བློ་སེམས་གཏད་ཆོག་པའི་ཏང་གི་ཧྲུའུ་ཅི་བཟང་བོ།
2017.05.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 39

རབ་འོག་མ་སྡེ་བའི་འཕེལ་རྒྱས་ཀྱི་ལམ་བུ་བརྒྱུད་ནས་གནད་དོན་སྡེ་བ་ནས་སྔོན་ཐོན་སྡེ་བ་རུ་གྱུར་པའི་མྱོང་ཚོར་ལས།དཔལ་མཁར་རྒྱལ་གྱིས་མང་ཚོགས་ལ་སྣེ་ཁྲིད་དེ་ཕྱུག་བསྒྱུར་གྱི་ལམ་བུ་བསྙེགས་པའི་ཁྲོད་དཀའ་སྤྱད་ཅི་འདྲ་ཞིག་མྱངས་པ་ངང་གིས་ཚོར་ཐུབ། དབུལ་པོའི་ཁྱིམ་ཚང་ལ་སོང་སྟེ་འབྲོག་པ་མང་ཚོགས་ཀྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་དང་མཐུན་སྒྲིལ་གཅིག་སྒྲིལ་བྱེད་ཚུལ་མཐོང་ཚེ།དཔལ་མཁར་རྒྱལ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་གིས་མང་ཚོགས་ཀྱི་སེམས་ཁོང་དུ་གོ་གནས་ག་འདྲ་ཞིག་ཟིན་ཡོད་པ་མ་བཤད་ཀྱང་ཤེས་ཐུབ།དཔལ་མཁར་རྒྱལ་གྱི་བབ་ཆགས་པ་དང་འཕྲལ་ཐག་ཆོད་པ། བློ་སྟོབས་བཅས་ཀྱིས་གསར་འགོད་པར་བག་ཆགས་ཟབ་མོ་བཞག་བྱུང་།

དཔལ་མཁར་རྒྱལ་གྱི་སྐོར་གླེང་དགོས་ཚེ།ང་ཚོས་ཉིས་སྟོང་བརྒྱད་ལོ་ནས་གླེང་དགོས།སྐབས་དེར་དཔལ་མཁར་རྒྱལ་ནི་ཀ་ཧེ་རྩྭ་ཐང་སྟེང་གང་སར་སྐད་གྲགས་ཆོད་པའི་སྦྱིན་བདག་ཆུང་ཆུང་ཞིག་ཡིན་ལ་ཁྱིམ་ཚང་གང་པོས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།
དེའི་རྗེས་ཀྱི་ལོ་ངོ་གཉིས་ཀྱི་ནང་དུ་ཕ་ཡུལ་རབ་འོག་མ་སྡེ་བ་ནས་ཡང་དང་བསྐྱར་དུ་བསྐུར་ཡོང་བའི་གདན་འདྲེན་ཞུ་ཡིག་དེས་རེ་ཞིག་ཕོ་རྒོད་དེའང་ཅི་བྱ་གཏོལ་མེད་དུ་གྱུར།

རབ་འོག་མ་སྡེ་བའི་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པ་བསྒྱུར་ཆེད། སྡེ་བས་ཏང་ཡོན་གྱི་འཐུས་མི་དང་མང་ཚོགས་ཀྱི་འཐུས་མི་མངགས་ནས་དཔལ་མཁར་རྒྱལ་ཕྱིར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ལས་འགན་ཁུར་དུ་ཡོང་རྒྱུའི་གདན་འདྲེན་ཞུ་རུ་བཅུག དང་ཐོག་དཔལ་མཁར་རྒྱལ་ཡིད་མ་ཆེས་པར་སྔར་བཞིན་རང་ཉིད་ཀྱི་ཐོན་ལས་གཉེར། དེ་བཞིན་སྤྱོད་གྲགས་གཉིས་ལྡན་གྱི་རྒན་པ་དང་སྤྲོ་སེམས་ཀྱིས་ཁེངས་པའི་ཏང་ཡོན་མང་ཚོགས་ཀྱི་འཐུས་མི་ཡོང་ནས་ཡང་དུ་བསྐྱར་དུ་གདན་ཞུ་ཞུས་ཤིང་། ལྷག་བསམ་ཟོལ་མེད་ཀྱིས་རེ་སྒུག་བྱེད་པའི་སྡེ་མིའི་མིག་མདངས་མཐོང་བ་དང་སྡེ་བའི་དབུལ་པོ་དང་རྙོག་འཛིང་ཆེ་བའི་གནས་ཚུལ་དག་དྲན་པའི་མོད་ལ་དཔལ་མཁར་རྒྱལ་གྱི་སེམས་སྐྱོ་བས་ཁེངས་ཤིང་།བསམ་གཞིག་ཡང་ཡང་བཏང་མཐར། 2010ལོའི་ལོ་འགོར་དཔལ་མཁར་རྒྱལ་གྱིས་སྡེ་བའི་སྐབས་བརྗེའི་འདེམ་བསྐོའི་ནང་ཞུགས་རྒྱུའི་སེམས་ཐག་བཅད་ཅིང་། ལོ་དེར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ལས་འགན་ཁུར།

དཀའ་སོང་།ངོ་མ་དཀའ་དྲགས་སོང་། སྔོན་གྱི་སློབ་གསོ་གཏོང་ཤུགས་ཟད་པ་དང་དོ་དམ་ནོར་འཛོལ་ཡིན་པ་སོགས་ཀྱི་རྐྱེན་གྱིས་རབ་འོག་མ་སྡེ་བ་ནི་མིང་དོན་མཚུངས་པའི་གྱོང་སྟེར་སྡེ་བ་དང་རྒྱན་འགྱེད་སྡེ་བ་རུ་གྱུར་སོང་།མང་ཚོགས་ཀྱི་སེམས་པ་མཉམ་དུ་མི་འདྲེས་པས་སེམས་ཤུགས་ཀྱང་གཅིག་ཏུ་བཀོལ་མི་ཐུབ།འཕེལ་རྒྱས་ནི་དེ་བས་བཤད་མི་དགོས་པ་རེད་ཅེས་དང་ཐོག་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་པའི་གནས་ཚུལ་ལ་ཕྱིར་དྲན་བྱེད་ཞོར་དཔལ་མཁར་རྒྱལ་གྱིས་དེ་ལྟར་བཤད་བྱུང་།
སྡེ་བས་སྡེ་བ་ལ་ལྟ་བ་དང་ཁྱིམ་ཚང་གིས་ཁྱིམ་ཚང་ལ་ལྟ་བ།མང་ཚོགས་ཀྱིས་ཏང་ཡོན་ལ་ལྟ་བ་དང་།ཏང་ཡོན་གྱིས་ཀྲི་པུའུ་ལ་ལྟ་བ་བཞིན་དུ།སྐབས་གསར་པའི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་བཙུགས་མ་ཐག་ཏུ་ཚན་ཁག་གི་ནུས་ཤུགས་ཞན་པ་དང་།སྡེ་བ་རིམ་པའི་ལས་དོན་ཐད་རྙོག་འཛིང་ཆེ་བ།དཔལ་འབྱོར་འཕེལ་རྒྱས་རྗེས་ལུས་ཡིན་པ།སྤྱི་ཚོགས་བདེ་འཇགས་བརྟན་བརླིང་མིན་པ་སོགས་མྱུར་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་ལ་དམིགས་ནས།དཔལ་མཁར་རྒྱལ་གྱིས་བསམ་བློའི་འདུ་ཤེས་བསྒྱུར་བའི་བྱ་བཞག་ཆེན་པོ་སྒྲུབ་མགོ་བརྩམས།དཔལ་མཁར་རྒྱལ་གྱིས་བལྟས་ན། མི་བརྗེས་པ་ཙམ་ནི་ཐབས་བཟང་ཞིག་མིན་པར་འདུ་ཤེས་བསྒྱུར་རྒྱུ་ནི་ད་གཟོད་འགག་རྩ་ཡིན་པས།སྲན་ཕུང་ཐོར་བ་ལྟ་བུའི་སྡེ་བའི་མི་སེམས་མཉམ་དུ་བསྡུ་དགོས་པར་སྙམ།

རྩྭ་ས་རུ་སོང་སྟེ་འབྲོག་ཁྱིམ་རེ་རེར་འཚམས་འདྲི་བྱས་པ་དང་།གུར་ནང་དུ་འཛུལ་ནས་དམངས་ཀྱི་བསམ་འདུན་ལ་ཉན་ཅི་ཐུབ་བྱས།སྡེ་བའི་ནང་གི་གནད་དོན་ལ་དམིགས་ཏེ།དཔལ་མཁར་རྒྱལ་གྱིས་ཐོག་མར་ཚན་ཁག་གི་ཁོངས་མིའི་སྣེ་ཁྲིད་དེ་འདྲི་རྩད་ཆེན་པོ་བྱེད་དགོས་པ་དང་།མང་ཚོགས་དང་སྙིང་གཏམ་བཤད་རེས་བྱས་པ་དང་སེམས་དང་སེམས་བརྗེ་རེས་དང་།མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་ཐག་བཅད་པ་བཅས་ཀྱིས།བསམ་པའི་འཁྱེར་སོ་མཐུན་སྒྲིག་དང་བློ་གྲོས་སྔོག་འདོན་བྱས་ཏེ།ཟླ་གཉིས་རིང་གི་དུས་ཚོད་བཀོལ་ནས་མི་སྟོང་ལྷག་གི་བསམ་འཆར་དེ་འཕེལ་རྒྱས་ལ་ཕན་པའི་གྲོས་གཞི་བཅུ་ལྷག་ཏུ་བསྡུ་སྒྲིག་བྱས་པ་རེད།ཏང་ཡོན་ལས་བྱེད་པའི་ཚོགས་འདུ་དང་མང་ཚོགས་ཀྱི་འཐུས་མིའི་ཚོགས་འདུ།སྡེ་དམངས་ཚོགས་ཆེན་བཅས་ཟླ་གཉིས་ཀྱི་ནང་དུ་ཚོགས་འདུ་ཆེ་ཆུང་ཐེངས་ཉི་ཤུ་ཙམ་བསྡུས་མཐར་དེ་སྔ་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་སྡུག་པོ་དེ་འཚམས་འདྲི་དང་ཚོགས་འདུ་ལ་བརྟེན་ནས་རིམ་བཞིན་ཇེ་ལེགས་སུ་སོང་། རིག་པ་མྱུར་ན་ཐབས་ཤེས་མང་ཞེས་པའི་དཔེ་ལྟར།དཔལ་མཁར་རྒྱལ་གྱི་སྣེ་ཁྲིད་འོག་ཏུ། ཐོག་མར་ཏང་ཡོན་དང་མང་ཚོགས་ཀྱི་འཐུས་མི་རྩ་འཛུགས་བྱས་ཏེ།པེ་ཅིན་དང་ཧྲང་ཧེའི།སི་ཁྲོན་སོགས་སུ་སོང་ནས་རྟོག་ཞིབ་བྱས་པ་བརྒྱུད།ཤེས་རྒྱ་མཐོང་རྒྱ་ཇེ་ཆེར་དང་བསམ་བློ་བཅིངས་འགྲོལ།རང་སྐྱོན་རང་བརྟག་བཅས་ཀྱི་ནུས་པ་ཐོན།དེ་ནས་སྐྱེ་ཁམས་ཕྱུགས་ལས་སོགས་མཉམ་ལས་ཁང་རྩ་འཛུགས་བྱེད་མགོ་བརྩམས།མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་མི་མཐོ་ན་ལས་བྱེད་པ་ནས་འགོ་བརྩམས་ཏེ་བྱ་བ་རེ་རེ་བཞིན་བསྒྲུབས་པའི་མཐར་འདེབས་འཛུགས་དང་གསོ་སྤེལ་ཚན་རིག་ཅན་དང་།གཞི་ཁྱོན་ཅན།ལེགས་བསྡུས་ཞིབ་གཉེར་ཅན་མངོན་འགྱུར་བྱས།དེ་ནས་ངལ་རྩོལ་པ་ལྷག་མ་རྩ་འཛུགས་བྱས་ནས་ཕྱི་རུ་ཨར་ལས་དང་ནོར་ལུག་འདྲེན་འཚོང་། ཁྱིམ་ཚང་མགྲོན་ཁང་།བཟོ་རྩལ་ཐོན་རྫས་ཉོ་ཚོང་སོགས་གཉེར་བ་བཅས་དཔལ་མཁར་རྒྱལ་གྱིས་རབ་འོག་མ་སྡེ་བའི་མང་ཚོགས་ཁྲིད་དེ་ཕྱུག་བསྒྱུར་གྱི་ལམ་དུ་གོམ་པ་ཆེན་པོས་སྐྱོད་བཞིན་ཡོད།

ལོ་དྲུག་གི་རྗེས་ཀྱི་དེ་རིང་།འགྲོ་ལམ་ཉམས་གསོ་དང་གློག་འཐེན་པ། ཆུ་རྐ་ལས་པ་བཅས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས་ཏེ་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ཇེ་བཟང་དུ་བཏང་། སྡེ་བའི་དམངས་སྲོལ་ལེགས་བསྒྱུར་དང་།ལེགས་བསྡུས་ཞིབ་གཉེར་གྱིས་འདེབས་འཛུགས་གསོ་སྤེལ་བྱེད་པ།ཡུལ་སྐོར་ཐོན་ལས་གོང་དུ་སྤེལ་བ་བཅས་མང་ཚོགས་ཀྱི་ཡོང་འབབ་སྔར་ལས་ཇེ་མང་དུ་གྱུར།དཔལ་མཁར་རྒྱལ་གྱིས་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་བཞིན་པའི་ཚོང་ལས་བསྐྱུར་ཏེ་སྡེ་བའི་ཨུ་ཡོན་ཁང་གཉིས་ཀྱི་ཚན་ཁག་གི་ཁོངས་མི་དང་མཉམ་དུ་སེམས་ཤུགས་ཡོད་རྒུས་དམངས་དོན་བསྒྲུབས་ནས་དམངས་སེམས་ཐོབ་སྟེ།གནད་དོན་སྡེ་བ་ཡི་ཞྭ་མོ་ཕུད་དེ་ག་ས་གང་དུ་སྐད་གྲགས་ཆོད་པའི་འཕེལ་རྒྱས་ཀྱི་དཔེ་མཚོན་སྡེ་བ་ཞིག་ཏུ་གྱུར།མང་ཚོགས་ཀྱིས་མིག་གིས་བལྟས་མ་ཐག་སེམས་པར་སྤྲོ་བས་ཁེངས།དཔལ་མཁར་རྒྱལ་ནི་བློ་སེམས་གཏད་ཆོག་པའི་ཏང་གི་ཧྲུའུ་ཅི་བཟང་བོ་ཞིག་ཡིན་ཁོ་ཐག་རེད་སྙམ།

རྩོམ་སྒྲིག་པ།  སྐར་མ་མཚོ།