གཅོད་ཁོ་ཡི་སྔོན་ཐོན་བྱས་རྗེས།
2017.04.24 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 24

ཁོ་མོ་ནི་འབྲོག་དམངས་དཀྱུས་མ་ཞིག་ཡིན་ནའང་། རང་གི་གཉེན་ཉེར་གཅེས་སྐྱོང་བྱེད་པ་དང་རྒན་པར་གོང་བཀུར་བྱེད་པའི་སྲོལ་རྒྱུན་བཟང་བོ་མ་ཉམས་རྒྱུད་འཛིན་བྱས་ཡོད། ཁོ་མོར་གནའ་མི་ལྟ་བུའི་ཐུན་མིན་གྱི་ཡ་མཚར་བའི་སྤྱོད་ལམ་ཡག་པོ་མེད་ནའང་། མོས་རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་གྱི་སྟེང་ནས་ཀྲུང་ཧྭའི་སྲོལ་བཟང་མངོན་ཡོད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཧོལ་ཁ་གྲོང་རྡལ་ལྡུམ་མདའ་སྡེ་བའི་ནང་ཁོ་མོའི་མིང་གླེང་མ་ཐག་ཀུན་གྱིས་བསྟོད་པའི་མཐེ་བོང་བསྒྲེངས་ནས་བསྟོད་བསྔགས་བྱེད་ངེས་ཡིན། ཁོ་མོའི་མིང་ལ་གཅོད་ཁོ་ཟེར་བ་དང་ད་ལོར་ལོ་དྲུག་ཅུ་རེ་བརྒྱད་རེད། ལོ་ངོ་སུམ་ཅུའི་ཡར་སྔོན་དུ་ཁོ་མོས་རང་ཉིད་དང་ཤ་ཁྲག་གི་འབྲེལ་བ་ཅི་ཡང་མེད་པའི་ལོ་དགུ་བཅུར་སོན་པའི་བདག་མེད་ལོ་ལོན་སྐལ་ལེ་གཉོར་སྐྱོང་བྱས་པ་དང་། དུས་དེ་ནས་བཟུང་ལོ་ལོན་གྱི་ཟས་ཆུ་ཟ་མ་དང་གཉོར་སྐྱོང་གི་ལས་འགན་ཚང་མ་ཁོ་མོས་ཕྲག་ཏུ་བབས། ལོ་བཅུའི་ཡར་སྔོན་ནས་བཟུང་ལོ་ལོན་སྐལ་ལེ་ཉར་སར་ལྷུང་བ་དང་རྩ་ཆུའང་ལྷོད་པར་གྱུར་ན་ཡང་། ཁོ་མོས་དཀའ་ལས་དང་བཙོག་ལས་ལ་མི་བསམ་པར་ཉིན་རྒྱུན་དུ་མལ་སའི་ནང་ནས་ལོ་ལོན་གྱི་ལུས་ཕུང་བཀྲུ་བ་དང་གནོན་འཕུར་བྱེད་པ། སྨན་བྱུགས་པ་སོགས་བྱེད་པ་མ་ཟད། ད་དུང་ལོ་ལོན་གྱི་གོན་པ་དང་ཉལ་ཆས་སོགས་བཀྲུ་བཞིན་ཡོད། གཅོད་ཁོ་ཡིས་སེམས་ཞིབ་མོས་གཅེས་སྐྱོང་འོག ལོ་ལོན་དེའང་ལོ་དགུ་བཅུ་ལ་གསོན་པ་རེད།
གཅོད་ཁོ་ཡིས་གསར་འགོད་པར་བཤད་རྒྱུར། ད་ལོར་ལོ་ལོན་སྐལ་ལེ་རོང་འབྲོག་ཁུལ་གྱི་དཀའ་ཁག་ཅན་གྱི་ལོ་ལོན་ཚབ་གཉོར་བྱེད་པའི་ཞབས་ཞུའི་ཁྱབ་ཁོངས་ནང་བཞག་ཏེ། ཟླ་རེར་སྒོར་བརྒྱད་བརྒྱའི་གཉོར་སྐྱོང་བྱེད་དངུལ་བྱིན་མོད། འོན་ཀྱང་ང་ལ་མཚོན་ན་མ་དངུལ་དེ་མ་བྱིན་རུང་ངས་ལོ་ལོན་འདི་ཤི་སར་གསོན་སར་སྐྱེལ་ངེས་ཡིན་ཟེར།
སྡེ་དམངས་ཀྱིས་གསར་འགོད་པར་བཤད་རྒྱུར། ཁོ་མོས་ལོ་ལོན་སྐལ་ལེ་འདི་ལྟར་གཉོར་སྐྱོང་བྱེད་པ་ལས་གཞན་ད་དུང་སྡེ་བའི་ནང་གི་ལོ་ལོན་ཚང་མར་གོང་བཀུར་བྱེད་པ་ཡིན། སྡེ་བའི་ནང་གི་ལོ་ན་རྒས་པ་ཞིག་དང་འཕྲད་ན་རྒྱུན་དུ་འཚམས་འདྲི་བྱེད་པ་དང་། སྡེ་བའི་ནང་གི་ལོ་ལོན་ཞིག་དོན་དག་རེར་འཕྲད་ན་ཁོ་མོས་ལྷག་བསམ་ཟོལ་མེད་ཀྱིས་རོགས་རམ་བྱེད་ངེས་ཡིན། དུས་རྒྱུན་གྱི་ཁོམ་སྐབས་སུའང་ལོ་ལོན་ཚོར་ཁ་བརྡ་བྱས་ནས་ལོ་ལོན་ཚོའི་ཁེར་རྐྱང་གི་སུན་སྣང་མེད་པར་བཏང་། རྒན་པར་གོང་བཀུར་བྱེད་པ་ནི་སྲོལ་རྒྱུན་བཟང་བོ་ཞིག་ཡིན། གལ་ཏེ་ང་ཚོའི་མི་ཚང་མས་གཅོད་ཁོ་བཞིན་དུ་ལོ་ལོན་རྣམས་ལ་གཅེས་སེམས་ཕུལ་བ་དང་ཐུགས་ཁུར་གནང་ཐུབ་ན། ད་གཟོད་ང་ཚོའི་སྤྱི་ཚོགས་འདི་སྔར་ལས་མཛེས་པ་ཡིན་པས། གཅོད་ཁོ་ནི་ང་ཚོས་སློབ་སྦྱོང་བྱེད་པའི་མིག་དཔེ་ཡིན།

ལོ་ཙཱ་བ། སྟོབས་ལྡན་རྒྱལ།