རིག་དངོས་ཆེད་མཁས་པ་ཞིག་གི་འཚོ་བའི་བརྒྱུད་རིམ།
2017.03.27 ཁུངས། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས། ཀློག་གྲངས། 33

1984ལོར། མཚོ་སྔོན་ཁྲི་ཀ་རྫོང་གི་དྲུག་པའི་ལྷ་རྩེད་དུས་ལྟར་སྤེལ་བ་དང་། ལོ་ངོ་གཅིག་སྟོང་ལྷག་ལ་རྒྱུན་བསྲིངས་བྱས་པའི་དུས་ཆེན་དེ་ནི་རིག་གནས་གསར་བརྗེའི་དུས་སུ་ལོ་འགའི་རིང་ལ་མཚམས་བཞག་པ་མ་གཏོགས། དུས་ནམ་ཡིན་ཡང་ཁྲི་ཀ་རྫོང་དང་ཐ་ན་ཉེ་འགྲམ་ས་ཁུལ་གྱི་རིགས་སོ་སོའི་མང་ཚོགས་རྣམས་ཀྱི་དགའ་སྤྲོའི་དུས་ཆེན་ཞིག་རེད། རོང་འབྲོག་དང་རི་གྲོང་ཀུན་ནས་ཡོང་བའི་མང་ཚོགས་རྣམས་ཀྱིས་དུས་ཆེན་གྱི་གྱོན་གོས་སྣ་ཚོགས་གོན་ནས། གནས་གཅིག་ཏུ་འཛོམས་ཏེ་གླུ་ལེན་གར་རྩེད་དང་།ཆོས་ལུགས་མཆོད་འབུལ། ཚོང་ཟོང་བརྗེ་རེས་སོགས་ཀྱི་བྱ་འགུལ་སྤེལ་བཞིན་ཡོད་ལ། ཁྲོམ་ལ་ཉུལ་བ་དང་ཇ་ཆང་ལ་རོལ་བ། གླུ་ལེན་པ་སོགས་ཉིན་འགའི་རིང་སྤྲོ་སྐྱིད་གཏོང་བཞིན་ཡོད།

ལོ་ཉེར་གཅིག་ཡིན་པའི་བསོད་ནམས་དབང་ལྡན་སྐབས་དེར་བློ་སྤོབས་ཆེ་ལ། ཕུགས་མདུན་ཆེ་བ་ཞིག་རེད། དེ་དུས་ཁོ་ལ་མཚོ་སྔོན་མི་རིགས་སློབ་གླིང་གི་སློབ་བསྡུ་ཡི་གེ་ལག་ཏུ་འབྱོར་བ་དང་། སློབ་ཆེན་གྱི་དངོས་གཞི་སློབ་མར་འགྱུར་ལ་ཉེ་བ་ཡོད། སློབ་བསྡུ་ཡི་གེ་དེ་ཁོ་ལ་མཚོན་ནས་བཤད་ན་ལས་སླ་མོ་ཞིག་མ་རེད། ཁོ་རང་སློབ་ཆུང་སློབ་མཐར་ཕྱིན་ནས་ནོར་རྫི་འང་བྱས་མྱོང་ཡོད། ལོ་བཅུ་གཉིས་ཀྱི་་སྟེང་ཐོན་སྐྱེད་རུ་ཁག་གིས་ཨ་རྒྱ་ལྷ་ཁོ་ཟེར་བའི་སྔར་སི་ཁྲོན་ས་ཆ་ག་གེ་མོར་དམག་ལ་ཞུགས་མྱོང་བ་ཞིག་དང་ཁོ་གཉིས་ལ་སྡེ་གཞུང་གི་ནོར་ཉིས་བརྒྱ་རེ་བརྒྱད་འཚོ་རུ་སྲིན་པོ་རིའི་རྫ་འདབས་སུ་མངགས། ནོར་འཚོས་ན་ཕལ་ཆེར་ཟླ་བརྒྱད་ཙམ་ལ་རི་འགོ་རུ་སྡོད་དགོས། ནོར་གྱི་གྲངས་ཀ་བརྩིས་ཏེ་ཕྱིར་ཐོན་སྐྱེད་རུ་ཁག་ལ་སྤྲོད་པའི་ཉིན་དེར་འབྲི་ཞིག་རྩེབ་པ་དང་། འབྲི་མོ་དེས་ཁོ་མཐོང་བ་དང་མདུན་ནས་སྔུར་བཞིན་ཡར་རྒྱུགས་མར་རྒྱུགས་བྱས་པ་ལ། བསོད་ནམས་དབང་ལྡན་གྱིས་སྟབས་མ་ལེགས་པ་ཤེས་ནས་མྱུར་དུ་བེའུ་བཙལ་ཀྱང་རྙེད་རྒྱུ་ག་ལ་ཡོད།་བེའུ་དེ་སྔ་མོ་ནས་སྤྱང་ཀིས་བསད་པ་རེད། བསོད་ནམས་དབང་ལྡན་ངུ་ཞོར་ཐོན་སྐྱེད་རུ་ཁག་ལ་གནས་ཚུལ་དེ་ཡར་ཞུ་བྱས། ཁོ་ལ་ལས་སྐར་ཉུང་ཙམ་ཡོད་པ་དེ་འཐེན་མི་འཐེན་དང་ཆད་པ་གཅོད་མི་གཅོད་ཁོས་ཀྱང་མི་ཤེས། ལོ་དེར། ཁོས་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭའི་གི་དམའ་འབྲིང་འཛིན་གྲྭར་རྒྱུགས་འཕྲོད། མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་ནི་སྐབས་དེར་མཚོ་སྔོན་ཞིང་ཆེན་ན་མིང་དུ་གྲགས་པའི་སློབ་གྲྭ་ཞིག་ཡིན་ལ། རྗེས་ནས་བོད་མི་རིགས་ཀྱི་སློབ་གསོའི་ཐད་ཀྱི་འཇོན་མི་མང་པོ་ཡང་གནས་དེ་ནས་ཐོན་པ་རེད། བསོད་ནམས་དབང་ལྡན་གྱིས་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་ནས་ལོ་ངོ་བཞི་ལ་སློབ་གཉེར་བྱས་པ་དང་། མཐར་མཇུག་སློབ་གྲྭ་ནས་དགེ་རྒན་བྱེད་དུ་བཅུག དོན་དངོས་སུ་སློབ་འབྲིང་མཐར་ཕྱིན་རྗེས་སློབ་འབྲིང་གི་དགེ་རྒན་བྱས་པ་རེད། ཁོའི་སློབ་མའི་ཁྲོད་ཁོ་ལས་ཆེ་བའི་སློབ་མ་ཡང་ཡོད། སྐབས་དེར། མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭས་དམངས་ཁྲོད་དུ་ཤེས་ཡོན་རྒྱ་ཆེ་བའི་དགེ་བའི་བཤེས་གཉེན་རྒན་དམ་ཆོས་དང་རྒན་བཤད་སྒྲུབ་རྒྱ་མཚོ་གཉིས་གདན་འདྲེན་བྱས་ཏེ་དགེ་རྒན་རྣམས་ཀྱི་དགེ་རྒན་བྱེད་དུ་བཅུག བསོད་ནམས་དབང་ལྡན་གྱིས་རྗེས་ཀྱི་ལོ་ལྔའི་རིང་ལ། ཉིན་དཀར་དགེ་རྒན་བྱེད་པ་དང་དགོང་མོ་སློབ་མ་བྱས་པས། དགེ་བའི་བཤེས་གཉེན་རྣམ་པ་གཉིས་ཀྱི་མདུན་ནས་བོད་ཡིག་གི་སུམ་རྟགས་སོགས་རྨང་གཞིའི་ཤེས་བྱ་དང་སྙན་ངག་རིག་པ། ནང་དོན་རིག་པ།གནམ་དཔྱད་སྐར་རྩིས་རིག་པ་དང་གསོ་བ་རིག་པ་སོགས་ལ་སྦྱངས་བ་བྱས་པ་དང་། ལོ་ཇེ་ཆེར་སོང་བ་དང་བསྟུན་ནས་ཤེས་བྱའི་རྨང་གཞི་ཡང་བརྟན་པོར་གྱུར། འོན་ཀྱང་། ཁོ་རང་ལོ་ན་ཆུང་བ་དང་ཡོན་ཚད་དམའ་བས། ལོ་ལྔའི་རིང་ལ་དགེ་རྒན་གྱི་བྱ་བ་གཉེར་ཡང་གླ་ཕོག་སློབ་གྲྭ་ཡོངས་ཀྱི་ཆེས་དམའ་བ་ཡིན་པ་དང་། ཟ་མ་གཡོས་སྦྱོར་བྱེད་མཁན་ལས་ཀྱང་སྒོར་ཉི་ཤུའི་དམའ་བ་རེད། དེ་བས། བསོད་ནམས་དབང་ལྡན་གྱིས་མི་རིགས་དགེ་འོས་སློབ་གྲྭའི་བྱ་བ་དང་ཁོ་རང་མུ་མཐུད་དུ་དགེ་རྒན་བྱེད་པ་དང་ལེན་མ་བྱས་པར། སློབ་གྲྭ་ཆེན་མོར་རྒྱུགས་སྤྲོད་རྒྱུའི་སེམས་ཐག་བཅད་པ་མ་ཟད། ལོ་དེར་ཞིང་ཆེན་ཡོངས་ཀྱི་བོད་ཀྱི་སློབ་གྲྭ་ཆེན་མོར་རྒྱུགས་སྤྲོད་མཁན་གྱི་ཁྲོད་བོད་ཡིག་ཨང་དང་པོ་བླངས་ནས་སློབ་ཆེན་ལ་རྒྱུགས་འཕྲོད།

བསོད་ནམས་དབང་ལྡན་གྱིས་སློབ་གྲྭ་ཆེན་མོའི་སློབ་བསྡུ་ཡི་གེ་འཁྱེར་ནས་མི་རིགས་དགེ་འོས་སློབ་གྲྭ་དང་ཁ་འབྲལ་སྐབས། མིང་ལ་འཇམས་དབྱངས་མཚོ་ཞེས་པའི་ལོ་བཅུ་དྲུག་ཡིན་པའི་བོད་རིགས་བུད་མེད་ཞིག་མི་རིགས་དགེ་འོས་སློབ་གྲྭར་འགྲིམ་རྩིས་ཡོད། སྐབས་དེར། མོས་ཁྲི་ཀའི་དྲུག་པའི་ལྷ་རྩེད་སྟེང་ཨ་མདོའི་དམངས་གླུ་ལེན་བཞིན་ཡོད་པ་བསོད་ནམས་དབང་ལྡན་གྱིས་མི་ཚོགས་ཀྱི་ཁྲོད། སེམས་ཞིབ་མོའི་མཛེས་མ་ཆུང་ཆུང་དེའི་ཨ་མདོའི་དམངས་གླུ་ལ་ཉན་པ་དང་། བླངས་བ་ངོ་མ་བཟང་གི ཁོས་ཉེ་འགྲམ་གྱི་མི་རྣམས་ལ་བུ་མོ་དེའི་གནས་ཚུལ་རྒྱུས་ལོན་བྱས། དེ་ནས་བཟུང་། གསར་བུ་ཆུང་ཆུང་དེས་བུ་མོ་འཇམ་དབྱངས་འཚོའི་ཡིད་སེམས་ཀྱང་བཀུག་ཡོད་ས་རེད།

བསོད་ནམས་དབང་ལྡན་གྱིས་མཚོ་སྔོན་མི་རིགས་སློབ་ཆེན་གྲངས་ཉུང་མི་རིགས་ཀྱི་སྡེ་ཁག་བོད་རིགས་ཆེད་ལས་ཀྱི་སློབ་སྦྱོང་ལ་ཞུགས། སློབ་ཁྲིད་འགའི་རྗེས་སུ། བོད་ཡིག་དགེ་རྒན་ཡ་མཚར་བའི་སྒོ་ནས་སློབ་མ་འདིའི་བོད་ཡིག་ཆུ་ཚད་འདི་འདྲའི་བཟང་བས། ཁོ་ལ་མཚོན་ན་འདི་ནས་དུས་ཚོད་ཆུད་ཟོས་བྱས་ཏེ་སྦྱངས་མི་དགོས་པ་དང་། ཆེད་ལས་གཞན་སྦྱངས་ནས་རང་ཉིད་ཀྱི་ཤེས་རྒྱ་སྔར་ལས་ཆེ་རུ་བཏང་ན་བཟང་། དེ་བས། ཟླ་གཅིག་གཉིས་ལྷག་གི་རྗེས་སུ། ཁོ་རང་རྒྱ་ཡིག་སྡེ་ཁག་ལ་བསྒྱུར་ནས་རྒྱའི་སྐད་ཡིག་གི་ཆེད་ལས་སྦྱངས་མགོ་བརྩམས། ལོ་བཞིའི་རྗེས་སུ། མཐར་ཕྱིན་ལ་ཉེ་བ་དང་སློབ་གླིང་གིས་ཁོ་རང་སློབ་གྲྭར་བསྡད་ནས་བོད་ཡིག་སྡེ་ཁག་གི་དགེ་རྒན་བྱེད་དུ་འཇུག་རྩིས་བྱས། དེ་ལྟར་བྱས་པས། ཁོ་ལ་རྒྱའི་སྐད་ཡིག་རྩོམ་རིག་གི་དངོས་གཞི་སློབ་ཐོན་དང་ཆབས་ཅིག་ད་དུང་བོད་སྐད་ཡིག་རྩོམ་རིག་གི་ཡིག་ཚད་ལེན་རྒྱུའི་བརྡ་འཆར་བཏང་། ཕལ་ཆེར་ཟླ་གཅིག་གི་རིང་ལ། བསོད་ནམས་དབང་ལྡན་གྱིས་བོད་ཀྱི་སྐད་ཡིག་སྡེ་ཁག་གི་བསླབ་ཚན་བཅོ་ལྔ་ཙམ་རྒྱུགས་སྤྲད་པ་དང་། རྒྱུགས་འབྲས་ཀྱང་མི་དམན་པ་བླངས་པས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ལོ་རྒྱུས་སྟེང་དངོས་གཞིའི་སློབ་ཚད་གཉིས་ཐོབ་པའི་མཐར་ཕྱིན་སློབ་མ་ཐོག་མར་གྱུར། ཁོ་རང་མཐར་ཕྱིན་སྐབས། འཇམ་དབྱངས་མཚོ་ཡང་མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན། བསོད་ནམས་དབང་ལྡན་གྱིས་རང་གི་ཨ་ཕར་བུ་མོ་དེའི་གནས་ཚུལ་གླེང་སྐབས། ཁོའི་ཨ་ཕའི་རིག་གསར་སྐབས་སུ་འཇམ་དབྱངས་མཚོ་ཡི་ཨ་ཕ་ལྷུན་འགྲུབ་ངོ་ཤེས་པ་དང་། ཕན་ཚུན་ལ་བག་ཆགས་ཟབ་མོ་ཡོད་པས། དེ་ནི་དྲན་ཤེས་ཧ་ཅང་བཟང་བོའི་རྒན་པོ་ཞིག་ཡིན་ལ། སྲོལ་རྒྱུན་དམངས་གླུ་ལེན་མཁན་ཞིག་ཀྱང་ཡིན་ཟེར།ཁོའི་ཨ་ཕས་བསམ་པར་དེ་ལྟ་བུའི་ཁྱིམ་ཚང་དུ་སྐྱེས་པའི་བྱིས་པ་ཧ་ཅང་བཟང་སྙམ་ནས། དབྱར་གནང་གི་སྐབས་དང་བསྟུན་ནས་བུ་ཆུང་འཚམས་འདྲི་བྱེད་དུ་འགྲོ་རུ་བཅུག བསོད་ནམས་དབང་ལྡན་ངོ་ཚ་ཞོར་ལེགས་སྐྱེས་འཁྱེར་ཏེ་འཇམ་དབྱངས་མཚོ་ཚང་དུ་སོང་། དེ་ནི་ལུགས་རྙིང་གི་དྲུག་པའི་ཚེས་ཉེར་གསུམ་ཡིན་ལ། ཉིན་དེ་ནི་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཉིན་མོ་ཞིག་རེད།

མཚོ་སྔོན་མི་རིགས་སློབ་གླིང་གིས་བསོད་ནམས་དབང་ལྡན་ལ་ནུས་པ་འདོན་སྤེལ་བྱེད་པའི་གོ་སྐབས་བསྐྲུན་པ་དང་། ཁོ་ལ་མི་རིགས་སྐད་ཡིག་སྡེ་ཁག་གི་བོད་ཡིག་ཆེད་ལས་ཀྱི་མཛེས་རིག་སྒྱུ་རྩལ་སློབ་ཁྲིད་གསར་འཛུགས་བྱེད་དུ་བཅུག་པ་མ་ཟད། ཁོ་ལ་དར་གཞོན་ཕུལ་བྱུང་གྲུབ་འབྲས་ཐོབ་པའི་དགེ་རྒན་དང་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཡང་སྤྲད། དེ་མ་ཟད་ཁོའི་ཆུང་མ་ཡང་མཚོ་སྔོན་མི་རིགས་སློབ་ཆེན་ནས་ཐོན་རྗེས་དཔེ་མཛོད་ཁང་དུ་བཞག་ནས་ཁོ་དང་མཉམ་དུ་བྱ་བ་སྒྲུབ་དུ་བཅུག བསོད་ནམས་དབང་ལྡན་གྱིས་གནས་དེ་ནས་དགེ་རྒན་དང་དགེ་རྒན་ཆེན་མོ་བ། ཐ་ན་སྡེ་ཁག་གི་མགོ་ཁྲིད་ཀྱང་བྱས་ཆོག་མོད། འོན་ཀྱང་། 1995ལོར་བོད་ལྗོངས་སློབ་ཆེན་གྱིས་གདན་འདྲེན་ཐེངས་གཅིག་ཞུས་པས། ཁོའི་འཚོ་བར་འགྱུར་ལྡོག་འབྱུང་དུ་བཅུག

བོད་ལྗོངས་སློབ་ཆེན་གྱིས་མཚོ་སྔོན་མི་རིགས་སློབ་གླིང་གི་བསོད་ནམས་དབང་ལྡན་གྱིས་བོད་ཡིག་ཆེད་ལས་ཀྱི་རྩོམ་རིག་གཞུང་ལུགས་དང་མཛེས་རིག་སྒྱུ་རྩལ་སློབ་ཁྲིད་གསར་འཛུགས་བྱས་པའི་གནས་ཚུལ་ཤེས་རྗེས། ཁོ་རང་བོད་ལྗོངས་སློབ་ཆེན་བོད་ཡིག་སྡེ་ཁག་ནས་འཆད་ཁྲིད་གནང་རྒྱུར་གདན་འདྲེན་བྱས་པ་མ་ཟད། ཁོ་རང་བོད་ལྗོངས་སློབ་ཆེན་ནས་བྱ་བ་སྒྲུབ་རྒྱུར་རེ་ཞུ་བྱས། དེ་བས། ཁོས་མཛེས་རིག་སྒྱུ་རྩལ་ལ་ཞིབ་འཇུག་བྱེད་པའི་སྤྲོ་སེམས་བསྐྱེད་ལ།ལྷ་ས་ནི་བོད་རང་སྐྱོང་ལྗོངས་ཀྱི་དཀྱིལ་སྙིང་ཡིན་ལ། བོད་ཀྱི་རིག་གནས་ཀྱི་དཀྱིལ་སྙིང་ས་ཁུལ་ཡིན་པས། མཛེས་རྩལ་གྱི་ཞིབ་འཇུག་ཁྱབ་ཁོངས་དང་ཨ་མདོ་ས་ཁུལ་གྱི་སློབ་གསོ་བ་ཞིག་ལ་མཚོན་ན། ལྷ་ས་ནི་ཧ་ཅང་གལ་ཆེན་ཡིན་ལ་སྲོག་ཤིང་ལྟ་བུ་རེད། ལྷ་སར་བྱ་བ་སྒྲུབ་རྒྱུ་ནི་བསོད་ནམས་དབང་ལྡན་ལ་མཚོན་ན་སེམས་ཀྱི་དམིགས་ཡུལ་ཉག་གཅིག་ཏུ་གྱུར། སྐབས་དེར། བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། བོད་ལྗོངས་དངོས་མང་བཤམས་སྟོན་ཁང་སོགས་ཀྱིས་བསོད་ནམས་དབང་ལྡན་ལ་ལས་སྒྱུར་གྱི་སྐལ་བ་སྤྲད་མོད། མཐར་མཇུག་ཁོ་རང་གིས་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་བདམས་པ་རེད། མཚོ་སྔོན་མི་རིགས་སློབ་གླིང་དང་ཁ་མ་བྲལ་སྔོན། དགེ་བའི་བཤེས་གཉེན་མཁས་དབང་ཤར་གདུང་རིན་པོ་ཆེ་ལ་ལས་བསྒྱུར་བྱེད་འདོད་ཀྱི་རེ་བ་ཞུས་པ་ན།ཅུང་མ་དགྱེས་བའི་སྒོ་ནས་བཤད་རྒྱུར། ཁྱོད་རང་གནས་དེར་སོང་ནས་ཅི་བྱ། ཁྱོད་རང་མཚོ་སྔོན་མི་རིགས་སློབ་གླིང་དུ་འདུག་འདོད་མེད་ན། ངས་མྱུར་དུ་ཞིང་ཆེན་གྱི་མགོ་ཁྲིད་འགའ་ཤས་ལ་ཁ་པར་བཏང་ནས། མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས་གང་དུ་སོང་ནའང་ཆོག འོན་ཀྱང་། ཁྱོད་རང་དབུས་གཙང་དུ་འགྲོ་འདོད་ན་སོང་ཆོག་ལ། ངེས་པར་དུ་འབད་པ་བྱེད་དགོས་ཞེས་སློབ་གསོ་བཏང་། 1997ལོའི་ཟླ8པའི་ནང། བསོད་ནམས་དབང་ལྡན་གྱིས་འཇམས་དབྱངས་མཚོ་དང་ཁོ་ཚོའི་བུ་མོ་ཁྲིད་ནས་ལྷ་སར་ཐོན། བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གིས་ནོར་བུ་གླིང་ཀའི་ཉེ་འགྲམ་དུ་ཁང་བ་ཆུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་ཆ་རྐྱེན་ཡང་ཅུང་ཞན། འོན་ཀྱང་། ཁོས་དེ་དག་ལ་མ་འཛེམ་པར་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་འཛུགས་སྐྲུན་ཐད་འབད་བརྩོན་ལྷོད་མེད་བྱས། བསོད་ནམས་དབང་ལྡན་གྱིས་བཤམས་སྟོན་ཁང་གི་རྨང་གཞིའི་བཤམས་སྟོན་གྱི་སྤྱིའི་འཆར་འགོད་དང་རྩ་གནད་རྩོམ་སྒྲིག་གི་བྱ་བ་ལ་གང་ནུས་ཡོད་ཚད་བཏོན།བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ཁུལ། གྲོང་ཁྱེར་དུ་ཆེས་མཐའ་མར་སྒོ་ཕྱེས་པའི་དངོས་མང་བཤམས་སྟོན་ཁང་ཡིན་ལ། ཅུང་མ་འགོར་བར་བཤམས་སྟོན་ཁང་གི་མགོ་གཙོ་གཞོན་པའི་འགན་ཁུར། དུས་ཡུན་དེའི་རིང་ལ་ཁོ་རང་སྔ་རྗེས་སུ།ཧྥ་རན་སི་དང་འཇར་པན། ལྷོ་གོ་རེ་ཡ། འཇར་མན།ཨ་མེ་རི་ཁ་སོགས་སུ་འགྲེམ་སྟོན་དང་རིག་གཞུང་ཐད་ཀྱི་བསམ་བློ་བརྗེ་རེས་བྱེད་དུ་སོང་།

2011ལོར། ང་རང་ཉིད་ཕྱིར་བོད་ལྗོངས་སུ་ཡོང་ནས། བོད་ལྗོངས་གཡག་རྟེན་མཛོད་གླིང་གསར་འཛུགས་བྱས། སྐབས་དེར། བསོད་ནམས་དབང་ལྡན་གྱིས་ལས་གནས་སྤར་ཏེ་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་མགོ་གཙོ་གཞོན་པའི་འགན་ཁུར་ཡོད། ང་རང་པེ་ཅིན་དང་ཁ་བྲལ་ཏེ་ཕྱིར་བོད་ལྗོངས་སུ་མ་ལོག་སྔོན་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་མགོ་གཙོ་ཚེ་རིང་ཐར་ལ་འཚམས་འདྲི་ཞུ་རུ་སོང་བ་ཡིན། དགེ་རྒན་ཆེན་མོ་ཚེ་རིང་ཐར་གྱིས་ང་ལ་བཤད་རྒྱུར། གལ་ཏེ་བོད་རིག་པའི་ཐད་ཀྱི་གནད་དོན་ཡོད་ཚེ། བསོད་ནམས་དབང་ལྡན་ལ་བཀའ་འདྲི་ཞུས་ཆོག ཁོ་ནི་བོད་ལྗོངས་སུ་ཡོན་ཏན་ཆེས་ཡོད་པའི་མི་སྣ་རེད་ཅེས་བཤད་ཆོག བསོད་ནམས་དབང་ལྡན་ནི་ལས་དོན་སྤྱི་གཉེར་གྱི་འགན་ཁུར་བ་གཞོན་པ་ཡིན་པའི་ཆ་ནས། འཛམ་གླིང་གི་རིག་གནས་ཤུལ་བཞག་དེ་ལྟ་བུར་ཁ་གཏད་ནས་འགན་ཁུར་གྱི་གལ་ཆེན་རང་བཞིན་གསལ་བོར་རྟོགས་ཡོད་ལ།ཁོས་ད་ལྟའི་མི་རབས་འདིའི་བོད་ཀྱི་རིག་གནས་པ་ཞིག་ཡིན་ཕྱིན། ལྟད་མོ་པའི་ངང་ཚུལ་ཁོ་ན་འཛིན་མི་རུང་བར། མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཀྱི་རྒྱུན་འཛིན་པ་དང་ཞིབ་འཇུག་པ། དར་སྤེལ་བྱེད་མཁན་བཅས་བྱ་དགོས་པར་སྙམ། ཁོས་ཕོ་བྲང་པོ་ཏ་ལའི་འཛུགས་སྐྲུན་དང་ལྡེབས་རིས། སྐུ་བརྙན། ཐང་ཀ གནའ་བོའི་གསུང་རབ། བོད་ལྗོངས་ས་གནས་དང་ཀྲུང་དབྱང་སྲིད་གཞུང་གི་འབྲེལ་བའི་དངོས་དཔང་སོགས་ཀྱི་ཐད་ལ་ཞིབ་འཇུག་གི་འཛུགས་སྐྲུན་དང་མ་ལག་དག་སྒྲིག་ཞིབ་འཇུག་བྱ་བ་སྤེལ་མགོ་རྩོམ་དགོས་པའི་རེ་བ་བཏོན་ལ།ནང་ཁུལ་གྱི་དུས་དེབ«ཕོ་བྲང་པོ་ཏ་ལ»ཞེས་པ་ཞིག་ཀྱང་འགྲེམ་སྤེལ་བྱས་པ་དང་། ལས་གནས་ཁག་ཏུ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། བསོད་ནམས་དབང་ལྡན་གྱིས་རྒྱལ་ཁབ་ཀྱི་དུས་དེབ་གཙོ་བོའི་སྟེང་བཀོད་རིན་ཡོད་པའི་རྩོམ་ཡིག་འགའ་ཤས་ནང་ཁུལ་གྱི་དུས་དེབ་དེའི་སྟེང་བཀོད་པ་དང་། ནང་ཁུལ་གྱི་དུས་དེབ་དེར་ཀུན་གྱིས་རྩིས་མཐོང་ཆེར་རུ་གཏོང་ཆེད་ཡིན། <བོད་བཙན་པོའི་དུས་ཀྱི་ལི་མའི་སྐུ་བརྙན་སྐོར་གླེང་བ>དང་«བོད་བཙན་པོའི་སྐབས་ཀྱི་གསེར་དངུལ་ཅ་དངོས་ལ་དཔྱད་པ»ཞེས་པའི་དཔྱད་རྩོམ་སོགས་སྤེལ་རྗེས། ཁྱབ་ཆེ་བའི་གདེང་འཇོག་ཐོབ་ཡོད་ལ། རྒྱལ་ཁབ་ཕྱི་ནང་གི་བོད་རིག་པར་འབྲེལ་བ་ཡོད་པའི་མཐོ་རིམ་སློབ་གྲྭའི་དཔྱད་གཞིར་བཟུང་སའི་རྩོམ་ཡིག་ལེགས་གྲས་སུ་གྱུར། བསོད་ནམས་དབང་ལྡན་གྱིས་ད་དུང་ཕོ་བྲང་པོ་ཏ་ལའི་ཞིབ་འཇུག་ཐད་རྒྱང་རིང་གི་འཆར་འགོད་དང་བསམ་ཚུལ་རབ་དང་རིམ་པ་བཏོན་པས། བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཀྱི་ཁས་ལེན་གང་ལེགས་ཐོབ་པ་དང་། ཁོ་རང་ཉིད་ཀྱིས་ཚེ་གང་གི་སེམས་ཤུགས་ཏེ་འཛམ་གླིང་རིག་གནས་ཤུལ་བཞག་གི་བང་མཛོད་འདིར་ཕུལ་འདོད་ཡོད།

ང་ཚོ་བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་གཞུང་སྒྲུབ་ཁང་བཀོད་སྒྲིག་བྱས་ཏེ་ཆེད་དུ་བསོད་ནམས་དབང་ལྡན་གདན་འདྲེན་ཞུས་ནས་ཆེད་མཁས་པའི་འགན་ཁུར་བཞིན་ཡོད་ལ།ཐེངས་མང་པོར་ང་ཚོར་གནའ་རྫས་གསལ་འབྱེད་བྱེད་པར་རོགས་རམ་བྱས། པེ་ཅིན«ཟླ་བཅུ»དུས་དེབ་ཀྱིས་གཡག་གི་རིག་གནས་ཀྱི་ཆེད་བསྒྲིགས་དུས་དེབ་ཅིག་བསྒྲིགས་པའི་་ཁྲོད་དུའང་ཁོའི་རྩོམ་ཡིག་ཅིག་ཡོད། ཁོ་རང་ངའི་སྡོད་གནས་སུ་ཡོང་ནས། ཉིན་གཅིག་གི་རིང་ལ་སྒྱུག་པོའི་ལོ་ངོ་བཅུ་ཕྲག་འགའི་སྔོན་དུ་བླངས་བའི«སྲིད་པའི་བ་ཆུང་བཤའ་དུས»ཅེས་པའི་གླུ་ཚིག་དེ་ཡིག་འབྲུ་རེ་རེ་བཞིན་རྒྱ་ཡིག་ཏུ་བསྒྱུར་བ་མ་ཟད། གཡག་རྟེན་མཛོད་གླིང་དུ་འགྲེམ་སྟོན་བྱས་ཡོད། གནའ་བོའི་དམངས་གླུ་དེས་གཡག་གིས་བོད་མིའི་འཇིག་རྟེན་ལྟ་བ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་མཚོན་ཡོད། ང་རང་ཡང་ཐེངས་མང་པོར་བསོད་ནམས་དབང་ལྡན་གྱི་ཁྱིམ་དུ་མགྲོན་ལ་སོང་བ་དང་། ཞི་དུལ་གྱི་འཇམ་དབྱངས་མཚོས་བོད་ཟས་སྣ་མང་ལས་ནས་སྣེ་ལེན་བྱས་ལ། མོ་རང་གིས་ཟ་མ་ལས་ཚར་རྗེས། འགྲུལ་ཁང་དུ་ཡོང་ནས་ཨ་མདོ་དམངས་གླུ་བླངས་ནས་མགྲོན་བསུ་བྱེད་ལ། མོས་དམངས་གླུ་ལེན་སྐབས། བསོད་ནམས་དབང་ལྡན་གྱིས་ལོ་ངོ་སུམ་ཅུ་ཡར་སྔོན་གྱི་ཁྲི་ཀ་རྫོང་གི་དྲུག་པའི་ལྷ་རྩེད་དེ་སེམས་སུ་དྲན་བཞིན་ཡོད།
                                                                                                                                                                            ལོ་ཙྭ་བ།ཤ་བོ་རིན་མཚོ།