མེ་རུ་ཁེའི་དབང་ཕྱུག་རྒྱལ་གྱི་ཡ་རབས་སྤྱོད་བཟང་གི་མི་ཚེའི་བཞུད་ལམ།
2017.04.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

གནའ་ནས་ད་ལྟའི་བར་དུ། ལོ་ལོན་ལ་བཀུར་བསྟི་བྱེད་པ་དང་། ལོ་ལོན་ལ་གཅེས་སྐྱོང་བྱེད་པ། ལོ་ལོན་ལ་རོགས་སྐྱོར་བྱེད་པ་བཅས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་སྤྱོད་བཟང་ཡིན་པ་དང་། ཁྱིམ་ཚང་འགྲིག་མཐུན་དང་སྤྱི་ཚོགས་འཆམ་མཐུན་གྱི་རྨང་གཞི་ཡིན། ཐང་མགོ་གྲོང་རྡལ་མེ་རུ་ཁེ་སྡེ་བར་ཆེས་ཕལ་བའི་མི་ཞིག་ཡོད་ཅིང་། ཁོ་ལ་སྨྲ་བསམ་བརྗོད་འདས་ཀྱི་མཛད་རྗེས་མེད་ཀྱང་། ཁོ་ལ་རྒན་བཀུར་ཆུང་བྱམས་དང་། གཞན་ཕན་གྱི་སེམས་སྙི་མོ་ཞིག་ཡོད། ཁོ་ནི་དབང་ཕྱུག་རྒྱལ་ཟེར་བའི་ཕོ་རྒོད་དེ་རེད། འདས་པའི་ལོ་མང་པོའི་ནང་དུ། དབང་ཕྱུག་རྒྱལ་གྱིས་ལོ་ལོན་བདག་མེད་གཉོར་སྐྱོང་བྱས་པ་དེས་དེང་རབས་སྤྱི་ཚོགས་ནང་དུ་གསུབ་ཐབས་བྲལ་བའི་རྐང་རྗེས་གསལ་བོ་བཞག་ཡོད།  དབང་ཕྱུག་རྒྱལ་དང་ཨ་མ་ཚེ་སྐྱིད་གཉིས་ཀྱི་བར་ལ་ཤ་རུས་ཁྲག་རྒྱུད་གཅིག་ལས་ཆད་པའི་འབྲེལ་བ་མེད་ཀྱང་། ཁོའི་མིག་ལམ་དུ་ཨ་མ་ཚེ་སྐྱིད་ནི་རང་གི་གཉེན་ཉེ་ཞིག་དང་ཁྱད་པར་མི་འདུག ད་སྐབས། ཨ་མ་ཚེ་སྐྱིད་ལོ་ན་གོ་དགུར་སོན་ཡོད་པས། རང་རྐྱལ་ཐུབ་པའི་ངང་ནས་སྒོ་ཕྱི་ཁྱིམ་ཆོད་དཀའ་ཞིང་། ཕལ་ཆེར་དུས་ཚོད་ཉི་ཤུ་རྩ་བཞིའི་རིང་ལ་མལ་ཁྲི་སྟེང་ནས་ལངས་མི་ཐུབ། ཡིན་ནའང་། ཨ་མ་ཚེ་སྐྱིད་ཀྱི་ལུས་སྟེང་དུ་ནམ་ཡིན་ཡང་དྲི་མ་མི་གཙང་བ་ཞིག་ཡོད་མ་མྱོང་། དབང་ཕྱུག་རྒྱལ་གྱིས་ཉི་མ་རེ་རེ་བཞིན་ཨ་མ་ཚེ་སྐྱིད་བདག་སྐྱོང་བྱས་ནས་ཟས་གོས་སྟེར་བ་དང་། སོ་དང་གདོང་འཁྲུད་པ་དང་། ལྭ་བ་བརྗེ་བ། ཐ་ན་གཅིན་སྐྱག་སོགས་ཀྱང་བདག་བྱེད་བཞིན་ཡོད། ཁོས་ཨ་མ་ཚེ་སྐྱིད་ཡུན་རིང་ལ་མལ་ལས་ལངས་མི་ཐུབ་པར་སྐྲག་ནས། དུས་རྒྱུན་དུ་ཁ་ངོ་འཁྲུད་པ་དང་། ལྭ་བ་བརྗེ་བ། མལ་ཁྲིའི་སྟེང་གི་ཉལ་ཐུལ་ཕྱི་མ་བརྗེ་བ་སོགས་བྱེད་བཞིན་ཡོད་ལ། ལོ་ན་མཐོ་བའི་ཨ་མ་ཚེ་སྐྱིད་ཀྱི་ལུས་སྟོབས་ཧ་ཅང་ཞན་པའི་རྐྱེན་གྱིས་མལ་ཁྲི་མཁྲེགས་པོ་ཡིན་པ་དང་། མལ་ཁྲི་སྟེང་དུ་ཡུན་རིང་ལ་བསྡད་ན་མི་འཚམས་པས་རྐྱེན་གྱིས་ཆེད་དུ་ཨ་མ་ཚེ་སྐྱིད་ཀྱི་ཉལ་ཁྲི་ཇེ་བདེར་བཏང་བ་རེད།
ལོ་ན་མཐོ་བའི་ཨ་མ་ཚེ་སྐྱིད་ཀྱི་རྐང་ལག་མི་བདེ་བའི་རྐྱེན་གྱིས་མ་ཎི་སྐོར་མི་ཐུབ་ལ། ཁོས་ཨ་མ་ཚེ་སྐྱིད་ལ་ལག་རོགས་བྱས་ཏེ། མ་ཎི་སྐོར་རོགས་བྱེད་ཀྱིན་འདུག ཁོས་ད་དུང་བཤད་རྒྱུར། སུ་ལའང་ཕ་མ་དང་ལོ་ལོན་རྒན་པ་ཡོད་ནི་རེད ། སུ་ལའང་ལོ་ལོན་པའི་ཉིན་ཞིག་ཡོད་པ་རེད།  ང་ལའང་མི་གཞན་གྱི་བདག་སྐྱོང་བྱེད་པའི་སྐབས་ཡོད་པའི་རྐྱེན་གྱིས་ངས་ད་ལྟ་རང་ཉིད་ནས་མིག་དཔེ་བསྟན་ཏེ་རྒན་བཀུར་སོགས་བྱས་ན་ད་གཟོད་ང་རང་ལོ་ན་ལོན་པའི་དུས་སུ་རང་གི་བུ་བུ་མོའི་ཡང་རང་ལ་བསྙེན་བཀུར་བྱེད་ངེས་ཡིན། 

དབང་ཕྱུག་རྒྱལ་ནི་ལོ་ལོན་ལ་བསྙེན་བཀུར་བྱེད་མཁན་ཞིག་ཡིན་པར་མ་ཟད། ད་དུང་རང་གི་ཁྱིམ་མཚེས་བར་ལའང་འཆམ་མཐུན་གྱིས་གནས་ཡོད། སུ་ཚང་ལ་དཀའ་ངལ་དང་དཀའ་ཁག་ཡོད་ན་ཁོ་རང་འགུལ་གྱིས་དེ་ཚང་ལ་སོང་ནས་རོགས་རམ་བྱེད་ངེས་ཡིན། ཁྱིམ་མཚེས་བར་ལ་འགལ་བ་ཅི་བྱུང་ཚེ། ཁོ་རང་འགུལ་གྱི་སོང་ནས་རོགས་རམ་བྱས་ནས་གནས་ཚུལ་ཐག་གིས་གཅོད་བཞིན་ཡོད། དེའི་སྟབས་ཀྱིས་ཁྱིམ་མཚེས་གཡས་གཡོན་གྱི་མི་སུ་ཡིན་ཡང་ཁོ་ལ་བསྟོད་པའི་མཐེ་བོང་མི་བསྒྲེངས་བ་གཅིག་ཀྱང་མེད། ཁོས་རྒྱུན་དུ་ལོ་ལོན་ལ་བཀུར་བསྟི་དང་ཆུང་མར་གཉོར་སྐྱོང་བྱས་ཏེ། བདེ་སྐྱིད་ལྡན་པའི་ཁྱིམ་གཞི་སྐྱོང་རྒྱུ་ནི་རང་གི་འགན་འཁྲི་ཡིན་པར་བཤད་ལ། དེ་ལྟར་ཁ་དན་ཚིག་ལ་གནས་པའི་ངང་ཁྱིམ་གཞི་ལེགས་པོར་སྐྱོང་བཞིན་འདུག དབང་ཕྱུག་རྒྱལ་གྱི་ཆུང་མ་ཡང་ལག་ལས་ཀ་ཅན་ཞིག་ཡིན་པར་མ་ཟད། བུ་བུ་མོ་གཉིས་ཀའང་བྱིས་པ་ཡ་རབས་གཉིས་ཡིན། ཁོ་ཚང་ལ་རྒྱུ་འབྱོར་མངའ་ཐང་གི་སྟོབས་ཀྱིས་ཟིན་མེད་ཀྱང་། བདེ་སྐྱིད་དགོད་སྒྲ་ཡི་དཔལ་གྱིས་ཁྱབ་ཡོད་པས། ཁོ་ཚང་ནི་གཞན་གྱིས་ཡིད་སྨོན་འཆོར་སའི་ཁྱིམ་ཚང་ཞིག་ཡིན།
བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་རྨང་རྡོ་ཡིན། ཁོས་རང་གི་བརྩེ་སེམས་དང་ལྷག་བསམ་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རྒན་པར་བརྩི་བཀུར་དང་། རྒན་པར་གཅེས་སྐྱོང་། རྒན་པར་བཀུར་བསྟི། རྒན་པར་གསོ་སྐྱོང་བཅས་བྱེད་པའི་སྲོལ་བཟང་རྒྱུན་འཁྱོངས་བྱས་ཏེ་རང་གི་སྤྱོད་བཟང་གིས་སྤྱི་ཚོགས་ཀྱི་སྣང་བརྙན་གང་མང་ཞིག་ལ་མེ་ཏོག་གི་དྲི་སྲུང་ལྟར་ལྷག་བསམ་གྱི་ནུས་པས་ཁྱབ་པར་བྱས།

 ལོ་ཙཱ་བ། སྟོབས་ལྡན་རྒྱལ།