བགྲེས་པོའི་བདེ་སྐྱིད་ཀྱི་རྨི་ལམ་བསྐྲུན་མཁན།
2017.03.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 22

ཁོའི་མིང་ལ་གཟུངས་རྒྱ་ཟེར།   ཁོ་ནི་ཞིན་ཧེ་རྫོང་དཔལ་ཁ་ལུག་རྒྱུད་གསོ་སྤེལ་ར་བ་ནས་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་མི་སྣ་ཞིག་ཡིན་ལ།  ཀྲུང་གོ་གུང་ཁྲན་ཏང་ཡོན་རྒན་པ་ཞིག་ཀྱང་རེད།  སུ་ཚང་ལ་རོགས་རམ་བྱེད་དགོས་ཚེ་ཁོ་དེར་ཐོན་ཡོད་ལ།   ཁྱིམ་མཚེས་གཡས་གཡོན་དང་ཐ་ན་སྲང་ལམ་གྱི་ཚོང་བ་ཚང་མས་ཀྱང་ཁོ་མི་ཤེས་མཁན་གཅིག་ཀྱང་མེད།

   ཁོས་རང་ཁྱིམ་ནས་རང་ཉིད་དང་ཤ་ཉེའི་འབྲེལ་བ་ཅི་ཡང་མེད་པའི་རྒན་པོ་བློ་གྲོས་ཟེར་བ་ཞིག་ལ་བདག་སྐྱོང་བྱས་མྱོང་།   སྐབས་དེར།  ཁོ་ཉིན་རྒྱུན་ནངས་སྔ་ལངས་ཀྱིས་སྒོར་སོང་ནས་རྒན་པོ་བློ་གྲོས་ནམ་རྒྱུན་ཟ་རྒྱུར་དགའ་བའི་ཟས་རིགས་ཉོ་བ་དང་།   ཁོས་རྒྱུན་དུ་ཐང་འཚོང་དག་གི་ལག་ནས་དངོས་བོ་ཉོས་སྟབས་ཚོང་བ་དག་གིས་ཀྱང་རིན་གོང་གི་ཐད་ནས་ཅུང་ཇེ་དམའ་རུ་བཏང་ནས་ཁོར་བཙོང་གིན་ཡོད། 

མི་ལ་ལས་ཁོ་ལ་ཅིའི་ཕྱིར་མི་གཞན་པར་རོགས་རམ་བྱེད་རྒྱུར་དེ་འདྲའི་དགའ་ཞེས་དྲིས་པ་ན།   ཁོའི་གདོང་ལ་འཛུམ་གྱིས་ཁེངས་ནས་བཤད་རྒྱུར།  མི་སུ་ཡིན་རུང་དཀའ་ཁག་ལ་འཕྲད་དུས་སུས་ཀྱང་ཁ་ཡ་མ་བྱས་ན།  མི་དང་མིའི་བར་ན་བརྩེ་བ་ཟེར་བ་ཞིག་ག་ལ་ཡོད།  འདི་ལྟར་གསོན་ན་སྙིང་བོ་ཅི་ཡོད་ཟེར།     

རྒན་པོ་བློ་གྲོས་ལོ་ན་བརྒྱད་ཅུར་ཐོན་དུས།  གྲུམ་བུའི་ནད་དང་ཁྲག་ཤེད་མཐོ་བའི་ནད་ལྕི་མོ་ཕོག་ཡོད་པ་དང་འགྲོ་འདུག་སྟབས་བདེ་མིན་པས།  རང་གཅིག་པུས་འཚོ་བ་རོལ་དཀའ།  དེ་བས་སྔོན་ཆད་གཟུངས་རྒྱ་ཚང་གི་བུ་ཆུང་བའི་དགེ་རྒན་བྱས་མྱོང་བའི་རྒན་པོ་བློ་གྲོས་ཀྱིས་གཟུངས་རྒྱ་ཚང་གིས་ཁོར་བདག་སྐྱོང་གནངས་བར་རེ་བ་ཞུས།  ཐོག་མར་ཁྱིམ་མི་ཚོར་རྒན་པོ་བློ་གྲོས་གཉོར་སྐྱོང་བྱེད་རྒྱུར་གྲོས་བྱེད་དུས།  ཁོ་ཚོར་འདང་རྒྱག་ས་མང་པོ་ཞིག་ཡོད།  འོན་ཀྱང་གཟུངས་རྒྱས་ཁོའི་ཁྱིམ་མི་རྣམས་ལ་བཤད་རྒྱུར།    རྒན་པོ་བློ་གྲོས་ནི་འུ་ཚང་གི་གཉེན་ཉེ་དང་འདྲ་བས་ང་ཚོས་ཁོར་ཁ་ཡ་མ་བྱས་ན་སུ་ཞིག་གིས་ཁ་ཡ་བྱེད་ཟེར།  དེ་ལྟར་ཁོའི་སྐུལ་སློང་འོག་ཏུ་ཁྱིམ་མི་ཚང་མ་ཡང་འཐད་པ་བྱུང་ནས་རྒན་པོ་བློ་གྲོས་རྨ་ལྷོ་ནས་རང་ཁྱིམ་དུ་བསུས་པར་མ་ཟད། རྒན་པོ་བློ་གྲོས་ཀྱི་ཁྱིམ་མི་དང་བར་དུ་གཉོར་སྐྱོང་ཡི་གེ་བྲིས།   ཡི་གེའི་སྟེང་དུ་མཛུབ་ཐེལ་མནན་པའི་ཉིན་དེ་ནས་བཟུང་།  གཟུངས་རྒྱས་རྒན་པོ་བློ་གྲོས་ཀྱི་སྐྱེ་རྒ་ན་འཆི་དང་བཅས་པའི་ཡོད་ཚད་ཕྲག་སྟེང་དུ་བླངས་བ་དང་ཁོའི་ཁྱིམ་མིས་ཀྱང་རྒན་པོ་བློ་གྲོས་ལ་བདག་སྐྱོང་བླ་མེད་གནང་། 

རྒན་པོ་བློ་གྲོས་ལ་གཉོར་སྐྱོང་བྱེད་པའི་ཉིན་དེ་དག་གི་རིང་ལ།  གཟུངས་རྒྱས་ནམ་རྒྱུན་རྒན་པོ་བློ་གྲོས་ལ་རང་གི་ཁྱིམ་ཚང་གི་དོན་དག་ཆེ་མ་ཆུང་གསུམ་དང་།  ད་དུང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོ་སོགས་བརྩེ་བའི་ངང་ཁ་བརྡ་བྱེད་པ་དང་། ཁོས་བཤད་རྒྱུར།  འཛེམ་དོགས་ཅི་ཡང་བྱེད་མི་དགོས།  ཁྱིམ་འདི་ནི་ཁྱེད་ཀྱི་ཁྱིམ་ཡིན་ལ་ང་ཚོ་ནི་ཁྱེད་ཀྱི་ཁྱིམ་མི་ཡིན་ཟེར། 

གཟུངས་རྒྱ་ལོ་ན་རྒས་རུང་།  སློབ་སྦྱོང་བྱེད་རྒྱུར་ཧ་ཅང་དགའ།  སྐབས་རེར་ཁོས་རྒན་པོ་བློ་གྲོས་ལ་བོད་སྨན་ཕྱོགས་ཀྱི་ཤེས་བྱ་བཀའ་འདྲི་ཞུ་གི་ཡོད།  རྒན་པོ་བློ་གྲོས་ན་གཞོན་གྱི་དུས་སུ་དགོན་པའི་སྨན་པ་ཡིན་པས་བོད་སྨན་གྱི་ཕྱོགས་ལ་མཁས།  ཁོས་སེམས་སུ་རང་ཉིད་ཀྱིས་ཁྱིམ་ཚང་འདིའི་དྲིན་ལན་འཇལ་ཐུབ་མེད་པས།  རང་གི་རྒྱུད་ན་ཡོད་པའི་ཤེས་བྱ་འདི་ཙམ་གཅིག་ཀྱང་མ་ལུས་པར་ནན་ཏན་གྱིས་གཟུངས་རྒྱ་ལ་ཁྲིད་དགོས་བསམ་བཞིན་ཡོད་ལ།  སེམས་ལ་ཡང་སྤྲོ་བ་ཚད་མེད་སྐྱེས།  གཟུངས་རྒྱས་མཛེས་སྡུག་ལྡན་པའི་འདས་ཟིན་པའི་ལོ་ཟླ་དེ་དག་ལ་ཕྱིར་དྲན་བྱས་ཚེ་ད་དུང་མིག་ལམ་དུ་གསལ་ལྷང་ངེར་ཡོད།   འོན་ཀྱང་རྒན་པོ་བློ་གྲོས་མི་ཚེ་འདིར་གཏན་དུ་བྲལ་བས་སྐྱོ་གདུང་གི་མིག་ཆུ་ཤམ་ཤམ་དུ་བཞུར་ཡོང་། 

ན་ནིང་གི་ཟླ་བརྒྱད་པར་རྒན་པོ་བློ་གྲོས་ཚེ་ལས་འདས་པ་ནས་བཟུང་།  གཟུངས་རྒྱས་ཆེས་སེམས་ཁུར་བྱེད་ས་ནི་རང་གི་ཚ་མོའི་སློབ་སྦྱོང་རེད།   ཁོས་རྒྱུན་དུ་རང་གི་ཚ་མོར་བཤད་རྒྱུར།   སློབ་སྦྱོང་ཡག་པོ་བྱས་ནས་མ་འོངས་པར་ནུས་པ་ཡོད་པའི་མི་ཞིག་བྱེད་དགོས་ལ་ལྷག་པར་དུ་མི་གཞན་པར་རོགས་རམ་བྱེད་རྒྱུར་དགའ་བའི་མི་ཞིག་བྱེད་དགོས་ཟེར།  ཁོས་རང་གི་མི་རབས་རྗེས་མས་ཀྱང་ཁྱིམ་སྲོལ་ཡག་པོ་འདི་རྒྱུད་འཛིན་བྱས་ནས་མི་བཟང་བོ་ཞིག་བྱེད་པར་རེ་བ་ཆེན་པོ་ཡོད། 

 ལོ་ཙཱ་བ།   ཟླ་བཟང་སྒྲོལ་མ།