ཚེ་བརྟན་དང་ཁོའི་འཚོ་རྟེན་གཉིས།
2017.04.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 26

 ཟླ2ཚེས17ཉིན། གསར་འགོད་པ་རྨ་ལྷོ་ཁུལ་ཐུན་རིན་རྫོང་རོང་བོ་གྲོང་རྡལ་སེང་གེ་གཤོང་མ་མགོ་སྡེ་བའི་ཐང་ག་སྒྱུ་རྩལ་པ་ཚེ་བརྟན་ཚང་ལ་ཐོན་པ་ན། ཚེ་བརྟན་གྱིས་སེམས་ཞིབ་མོའི་ངང་ཧྲང་ཧེ་དངོས་མང་འགྲེམ་སྟོན་ཚོགས་འདུར་ཞུགས་པའི་འགྲེམ་འཚོང་དངོས་རྫས་གྲ་སྒྲིག་བྱེད་བཞིན་འདུག འདྲ་པར་ཚུན་གཉིས་ཀྱི་ཆེ་ཆུང་ལས་མེད་པའི་ཐང་ག་དག་ཁོས་སེམས་ཆུང་སྒོས་ཟངས་ལས་བཟོས་པའི་བྱང་སྒྲོམ་གྱི་ནང་དུ་འཇུག་བཞིན་མཆིས……

ལོ49ལ་སོན་པའི་ཚེ་བརྟན་གྱིས་ལོ11སྟེང་ནས་བཟུང་ཨ་ཕའི་རྗེས་འབྲངས་ཏེ་ཐང་ག་འབྲི་བཞེངས་བྱེད་མགོ་བརྩམས་པ་དང་། རྗེས་སུ་ལྷ་རིས་པ་ཆེན་མོ་རྒྱ་མཚོ་ལགས་དགེ་རྒན་ལ་བསྟེན་པ་བཅས་བསྡོམས་པས་ལོ38ལ་ཐང་ག་འབྲི་བཞེངས་ཀྱི་ལས་ཀ་གཉེར་པ་རེད།

ཚེ་བརྟན་དང་ཁ་བརྡ་བྱེད་སྐབས་ཁོས་གསར་འགོད་པར་རང་ཉིད་ཀྱི“འཚོ་རྟེན་གཉིས་ཀ”གླེང་བྱུང་སྟེ། འཚོ་རྟེན་གཅིག་ནི་སྤྱི་ཆིང0.2ལས་མེད་པའི་ཞིང་ས་སྟེ་དུས་རྒྱུན་ནས་དང་གྲོ་འདེབས་བཞིན་ཡོད་མོད། འོན་ཀྱང་དེས་བཟའ་མི9བོའི་ཁ་ཟས་ཀྱང་མི་འདང་བས་ཁྱིམ་ཚང་དེའི་དཔལ་འབྱོར་གྱི་ཡོང་འབབ་གཙོ་བོ་ཅི་ཞིག་ལ་བརྟེན་དགོས་སམ་ཞེ་ན། དེ་ནི་ཁོའི་འཚོ་རྟེན་གཞན་ཞིག་སྟེ་ཐང་ག་རེད།

སྡེ་བ་ཡོངས་སུ་ཁྱིམ་ཚང440ཡོད་ལ་དེའི་ཁྲོད་ཀྱི་ཁྱིམ་ཚང200ཡིས་ཐང་ག་འབྲི་བཞིན་ཡོད་པ་དང་། ལྷག་མ་རྣམས་ཀྱིས་ཀྱང་ཐང་ག་དང་འབྲེལ་བའི་ལས་སྣོན་དང་ཕྱིར་འཚོང་བཅས་ཀྱི་ཐོན་ལས་གཉེར་བཞིན་ཡོད་སྟབས། སེང་གེ་གཤོང་མ་མགོ་སྡེ་བ་ནི“ཁྱིམ་ཚང་རེ་རེས་ཐང་ག་འབྲི་ཞིང་། མི་ཚང་མ་ལྷ་རིས་པ་ཡིན”ཞེས་བཤད་ནའང་མི་ཆོག་རྒྱུ་མེད་ལ། དེ་ནི་མིང་དོན་དང་མཚུངས་པའི“ཐང་གའི་སྡེ་བ”ཞིག་རེད།

ཐང་གའི་སྐོར་གླེང་དུས། དུས་རྒྱུན་སྐད་ཆ་མང་པོ་མེད་པའི་ཚེ་བརྟན་གྱིས་གཏམ་གྱི་སྒོ་མོ་ཡངས་པར་ཕྱེ་སྟེ། “ངེད་ཚང་ལ་ཞིང་ས་མང་པོ་མེད་པས་ཆུང་མ་གཅིག་པུས་ལས་ཀ་ལས་བཞིན་ཡོད་ལ། ངས་བློ་སེམས་རྩེ་གཅིག་གིས་ཐང་ག་འབྲི་བཞིན་ཡོད”ཟེར།

ཚོང་ལས་ཅན་གྱི་ཤུགས་རྐྱེན་འོག སྲོལ་རྒྱུན་གྱི་ཐང་ག་འབྲི་བཞེངས་ཀྱི་ལས་ཀ་དོར་མཁན་ཡང་ཇེ་མང་ནས་ཇེ་མང་ཡིན་ནའང་། ཚེ་བརྟན་གྱིས་ཚེགས་ཆེ་ལ་ཡུན་རིང་བ། བརྒྱུད་རིམ་མང་བ་བཅས་ཆེས་སྲོལ་རྒྱུན་གྱི་ཐང་ག་འབྲི་སྲོལ་དེ་རྒྱུན་འཁྱོངས་བྱེད་བཞིན་ཡོད། རས་གཞི་འདེམ་པ་དང་བརྡར་བ། སྤྱིན་འབྱུག་པ། རྡོ་ཚོན་ཞིབ་མོར་བཏུལ་བ། ཐིག་འདེབས་པ། སྐྱ་རིས་འབྲི་བ། ཚོན་གཏོང་བ་བཅས་ཀྱི་བརྒྱུད་རིམ་རེ་རེ་ནི་གཞན་ལག་བརྒྱུད་མེད་སྟབས། ཐང་གའི་འགྲུབ་ཡུན་གཞན་ལས་ལྷག་པར་རིང་བ་རེད། དཔེར་ན། རས་གཞིའི་ཆེ་ཆུང་ལ་ཚུན15ཡོད་པ་ཞིག་ལ་ཚོན་གཏོང་དགོས་ན་མ་མཐའ་ཡང་དུས་ཡུན་ཟླ་གཅིག་དགོས་པ་དང་། ཞེང་ཚད་ལ་སྨི་གཅིག་ཡན་གྱི་ཐང་ག་ཞིག་ལེགས་འགྲུབ་བྱེད་དགོས་ན་དུས་ཡུན་ལོ་ངོ་གཅིག་ནས་གཉིས་དགོས། དེའི་ཁྲོད་དུ་ཚེ་བརྟན་གྱིས་ལེགས་ཐོག་ལེགས་འཚོལ་བྱེད་པའི་སྙིང་སྟོབས་འདུས་པར་མ་ཟད། ཐང་གའི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་ལེགས་པོ་ཡང་བྱས་ཡོད་པ་རེད།

ཐང་གའི་བཟོ་རྩལ་གྱི་ཁྱད་ཆོས་ཀྱིས་ལྷ་རིས་པ་ཞིག་ཡིན་ན་དེ་ནི་སུན་སྣང་མེད་པའི་ངང་རིང་ཅན་ཞིག་དང་བབ་བརླིང་ཅན་ཞིག་ཡིན་དགོས་པ་ཐག་གཅོད་བྱས་ཡོད།“ཐང་ག་འབྲི་སྐབས་བློ་བདེ་བག་ཕེབས་ངང་རས་གཞིའི་མདུན་ནས་དུས་ཚོད་དྲུག་བདུན་ལྷག་ལ་འདུག་དགོས་སྟབས་སུན་སྣང་མེད་པ་དང་ངང་རིང་ཅན་ཞིག་ཡིན་དགོས”ཟེར། ཆུང་དུས་ནས་ཐང་གའི་ལས་ལ་གཞོལ་བའི་ཚེ་བརྟན་གྱི་གཤིས་རྒྱུད་ནི་གཞན་ལས་ལྷག་པར་ཞི་དུལ་བབ་བརླིང་ཞིག་རེད།

རེབ་གོང་རིག་གནས་ནི་གསེར་གྱི་མིང་བྱང་ཞིག་ཡིན། དེ་ཉིད་འཕེལ་རྒྱས་སུ་གཏོང་དགོས་ལ་སྲུང་སྐྱོབ་ལྷག་ཏུ་བྱ་དགོས་པ་རེད། ཚེ་བརྟན་གྱིས་ནན་ཏན་སྒོས་གསར་བཟོ་བྱེད་པ་དང་ཆབས་ཅིག་ཐང་གའི་ཚོང་ལམ་ཕྱི་རོལ་ཏུ་རྒྱ་བསྐྱེད་པའི་བསམ་གཞིག་ཀྱང་གཏོང་བཞིན་ཡོད་དེ། ཚུར་ཉོ་མགྲོན་པོ་དང་མངགས་བཟོའི་ཚོང་ལམ་འདི་གཉིས་ལས་གཞན། དུས་རྒྱུན་དུ་ཚེ་བརྟན་གྱིས་རང་གི་བརྩམས་ཆོས་ཁྱེར་ཏེ་པེ་ཅིན་དང་ཧྲང་ཧེ་བཅས་ཀྱི་འགྲེམ་སྟོན་ཚོགས་འདུའི་སྟེང་ཞུགས་བཞིན་ཡོད།

ཚེ་བརྟན་གྱིས་གསར་འགོད་པ་ཁྲིད་ནས་རང་གི་ཐང་ག་འབྲི་སའི་ཁང་པའི་ནང་དུ་སོང་། ནང་དུ་སླེབས་མ་ཐག་ཁང་པ་གཞན་དང་མི་འདྲ་བར་འཁྱག་བསིལ་བསིལ་ཞིག་ཏུ་སྣང་། “ཐང་ག་འབྲི་སའི་ཁང་བའི་དྲོད་ཚད་མཐོ་མི་རུང་། དེ་ལྟར་བྱས་ན་ཐང་གའི་འབྲི་བཞེངས་དང་ཉར་ཚགས་ལ་མི་ཕན།”ཚེ་བརྟན་ལ་ཞིང་ཆེན་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་མཁན་དང་། ཀྲུང་གོའི་བཟོ་རྩལ་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མི་སོགས་ཐོབ་ཐང་མང་པོ་ཡོད་ནའང་། ཚེ་བརྟན་གྱིས་སྔར་བཞིན་བཤད་རྒྱུར། “བརྩམས་ཆོས་ལེགས་ན་ད་གཟོད་མིང་དོན་དང་མཚུངས་བ་ཡིན”ཟེར།

ཚེ་བརྟན་གྱི་ཐང་ག་འབྲི་སའི་ཁང་པའི་ནང་དུ་བྲིས་ཚར་བ་དང་འབྲི་བཞིན་པའི་ཐང་ག་མང་པོ་ཞིག་བཤམས་ཡོད་ལ། ཐང་ག་རེ་རེར་གསོན་ཉམས་དོད་པོ་ལྡན། ཁག་ཅིག་ད་དུང་བྲིས་ཚར་མེད་ནའང་། ཞ་སྨྱུག་གིས་བྲིས་པའི་ཞིབ་ཕྲའི་སྐྱ་རིས་སྟེང་ནས་ཚེ་བརྟན་གྱིས་སྒྱུ་རྩལ་ལ་བཅངས་པའི་ནན་ཏན་གྱི་རྣམ་འགྱུར་དེ་ཚོར་ཐུབ།

གྱང་ངོས་ཀྱི་ཕྱེད་ཀ་ཙམ་ཟིན་པའི་ཐང་ག་དེའི་ཞས་རས་ཕྱེ་བ་ན་མི་རྣམས་ཧ་ལས་སུ་བཅུག ཚེ་བརྟན་གྱིས་གསར་འགོད་པར་ངོ་སྤྲོད་བྱེད་རྒྱུར། ཐང་ག་འདི་ཏག་ཏག་ལོ་གཉིས་ལ་བྲིས་པ་ཡིན། སྔོན་དཔག་བྱས་ན་ད་རུང་ལོ་གཉིས་ལ་བྲིས་ན་ད་གཟོད་ལེགས་འགྲུབ་འབྱུང་ཐུབ་ཟེར། མིག་མདུན་གྱི་གསར་བུ་དེས་ཐང་ག་ཆེན་པོར་ལྟ་བཞིན་གདོང་ལ་སྤོབས་པས་ཁེངས་ཡོད། དེ་དག་ལས་གཞན་ཚེ་བརྟན་གྱིས་ད་རུང་གསར་འགོད་པར་ཁོའི་ཁྱིམ་གཅིག་པུར་ཡོད་པའི་ཐང་ག་ཆུང་ཆུང་ཞིག་བསྟན་བྱུང་། ཆེ་ཆུང་ལ་འདྲ་པར་ཚུན་གཉིས་ཅན་ཞིག་ལས་མེད་པའི་ཐང་ག་ཆུང་ཆུང་དེའི་སྟེང་དུ་ཐང་ག་ཆེ་བར་ཚང་དགོས་པའི་ནང་དོན་ཆ་ཚང་འདུས་ཡོད། ཚེ་བརྟན་གྱི་ལག་ནས་ཕྲ་མཐོང་མིག་ཤེལ་བླངས་ཏེ་བལྟས་པ་ན། ཐང་ག་ཆུང་ཆུང་དེའི་ཞིབ་ཆ་དོད་ཚད་ནི་ངོ་མ་མི་རྣམས་ཧ་ལས་སུ་འཇུག་པ་ཞིག་ཡིན་ཏེ། མིའི་སྨིན་མ་ཡང་མངོན་གསལ་དོད་པོས་མཐོང་ཐུབ་པ་རེད།“ཐང་ག་ཆུང་བ་དེ་རིགས་ནི་ངའི་ཁྱིམ་ན་མ་གཏོགས་འབྲི་མཁན་མེད། སང་ཉིན་ངས་དེ་རིགས་ཁྱེར་ནས་ཧྲང་ཧེའི་དངོས་མང་འགྲེམ་སྟོན་ཚོགས་འདུར་ཞུགས་རྒྱུ་ཡིན”ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།