འཆི་མེད་རྡོ་རྗེ2016ལོའི་ལོ་འཁོར་ཕུལ་བྱུང་འགྲིམ་འགྲུལ་མི་སྣ་བཅུ་ཡི་གྲས་སུ་བདམས་པ།
2017.04.28 ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཀློག་གྲངས། 33

 ཟླ4ཚེས25ཉིན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་གཉིས་ཀྱིས་མཉམ་སྒྲུབ་བྱས་པའི2016ལོའི་ལོ་འཁོར་གྱི་ཕུལ་བྱུང་འགྲིམ་འགྲུལ་མི་སྣ་བཅུ"འོས་སྦྱོར་དཔྱད་འདེམས་བྱེད་སྒོ་པེ་ཅིན་དུ་སྤེལ། ཀྲུང་གོའི་སྦྲག་སྲིད་ཚོགས་པ་ཀུང་སིའི་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་སྦྲག་སྲིད་ཡན་ལག་ཀུང་སིའི་དངོས་སྐྱེལ་ཁ་ལོ་བ་ཚོགས་པའི་ཚོགས་གཙོ་འཆི་མེད་རྡོ་རྗེ་མིང་ཐོའི་ནང་བདམས་ཐོན་བྱུང་ཞིང་། ཁོ་ནི་ཀྲུང་གོའི་སྦྲག་སྲིད་ཚོགས་པ་ཀུང་སི་དང་། སི་ཁྲོན་ཞིང་ཆེན་གྱི་མིང་ཐོའི་འོས་མིར་བདམས་ཐོན་བྱུང་བ་གཅིག་པུ་རེད།
2016ལོའི་ལོ་འཁོར་ཕུལ་བྱུང་འགྲིམ་འགྲུལ་མི་སྣ་བཅུ"ཡི་འོས་སྦྱོར་དཔྱད་འདེམས་བྱེད་སྒོ་ནི་རྒྱལ་ཡོངས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་གཞི་རིམ་ལས་བྱེད་པ་དང་། མི་སྒེར། ཚོགས་པ་བཅས་ལ་ཁ་ཕྱོགས་ཡོད་ལ། དེའི་ནང་གཞུང་ལམ་དང་། ཆུ་ལམ། སྐྱེལ་འདྲེན། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ། སྦྲག་སྲིད་སོགས་ཀྱི་ཁྱབ་ཁོངས་འདུས་ཡོད། འཆི་མེད་རྡོ་རྗེ་སོགས་མི་བཅུ་བོ་ནི་ཐོག་མའི་དཔྱད་འདེམས་དང་། དྲ་ཐོག་ནས་འདེམས་ཤོག་འཕེན་པ། མཐའ་མཇུག་གི་དཔྱད་འདེམས་བཅས་ཀྱི་དཔྱད་འདེམས་རབ་དང་རིམ་པ་བརྒྱུད་རྗེས་དཔྱད་འདེམས་ཀྱི་འོས་མི་མང་པོ་ཞིག་གི་ཁྲོད་ནས་ཐོན་ཏེ། 2016ལོའི་ལོ་འཁོར་ཕུལ་བྱུང་འགྲིམ་འགྲུལ་མི་སྣ་བཅུ"ནང་བདམས་ཐོན་བྱུང་བ་རེད།

"དེ་རིང་། ང་ཧ་ཅང་དགའ་བྱུང་།" སི་ཁྲོན་ནུབ་རྒྱུད་མཐོ་སྒང་དུ་སྦྲག་སྲིད་དངོས་སྐྱེལ་རླངས་འཁོར་བསྐོར་ནས་ལོ28འགོར་བའི་འཆི་མེད་རྡོ་རྗེའི་མིག་ལ་མཆི་མ་འཁོར་བཞིན་དུ། ངའི་མཚན་སྙན་འདི་ནི་ང་རང་གཅིག་པུར་དབང་བ་མ་ཡིན་པར། འདི་ནི་མཐོ་སྒང་འདིའི་སྦྲག་སྲིད་དངོས་སྐྱེལ་ལས་གནས་སྟེང་གི་སྦྲག་སྲིད་པ་མི་རབས་འགའ་ཞིག་ལ་དབང་བ་ཡིན་ཞེས་དེ་ལྟར་བཤད་བྱུང་།

འཆི་མེད་རྡོ་རྗེས་བཤད་པའི་གངས་ཐིག་སྦྲག་སྲིད་ལམ་བུ་ནི་རྒྱལ་ཡོངས་ཀྱི་རིམ་པ་དང་པོའི་སྦྲག་སྲིད་ལམ་བུ་སྟེ་ཁྲོན་བོད་སྦྲག་སྲིད་ལམ་ཐིག་གི་དཀར་མཛེས་ལམ་ཐིག་ཡིན་པ་རེད། ལམ་འདི་ནི་དཀར་མཛེས་ཁུལ་གྱི་དར་རྩེ་མདོ་ནས་རྒྱུ་ལ་རི་བོ་དང་། དམུ་རྗེ་ཉག་ག ཧོར་ཁོག་སྒང་། ཁྲོ་ལ་སོགས་བརྒྱུད་རྗེས་ཁྲོན་བོད་སྦྲག་སྲིད་ལམ་ཐིག་གི་མཐར་མཇུག་གི་འབབ་ཚུགས་སྡེ་དགེ་རྫོང་དུ་འབྱོར་ཞིང་། ལམ་ཐག་ཡོངས་ལ་སྤྱི་ལེ་604ཡོད་པ་རེད། ལམ་རྒྱུད་འདིའི་ས་གཤིས་ཧ་ཅང་ཞན་ལ། གནམ་གཤིས་འགྱུར་ལྡོག་ཆེ་བ། ས་བབ་ཀྱི་མཐོ་ཚད་ཆ་སྙོམས་ལ་སྨི་སུམ་སྟོང་ལྔ་བརྒྱ་ཡན་ཡོད་པ་རེད། 1954ལོའི་ཟླ་12པར་ཁྲོན་བོད་གཞུང་ལམ་ཤར་གཏོང་བྱས་པ་ནས་ད་ལྟའི་བར་དུ། ལོ་ངོ་63འགོར་ཡོད། བོད་ལྗོངས་དང་སི་ཁྲོན་སོགས་ཀྱི་ས་ཆ་སྦྲེལ་བའི་སྦྲག་སྲིད་འཕྲིན་གཏོང་གི་ལམ་གཙོ་བོ་ཞིག་ཏུ་གྱུར་ཡོད།

ལོ་28རིང་ལ། འཆི་མེད་རྡོ་རྗེ་ནི་ཟླ་རེར"ཁྲོན་བོད་གཞུང་ལམ་འགག་འཕྲང་དང་པོ"རུ་ཐེངས་20ཡན་རེ་སྐྱོད་དགོས་ཤིང་། ས་བབ་མཐོ་ཚད་ལ་སྨི་6168ཡོད་པའི་སྡེ་དགེ་ཁྲོ་ལ་བརྒྱུད་དུས་གཤིན་རྗེ་འཕྲེང་ལམ་རྒྱུ་བ་དང་མཚུངས། ཁོས་བྱང་ཚད་ལྡན་པའི་ཁ་ལོ་བའི་ལག་རྩལ་ལ་བརྟེན་ནས་དཀའ་ངལ་ཡོད་ཚད་སེལ་ཡོད་ལ། འགན་འཁྲིའི་དོན་རྐྱེན་གཅིག་ཀྱང་བྱུང་མེད་པ་རེད། ཁོས་ཚེ་སྲོག་ལ་བརྟེན་ནས་ཁྲོན་བོད་སྦྲག་ལམ་དུ་ཤར་སྐྱོད་ཀྱི་འགྲོ་ལམ་བཏོད་ཡོད་ལ། ཀྲུང་གོའི་སྦྲག་སྲིད་ཀྱི་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་པ་དང་འགན་ཁུར་བའི་འོས་འགན་ཕྲག་ཏུ་འཁུར་བཞིན་ཡོད། ཤེས་རྟོགས་བྱུང་བ་ལྟར་ན། "2016ལོའི་ལོ་འཁོར་ཕུལ་བྱུང་འགྲིམ་འགྲུལ་མི་སྣ་བཅུ"ཡི་འོས་སྦྱོར་དཔྱད་འདེམས་བྱེད་སྒོ་འདི་ནི་2013ལོ་ནས་བཟུང་སྤེལ་འགོ་ཚུགས་ཤིང་། ད་ལྟ་བར་དུ་ཐེངས་བཞི་སྤེལ་བ་རེད།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།