱི་གླ་གཏོང་རླངས་འཁོར་ཀུང་ཟིའི་ནང་དུ་བྱ་བ་བསྒྲུབ་བཞིན་ཡོད་ལ། དབྱར་དུས་སུ་ཉིན་གཅིག་ལ་ཡོང་སྒོ་སྒོར་བཞི་བརྒྱ་ལྷག་ཡོད་པ་དང་། དགུན་ཁར་ནམ་ཟླ་འཁྱགས་པའི་དབང་གིས་ཉིན་གཅིག་ལ་ཡོང་སྒོ་སྒོར་ཉིས་བརྒྱ་མ་གཏོགས་མེད། དགུན་ཁར་གཞུང་ལམ་སྟེང་དར་ཆགས་ཡོད་པས་གླ་གཏོང་རླངས་འཁོར་ཕྱིར་ཡོང་བའང་ཧ་ཅང་ཉུང་མོད། འོན་ཀྱང་ང་ཚོས་ཡོང་སྒོ་མང་ཙམ་བཙལ་བར་དགུན་ཁའི་གྲང་རླུང་ལ་མི་འཛེམས་པར་ཕྱིར་ཡོང་ནས་ཉིན་རྒྱུན་རླངས་འཁོར་ཤར་གཏོང་བྱས་པ་ཡིན་ཞེས་བསྟན་འཛིན་དབང་འདུས་ཀྱིས་དེ་ལྟར་བཤད་བྱུང་།

བསྟན་འཛིན་དབང་འདུས་ཀྱིས་བཤད་རྒྱུར། ས་འདི་ནས་གླ་གཏོང་རླངས་འཁོར་སྐོར་མཁན་ང་གཅིག་པུ་ལས་གཞན། ད་རུང་ང་ཚོའི་སྡེ་བའི་བསམ་མཆོག་ཐར་སྲིན་ཡང་ཡོད་པ་རེད། ང་ཚོ་ཚང་མས་འདི་ནས་སྒོར་མོ་བཙལ་བ་ཡིན། ཁུལ་ཐོག་ནས་ང་ཚོའི་བྱ་བ་ལ་དོ་དམ་དང་དོན་དངོས་དང་མཐུན་པར་སྒྲུབ་པ། མི་དམངས་མང་ཚོགས་ལ་ཕན་བདེ་སྐྲུན་པ། ང་ཚོའི་དབུལ་ཕུང་ཁྱིམ་ཚང་ལ་སེམས་ཁུར་བྱེད་པའི་གཉེན་ཉེ་ལྟ་བུའི་ཧྲུའུ་ཅུ་དང་བོ་ཞིག་མངགས་ཡོད་པ་རེད།

བསྟན་འཛིན་དབང་འདུས་ཀྱིས་བཤད་པའི་ཧྲུའི་ཅི་དང་བོ་ནི་ཡུའུ་ཧྲུའུ་ཁུལ་འགྲིམ་འགྲིལ་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཐེན་བན་པོ་ཡིན་ལ། ཐེན་བན་པོ་ན་ནིང་ལོའི་ཟླ་བཅུ་བ་ནས་བཟུང་ཇོ་ལ་ཞང་སི་ཧོང་སྡེ་བར་ཡོང་ནས་གནད་ཕིགས་དབུལ་སྐྱོར་གྱི་ཧྲུའུ་ཅི་དང་པོའི་འགན་ཁུར་བ་དང་། ན་ནིང་ལོའི་ལུགས་གསར་སྐབས་སུ་ཐེན་བན་པོ་ཐོག་དང་པོར་སི་ཧོང་སྡེ་བར་ཡོང་བ་དང་། སྐབས་དེར་ཐེན་བན་པོ་ཡིས་ནས་ཏུན་བཅུ་དང་། བྱེ་སྤྱི་རྒྱ་སྟོང་གཉིས་ལྔ་བརྒྱ་ལྷག་ཁྱེར་ཡོང་ནས་སྡེ་བ་དེའི་དབུལ་བོའི་ཁྱིམ་ཚང་དག་ལ་གནང་སྦྱིན་བྱས་པ་དང་། ཁོ་ལ་དེ་ལས་གཞན་པའི་འགན་འཁུར་ཞིག་ཡོད་པ་ནི་སི་ཧོང་སྡེ་བའི་དབུལ་ཕོངས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་རྒྱུ་དེ་ཡིན།

སི་ཧོང་སྡེ་བ་ནི་རོང་མ་འབྲོག་གི་སྡེ་བ་ཞིག་ཡིན་ལ། སྡེ་བ་ཡོངས་ལ་ཧྲེ་གསུམ་དང་། ཁྱིམ་ཚང་ཉིས་བརྒྱ་ཉེར་བརྒྱད། མི་གྲངས་སྟོང་གཅིག་དང་ཉིས་བརྒྱ་སོ་ལྔ་ཡོད་ལ། སྡེ་བ་ཡོངས་ལ་དབུལ་ཕོངས་ཁྱིམ་ཚང་དོན་བདུན་ཡོད་པ་དང་། ཆེས་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱིམ་ཚང་ཉེར་དགུ་ཡོད། སྡེ་བའི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་དབྱར་རྩྭ་དགུན་འབུ་བརྐོ་རྒྱུ་དེ་ཡིན། ཐེན་བན་པོ་ཡིས་སྡེ་བ་དེར་རྒྱུས་ལོན་ཟབ་མོ་བྱས་མཐར་སྡེ་བའི་ན་གཞོན་ཚོས་དབྱར་རྩྭ་དགུན་འབུ་བརྐོས་ཚར་རྗེས་རང་འགར་བསྡད་ཡོད་པ་ཤེས་རྟོགས་བྱུང་བ་དང་། ཐེན་བན་པོ་ཡིས་ཁོ་ཚོ་ལ་ལག་རྩལ་སློབ་པར་མངགས་རྒྱུར་ཐག་བཅད།

ཐེན་བན་པོ་ཡིས་བཤད་རྒྱུར། འབྲོག་པ་ཚོས་ཕྱུགས་འཚོ་བ་དང་ཞིང་འདེབས་པ་ཁོ་ན་ལས་གཞན་ཅི་ཡང་མི་ཤེས་པ་དང་། ང་ཚོས་དབུལ་སྐྱོར་བྱ་བ་དེ་སྒོར་འགའ་དང་དངོས་པོ་ཉུང་ཙམ་བྱིན་ནས་ཐག་གཅོད་སླ་བ་ཞིག་མིན་པར། ང་ཚོས་ངེས་པར་དུ་འབྲོག་པ་མང་ཚོགས་ལ་ལག་རྩལ་སྣ་གཅིག་སློབ་པར་བཅུག་ནས་ཁོ་ཚོར་དབུལ་ཐར་བྱེད་རྒྱུ་དེ་ཡིན་ཟེར། ཐེན་བན་པོ་ཕྱིར་ཁུལ་ཐོག་ལ་སོང་རྗེས། རླངས་འཁོར་ཁ་ལོ་བའི་སློབ་གྲྭ་ཞིག་ལ་འབྲེལ་བ་བྱས་ཏེ་འབྲོག་པ་མང་ཚོགས་ལ་རླངས་འཁོར་ཁ་ལོ་བའི་ལག་རྩལ་སྦྱང་བར་མངགས་པ་དང་། སློབ་ཡོན་དང་ལུས་ཕུང་བརྟག་དཔྱད་རིན་གཅིག་པུ་ལའང་སྒོར་སྟོང་གསུམ་དང་བརྒྱད་བརྒྱ་ཡིན་པ་དང་། ཐེན་བན་པོ་ཡིས་ཁ་གསབ་སྒོར་སྟོང་གསུམ་བྱིན། འབྲོག་པ་མང་ཚོགས་རང་སྒེར་གྱིས་སྒོར་བརྒྱད་བརྒྱ་མ་གཏོགས་སྟེར་མི་དགོས་ལ་བསྟན་འཛིན་དབང་འདུས་ཡང་ནང་གི་ཁེ་ཕན་ཐོབ་མཁན་གཅིག་རེད།

ཐེན་བན་པོ་ཡིས་གསར་འགོད་པར་བཤད་རྒྱུར། སློབ་མ་སུམ་བཅུ་ལྷག་གི་ནང་ནས་ཉི་ཤུས་རླངས་འཁོར་བསྐོར་ཆོག་པའི་འཛིན་ཡིག་ལོན་པ་དང་། ཁོ་ཚོས་ཁུལ་ཐོག་ན་རླངས་འཁོར་སྐོར་བཞིན་ཡོད་ལ། འཛིན་ཡིག་ལེན་མ་ཐུབ་པ་དག་ལའང་ང་ཚོས་མུ་མཐུད་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་སྤྲད་པ་ཡིན་ཟེར།

སི་ཧོང་སྡེ་བའི་མགོན་ཐོ་བསྟན་སྐྱིད་ནི་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་ལ། ཁྱིམ་ཚང་དེར་བྱིས་པ་ལྔ་ཡོད་པ་དང་། བུ་ཆེ་བ་གཉིས་སློབ་གྲྭར་འགྲོ་བཞིན་ཡོད་ལ། ཨ་མ་ཡང་ནད་པ་ཞིག་ཡིན། ཐེན་བན་པོ་ཡིས་གནས་ཚུལ་དེ་ཤེས་རྗེས། མགོན་ཐོ་བསྟན་སྐྱིད་ལ་སྒོར་སྟོང་གསུམ་གྱི་འཚམས་འདྲིའི་དངུལ་བྱིན་པ་མ་ཟད། ད་དུང་ཐེབས་རྩ་ཚོགས་པ་ཞིག་ལ་འབྲེལ་བ་བྱས་ཏེ་བུ་གཉིས་ལ་ཟླ་རེར་འཚོ་བའི་གྲོན་དངུལ་སྒོར་ཉིས་བརྒྱ་ཡིས་རོགས་སྐྱོར་བྱེད་དུ་བཅུགས་པ་དང་། རང་གི་གཉེན་ཉེ་ལྟར་བདག་སྐྱོང་དང་རོགས་རམ་བྱས། མགོན་ཐོ་བསྟན་སྐྱིད་ཀྱི་ཁྱིམ་ཚང་ལས་གཞན་པའི་དབུལ་ཕོངས་ཁྱིམ་ཚང་གཉིས་ལ་རོགས་རམ་བྱས་པར་མ་ཟད་གཉེན་ཉེ་ལྟར་རོགས་རམ་བྱས།

ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། ནང་ཆེན་རྫོང་ལ་ཚད་རིམ་བཞི་དང་གྲངས་ཆུང་བརྒྱད་ཡས་མས་ཀྱི་ས་འགུལ་བྱུང་བ་དང་། ཇོ་ལ་ཞང་ནི་ས་འགུལ་གྱི་གནས་གཙོ་བོ་ཡིན། ཐེན་བན་པོ་ཡིས་གནས་ཚུལ་དེ་ཤེས་རྗེས། ནངས་ཇའང་འཐུང་ཁོམ་མེད་པར་སི་ཧོང་སྡེ་བའི་ཕྱོགས་སུ་བསྐྱོད་པ་དང་། ཐེན་བན་པོ་ཇོ་ལ་ཞང་ལ་ཐོན་མ་ཐག་ནང་ཆེན་རྫོང་གི་བྱ་བའི་རུ་ཁག་ཀྱང་ཇོ་ལ་ཞང་དུ་ཐོན་ཡོད་ལ། དེ་ནས་ཁོ་རང་བྲེལ་མྱུར་ངང་ནས་སི་ཧོང་སྡེ་བར་སོང་ནས་གནོད་འཚེ་ལ་རྟོག་ཞིབ་བྱས།

གནས་ཚུལ་རྒྱུས་ལོན་བྱས་རྗེས། སི་ཧོང་སྡེ་བའི་ཁྱིམ་ཚང་རེ་བརྒྱད་ལྷག་གི་ཁང་བ་ལ་ཚད་མི་འདྲ་བའི་གནོད་སྐྱོན་ཐེབས་ཡོད་པ་ཤེས། ཐེན་བན་པོ་ཡིས་གནོད་ཐེབས་ཁྱིམ་ཚང་རེ་བརྒྱད་ལ་སྒོར་ཁྲི་གཉིས་ཀྱིས་འཚམས་འདྲིའི་དངུལ་བྱིན། ལོ་སར་ལ་ཉེ་བའི་སྐབས་སུ་དབུལ་ཕོངས་ཁྱིམ་ཚང་སྟོང་གཅིག་དང་ལྔ་བརྒྱ་ལ་འབྲས་དང་བྱེ་སྤྱི་རྒྱ་སྟོང་གཅིག་ལྷག་བྱིན་ནས་དཀའ་ཁག་སེལ།

ཐེན་བན་པོ་ཡིས་སྐུལ་སློང་འོག་ཡུས་ཧྲུའུ་ཁུལ་འགྲིམ་འགྲུལ་རུ་ཁག་གིས་སི་ཧོང་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་སུམ་བཅུ་ལྷག་ལ་སྒོར་ལྔ་བརྒྱ་རེ་བྱིན་པ་མ་ཟད། ད་དུང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ལ་འགྲོ་གྲོན་མ་དངུལ་སྟོང་ལྔ་ལྷག་བྱིན། ཇོ་ལ་ཞང་སི་ཧོང་སྡེ་བའི་སྡེ་སྡོད་ལས་བྱེད་པ་ཆོས་བཟང་སྐྱིད་ཀྱིས་གསར་འགོད་པར་བཤད་རྒྱུར། ཐེན་བན་པོ་ཡིས་སྟོབས་ཤུག་ཡོད་རྒུ་བཏོན་ནས་སི་ཧོང་སྡེ་བར་རོགས་སྐྱོར་བྱས་པ་དང་། ཕལ་ཆེར་ཟླ་རེར་ཐེངས་གཉིས་ལྷག་ལ་སྡེ་བའི་ནང་དུ་ཡོང་གི་ཡོད།

གསར་འགོད་པས་ཐེན་བན་པོ་ལ་བཅར་འདྲི་བྱེད་སྐབས་སུ། ཐེན་བན་པོ་ཡིས་ཁ་པར་གྲགས་བྱུང་བ་དང་། དེ་ནི་རྒྱལ་ཁབ་གློག་དྲྭ་ཡུའུ་ཧྲུའུ་ཡི་འགན་ལེན་པས་ཁོ་ལ་བཏང་བའི་ཁ་པར་ཡིན་ལ། དོན་དག་ནི་ཐེན་བན་པོ་ཡིས་གློག་དྲྭའི་ལས་གཞི་འདུམ་འགྲིག་བྱེད་བཞིན་ཡོད། ལས་གཞི་འདི་ལ་མ་དངུལ་སྒོར་ཁྲི་བདུན་བརྒྱ་དང་ཉེར་ལྔ་ལྷག་ཡིན་པ་དང་། གློག་དྲྭའི་འཐེན་ཚད་སྤྱི་ལེ་བཅུ་བདུན་ཡིན་འདུག ཐེན་བན་པོ་ཡིས་ཁ་པར་བཏང་ཚར་རྗེས། ལས་གཞི་འདིའི་དང་ལེན་ལེགས་འགྲུབ་བྱུང་དུ་འཇུག་དགོས། སི་ཧོང་སྡེ་བ་ནི་མ་འོངས་པར་ནང་ཆེན་རྫོང་ནས་ཆེས་ཐོག་མར་གློག་འཐེན་པའི་སྡེ་བ་ཡིན་དགོས། དབུལ་ཕོངས་ཁྱིམ་ཚང་ཚང་མ་ཡང་དབུལ་བོ་ལས་ཐར་བར་དུས་ཡུན་མི་རིང་ཟེར།

ལོ་ཙཱ་བ། སྐར་མ་འཚོ།