རྒན་བཀུར་དང་རྒན་གཅེས་ཀྱི་མིག་དཔེ། ཀོས་ནན་རྫོང་ཐར་ཤུལ་ཞང་ཤེའུ་སྡེ་བའི་སྐལ་ལེ་མའི་གནས་ཚུལ།
2017.04.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ནངས་སྔ་མོའི་ཉི་རྩེ་ཀོས་ནན་རྫོང་ཐར་ཤུལ་ཞང་གི་ཤེའུ་སྡེ་བར་འཕྲོས་མ་ཐག སྡེ་མི་སྐལ་ལེ་མ་ཡིས་བྲེལ་འཚུབ་ངང་ལྷས་རའི་ནང་གི་ལྕི་བ་ཕུད་རྗེས། ཁྱིམ་གྱི་ལོ་ལོན་ལ་འོ་ཇ་མངར་མོ་ལྡུད་ཞོར་དུ་ལོ་ལོན་གྱིས་རང་གི་ལུས་སྟེང་ལ་ཇ་ལྡུག་པར་དོགས་ནས་མཉམ་འཇོག་བྱེད་ཀྱིན་འདུག  ལོ་ལོན་དེའི་བོད་མིང་ལ་དོན་འགྲུབ་ཟེར་བ་དང་རྒྱའི་མིང་ལ་ཝུའུ་གྲོང་ཏི་ཟེར་ལ། ད་ལོར་ལོ་བདུན་ཅུ་དོན་གསུམ་ཡིན། གཅིག་དགུ་ང་བརྒྱད་ལོར་ལོ་བཅུ་བདུན་ཡིན་པའི་ཝུའུ་གྲོང་ཏི་ཀན་སུའུ་ནས་ཟ་མ་སློང་ཞོར་དུ་འཁྱམས་ནས་ཞིན་ཧེ་རྫོང་དུ་ཐོན་ཏེ་ཨ་ཚོགས་དགོན་པ་ནས་རབ་བྱུང་སྒྲུབ་ཏེ་བོད་ཀྱི་ས་ཆའི་བཙུན་པ་ཞིག་ཏུ་གྱུར། སྐལ་ལེ་མ་ཡི་ཨ་ཁུ་ཡང་དགོན་པ་དེའི་གྲྭ་པ་ཡིན་པ་དང་ཁོ་བོ་ཚེ་ལས་འདས་ཁར་བཙུན་པ་དོན་གྲུབ་སྐལ་ལེ་མར་བཅོལ་ཏེ་ཁོ་ལ་ཡང་བསྐྱར་འཁྱམ་པོའི་འཚོ་བ་རོལ་དུ་མི་འཇུག་པར་བདག་སྐྱོང་བྱེད་དགོས་ཞེས་ཁ་ཆེམས་བཞག་སོང་། ཉིས་སྟོང་དྲུག་གི་ལོ་ནས་བཟུང་སྟེ། རྒན་པོ་དོན་གྲུབ་དགོན་པའི་ནང་ནས་ཕྱིར་བུད་དེ་སྐལ་ལེ་མ་ཡི་ཁྱིམ་དུ་བླངས་ནས་འཚོ་བ་རོལ་བ་དང་མོས་ལོ་ངོ་བཅུའི་རིང་ལ་གཉོར་སྐྱོང་བྱས། ལོ་ལོན་དོན་གྲུབ་ལ་ལིང་ཏོག་གི་ནད་དང་ཁྲག་ཤེད་མཐོ་བ་སོགས་ཀྱི་ནད་ཡོད་པས་དུས་ཡུན་རིང་བོར་ལུས་ཕུང་བཟང་རྒྱུ་མེད། ལོ་འགའི་རིང་ལ་སྔ་རྗེས་སུ་ཐེངས་མང་པོར་ཞིང་ཆེན་དང་ཁུལ་གྱི་སྨན་ཁང་དུ་ཞག་སྡོད་བྱས་ནས་སྨན་བཅོས་བྱས་པ་དང་། ལིང་ཏོག་གི་ནད་ཡོད་པས་མིག་གིས་མི་རིག་རྒྱུའང་ཇེ་སྡུག་ཏུ་སོང་བས་སྐལ་ལེ་མ་ཡིས་ཁོ་ཁྲིད་ནས་ཟི་ལིང་དུ་ཡོང་སྟེ་ལིང་ཏོག་གི་ནད་གཤགས་བཅོས་བྱས། སྨན་ཁང་དུ་ཞག་སྡོད་བྱས་ནས་སྨན་བཅོས་བྱེད་སྐབས་ཁོ་མོས་ཕྱོགས་གང་ཅིའི་ཐད་ནས་བདག་སྐྱོང་ལེགས་པོ་བྱས། སྐོམ་ན་ཇ་ལྡུག་པ་དང་ལྟོགས་ན་ཟས་ཁེམ་བུ་གང་རེ་གང་རེ་བྱས་ནས་བླུད་པ་རེད། ཉིས་སྟོང་བཅོ་ལྔ་ལོར་རྒན་པོ་དོན་གྲུབ་ལའང་རྒྱུ་འགག་གི་ནད་བྱུང་སྟེ་ཁུལ་སྨན་ཁང་ནང་ཞག་སྡོད་བྱས་ནས་སྨན་བཅོས་བྱས་པ་མ་ཟད། གཤགས་བཅོས་བྱས་ནས་གསོ་བཅོས་བྱས་པ་དང་། སྨན་རིན་ལ་སྒོར་ཁྲི་གསུམ་ལྷག་ཤོར། སྨན་ཁང་ནང་དུ་ཞག་སྡོད་བྱས་ནས་སྨན་བཅོས་བྱེད་སྐབས་སྐལ་ལེ་མ་ཡིས་སྨན་ཁང་ནང་ནས་འབུད་རག་བར་དུ་ནད་གཡོག་བྱས་ནས་བདག་སྐྱོང་བྱས།
ལོ་ལོན་སྨན་པར་སྟོན་ཆེད། སྔ་གཞུག་ཏུ་སྨན་རིན་སྒོར་ཁྲི་བཅུ་ལྷག་བཀོལ། དེ་ནི་ཁྱིམ་ཚང་ཕལ་བ་ཞིག་ལ་མཚོན་ན་འགྲོ་སྒོ་ཆེན་པོ་ཞིག་རེད། ཡིན་ནའང་སྐལ་ལེ་མ་ཡིས་ནམ་ཡང་འཁང་ར་མི་བྱེད་པ་མ་ཟད། ད་དུང་རྒན་པོ་དོན་གྲུབ་ལ་རྒྱལ་ཁབ་ཀྱིས་བྱིན་པའི་མ་དངུལ་ནང་ནས་སྒོར་གཅིག་ཀྱང་མ་བཀོལ། ཁོ་མོས་སྔ་མོ་ནས་རྒན་པོ་དོན་གྲུབ་ལ་བདག་སྐྱོང་བྱེད་རྒྱུ་དེ་རང་གི་འདོར་ཐབས་མེད་པའི་འོས་འགན་དུ་བརྩིས་ཡོད། རྒན་པོ་དོན་གྲུབ་དང་མོའི་བར་དུ་ཤ་ཁྲག་གི་འབྲེལ་བ་སྤུ་ཙམ་མེད་མོད། འོན་ཀྱང་མོས་རྒན་པོ་ལོ་ལོན་དེ་རང་གི་གཉེན་ཉེར་བརྩིས་ནས་ཉིན་རྒྱུན་དུ་ལོ་ལོན་གྱི་གོན་པ་བཀྲུ་བ་དང་ལོ་ལོན་ལ་ཟ་མ་ལས་པ། སེམས་ཞིབ་མོས་ལོ་ལོན་དོན་གྲུབ་ཀྱི་ཟས་གོས་འགྲོ་འདུག་སོགས་བཀོད་སྒྲིག་བྱེད་ཀྱིན་ཡོད། མོའི་ཁྱིམ་ཚང་ལའང་དཀའ་ཁག་ཧ་ཅང་ཆེ་མོད། འོན་ཀྱང་ལོ་ལོན་གྱི་ནད་གཞི་ཇེ་བདེར་འགྲོ་ཆེད། མོས་ཉིན་གཅིག་གི་ཟས་ཐུན་གསུམ་ཡང་རིགས་མི་འདྲ་བར་སྣ་མང་དུ་ལས་ནས་ལོ་ལོན་གྱི་འདོད་པར་བསྟུན་གྱིན་ཡོད། 
སེམས་ཞིབ་པ་དང་ལག་བདེ་བའི་སྐལ་ལེ་མ་ཡིས་ལོ་རེར་ལོ་ལོན་དོན་གྲུབ་ལ་རང་གི་ལུས་ཚད་དང་མཐུན་པའི་གོན་པ་འགའ་རེ་བཟོ་བ་དང་། རྒྱུན་དུ་ཆུ་མོག་ལས་པ་དང་སྐམ་ལུག་གི་ཤ་བཙོས་ནས་ལོ་ལོན་ལ་ཟ་རུ་འཇུག་པ། ལོ་ལོན་དང་མཉམ་དུ་སྒོ་ཕྱི་རུ་སོང་ནས་སེམས་གཡེང་བ་དང་དགོན་པའི་ནང་དུ་སོང་ནས་ཆོས་འདོན་པ། འཇལ་སྐོར་བྱེད་པ་བཅས་བྱེད་ཀྱིན་འདུག
རྒན་པོ་དོན་གྲུབ་ཀྱིས་གཞན་ལ་བཤད་པ་ཆེས་མང་པ་ནི་གུང་ཁྲན་ཏང་ལ་བཀའ་དྲིན་ཆེ། སྲིད་གཞུང་ལ་བཀའ་དྲིན་ཆེ། ང་ལ་ཆེས་དཀའ་ཁག་ཆེ་དུས་ཐར་ཤུལ་ཞང་དུ་ཁྱིམ་ཐོ་འགོད་དུ་བཅུག་ཏེ་ཐར་ཤུལ་གྱི་མི་རུ་གྱུར་བ་མ་ཟད། ང་རང་ད་དུང་ཞིང་སྡེ་ལྔ་སྐྱོང་གི་གྲས་སུ་བཞག སྐལ་ལེ་མ་ཚང་ལའང་ཧ་ཅང་བཀའ་དྲིན་ཆེ། ང་ལོ་ན་རྒས་ནས་དཀའ་ཁག་ཆེ་དུས་མོ་ཚང་གི་ཁྱིམ་དུ་བླངས་ནས་ཁོ་མོ་ཚང་གི་ཁྱིམ་མི་རུ་གྱུར་བ་ནས་ཚེ་སྨད་ཀྱི་དཀའ་ཁག་སེལ་བར་བྱས་ཟེར།
སྐལ་ལེ་མ་ཡིས་ཉིན་རེ་རེ་དང་ལོ་རེ་རེར་རང་གི་རྣམ་དག་གི་སེམས་པ་ཡིས་ཁྱིམ་ཚང་འདི་ལེགས་པོ་བསྐྱངས་པས། སྡེ་བའི་ནང་ནས་མཐེ་བོང་བསྒྲེངས་ནས་བསྟོད་བསྔགས་མི་བྱེད་མཁན་གཅིག་ཀྱང་མེད།
སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་འཇིགས་མེད་ཀྱིས་བཤད་རྒྱུར། སྐལ་ལེ་མ་ཚང་གིས་ལོ་ངོ་དུ་མ་ཉིན་གཅིག་ལྟར་རང་གི་གཉེན་ཉེ་བཞིན་ཤ་ཁྲག་གི་འབྲེལ་བ་མེད་པའི་རྒན་པོ་དོན་གྲུབ་ལ་བདག་སྐྱོང་བྱས་པས། ང་ཚོའི་སྡེ་དམངས་ཀྱིས་རྒན་བཀུར་དང་རྒན་གཅེས་ལ་སློབ་སྦྱོང་བྱེད་པའི་མིག་དཔེ་རུ་གྱུར་བ་དང་། ཁོ་མོའི་ཤུགས་རྐྱེན་འོག ང་ཚོའི་སྡེ་བས་ལོ་ལོན་ལ་བཀུར་བའི་སྣང་ཚུལ་ཧ་ཅང་ཇེ་ལེགས་སུ་འགྲོ་བཞིན་ཡོད། ང་ཚོའི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཀྱང་ཁོ་མོར་རྒྱབ་སྐྱོར་དང་རོགས་རམ་བྱེད་ངེས་ཡིན་ཞེས་བཤད།

 ལོ་ཙཱ་བ། སྟོབས་ལྡན་རྒྱལ།