མི་དམངས་མང་ཚོགས་ཀྱི་བློས་ཐུབ་གྲོགས་པོ།
2017.05.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

ཉེ་ལམ། མཚོ་སྔོན་ཉིན་རེའི་ཚགས་པར་སྟེང་རབ་འོག་མ་སྡེ་བའི་ཕྱོགས་སྟོན་མི་སྣ་ཞེས་པའི་རྩོམ་ཡིག་སྤེལ་རྗེས། ཟི་ལིང་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སོགས་ཀྱི་ལས་བྱེད་མང་ཚོགས་ཀྱིས་ལབ་གླེང་མང་པོ་བྱེད་ཀྱིན་ཡོད། ཚང་མས་དཔལ་མཁར་རྒྱལ་གྱིས་དངོས་སྒྲུབ་དངོས་གཉེར་དང་གསར་གཏོད་གསར་སྐྲུན་བྱེད་པའི་སྤྱོད་ཚུལ་བཟང་བོ་དང་། མིང་གྲགས་མི་བསམ་པར་ཡོད་ཚད་སྡེ་བ་དང་མང་ཚོགས་བསམ་བཞིན་པའི་བྱ་སྤྱོད་དེ་དག་ལ་སློབ་སྦྱོང་བྱེད་བཞིན་ཡོད།

ཏང་དང་མང་ཚོགས་ལ་དགོས་མཁོ་ཡོད་པའི་སྐབས་སུ། དཔལ་མཁར་རྒྱལ་གྱིས་རང་ཉིད་ཀྱི་ཁེ་ཕན་བསྐྱུར་བ་དེ་ནི་མི་ཚེའི་བསམ་ཕྱོགས་གཙོ་བོ་ཡིན་ལ། གུང་ཁྲན་ཏང་མི་ཞིག་ལ་དགོས་པའི་བསམ་པའི་འདུ་ཤེས་གལ་ཆེན་ཞིག་རེད།

“བསྒྱུར་བ་བཞི”ཡི་སྐུལ་འདེད་པ་དང་ལག་ལེན་པ་བྱེད་པ།
“སྒེར་སེམས་མེད་པ། ནུས་པ་ལྡན་པ། སྤོབས་པ་ཆེ་བ”དེ་ནི་དཔལ་མཁར་རྒྱལ་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རབ་འོག་མ་སྡེ་བའི་སྡེ་མི་རྣམས་ལ་བཞག་པའི་ཆེས་ཟབ་པའི་བག་ཆགས་རེད། རབ་འོག་མ་སྡེ་བའི་སྡེ་མིས་བཤད་ན། སྡེ་མི་རེ་རེའི་སེམས་ནང་དུ་ཀུན་ལ་ཚད་ཤིང་རེ་ཡོད་ཅིང་། ཧྲུའུ་ཅི་དཔལ་མཁར་རྒྱལ་གྱི་བྱ་སྤྱོད་རེ་རེ། སྡེ་མི་ཚོས་མིག་གིས་མཐོང་ཞིང་སེམས་སུ་འཇགས་ཡོད།

ལོ་འགའི་སྔོན་ལ། རབ་འོག་མ་སྡེ་བའི་མི་རྣམས་ཀྱིས་གང་འདོད་དུ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ཧ་ཅང་ཚབས་ཆེ། སྡེ་བའི་ནང་གི་ཕྱུགས་ཀྱི་བགྲོད་ལམ་ཞེང་ལ་མུས་བཅོ་ལྔ་བསྐྱུར་ཡོད་པ་དེ་སྒྲིག་ལམ་དང་འགལ་ནས་གང་འདོད་དུ་འཛུགས་སྐྲུན་དང་གང་འདོད་དུ་ལྕགས་ར་བསྐོར་ནས་མུས་གཉིས་གསུམ་ཙམ་མ་གཏོགས་ལྷག་མི་འདུག སྡེ་བའི་ཏང་ཀྲི་པུའུ་ཡིས་གོ་སྐབས་བཟང་བོ་དང་བསྟུན་ནས་སྡེ་སྲོལ་དམངས་ཆིངས་ལྟར་སྡེ་བའི་རྣམ་པ་རྩ་བ་ནས་བསྒྱུར་བཀོད་དག་ཐེར་བྱེད་རྒྱུ་ཐག་གིས་བཅད་ཅིང་། སྔོན་ཆད་བསྐྱུར་ཡོད་པའི་ཕྱུགས་ཀྱི་བགྲོད་ལམ་སླར་ཡང་སྟོང་སར་བཞག

སྡེ་བའི་ཏང་ཀྲི་པུའུ་ཡིས་ཐག་གཅོད་བྱས་པའི་རྗེས་སུ། དཔལ་མཁར་རྒྱལ་གྱིས་རང་གི་ཕ་མ་གཉིས་བཙལ་ཏེ་རང་ཁྱིམ་གྱིས་འཐེན་པའི་ལྕགས་དྲ་མུས་འགའ་ཕྱིར་སྣུར་བྱས་ནས་མང་དུ་བདག་བཟུང་བྱས་པའི་ཕྱུགས་ཀྱི་བགྲོད་ལམ་སོར་འཇོག་བྱེད་དགོས་པའི་ཁ་ཏ་བྱས། མགོ་བརྩམས་མ་ཐག དཔལ་མཁར་རྒྱལ་གྱི་ཕ་མ་གཉིས་ཀྱིས་ཇི་ལྟར་བྱས་ཀྱང་བློས་མི་ཆོད་པར། “སྡེ་བའི་ནང་ཕྱུགས་ཀྱི་བགྲོད་ལམ་བདག་བཟུང་བྱས་པ་རང་ཁྱིམ་གཅིག་པུ་མིན།ང་ཚོས་ཅིའི་ཕྱིར་སྔོན་ལ་སྣེ་ཁྲིད་དགོས་སམ”ཞེས་སྨྲས།

དཔལ་མཁར་རྒྱལ་གྱིས་སྐད་མགོ་དམའ་མོའི་ངང་རང་གི་ཕ་མ་གཉིས་ལ་འདི་ལྟར་བཤད། “ང་ནི་ལས་བྱེད་པ་ཡིན་པས། ཚང་མས་ང་ལ་བལྟས་ཡོད། འུ་ཚང་གི་ལྕགས་དྲ་མ་བཤིག་ན། བྱ་བ་འདི་སྤེལ་ས་མི་འགྲོ”ཞེས་བཤད།

དཔལ་མཁར་རྒྱལ་གྱི་སྐད་ཆ་ལ་ཉན་རྗེས་ཕ་མ་གཉིས་ཀ་ཡང་ཁ་རོག་གེར་བསྡད་བྱུང་། ཉིན་གཉིས་པར། དཔལ་མཁར་རྒྱལ་གྱིས་ཕ་མའི་ཁྱིམ་གྱི་སྒྲིག་འགལ་ལྕགས་དྲ་བསྐོར་བ་དེ་གཏོར། གཟའ་འཁོར་གཅིག་ཙམ་གྱི་དུས་ཡུན་ནང་རབ་འོག་མ་སྡེ་བའི་ཕྱུགས་ལམ་འགྲམ་རྒྱུད་ཀྱི་བཟོ་སྐྲུན་དང་ལྕགས་དྲ་ཡོངས་རྫོགས་བཤིག་ནས་མེད་པར་བཟོས།

རབ་འོག་མ་སྡེ་བའི་རུ་ཁག་དང་པོའི་རུ་གཙོ་ནམ་མཁའ་ཚེ་རིང་གིས་བཤད་རྒྱུར། ཧྲུའུ་ཅི་དཔལ་མཁར་རྒྱལ་གྱིས་ཉེ་རིང་ཕྱོགས་རིས་མེད་པར། སྡེ་བའི་ནང་གི་དོན་དག་ཆེན་པོའི་ཇུས་ཆོད་དང་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དོན་དག་གལ་ཆེན་གྱི་རིགས་ཐག་གཅོད་དུས། རྒྱུ་འབྲས་དྲང་བཞག་རྒྱུན་འཁྱོངས་བྱེད་པ་ཡིན་པས། མང་ཚོགས་རྣམས་ཁ་ཞེ་གཉིས་མེད་ཀྱིས་འཐད་པ་བྱུང་།

ལོ་འགའི་སྔོན་ལ། སྡེ་བའི་ནང་གནས་པའི་དོན་དངོས་གནད་དོན་དག་ལ་གཞིགས་ནས། རབ་འོག་མ་སྡེ་བའི་ཏང་ཀྲི་པུའུ་ཡིས་གསར་གཏོད་རང་བཞིན་གྱི་སྒོ་ནས། སྡེ་སྲོལ་དམངས་ཆིངས་ཀྱི་དྲན་ཚུལ་བཏོན་ཅིང་བཟོས། དཔལ་མཁར་རྒྱལ་གྱིས་བཤད་རྒྱུར། དུས་རབས་ཀྱི་ཁྱད་ཆོས་དང་མཐུན་ཞིང་སྡེ་བའི་འཕེལ་རྒྱས་ལ་འཕྲོད་པའི་སྡེ་སྲོལ་དམངས་ཆིངས་ཆ་ཚང་བ་ཞིག་བཟོ་བའི་ཆེད་དུ། ཏང་ཀྲི་པུའུ་ཡི་ཁོངས་མི་དང་སྡེ་བའི་ནང་གི་ཀུན་སྤྱོད་བཟང་ཞིང་མཚན་སྙན་གྲགས་པའི་ལོ་ལོན་རྒན་པོ་འགའ་ཡིས་མཉམ་དུ་ཁ་བཏགས་ཁྱེར་ནས་ཁྱིམ་ཚང་རེ་རེའི་སྒོ་ཁར་སོང་ཞིང་། ལྷག་བསམ་རྣམ་དག་གིས་སྡེ་མི་རྣམས་ལ་རང་གི་དྲན་ཚུལ་བཤད་དུ་བཅུག་ཅིང་བསམ་འཆར་འདོན་པའི་རེ་བ་ཞུས། དེའི་རྗེས་སུ། སྡེ་བའི་ཏང་ཀྲི་པུའུ་ཡིས་སྡེ་དམངས་ཚོགས་ཆེན་ཐེངས་མང་བསྡུས་ནས། གྲོས་བསྡུར་བྱེད་བཞིན་སྡེ་སྲོལ་དམངས་ཆིངས་ཀྱི་བྱེ་བྲག་གི་ནང་དོན་གཏན་འཁེལ་བྱས། དེ་ནས་ཅང་མ་འགོར་བར། རབ་འོག་མ་སྡེ་བའི་སྡེ་སྲོལ་དམངས་ཆིངས་ཀུན་ལ་ཁྱབ་བསྒྲགས་བྱས།

“དང་ཐོག་སེམས་ནས་འཐད་པ་མ་བྱུང་། ཏང་ཀྲི་པུའུ་ཡིས་ཁ་ཡ་བྱེད་རྒྱུ་མང་དྲགས་སོང་སྙམ། ཡིན་ན་ཡང་སྒྲིག་ལམ་མེད་སོང་ན། དོན་དག་འཐུས་ཚང་བ་ཞིག་མི་འོང་པར་འདུག ལག་ལེན་གྱིས་ར་སྤྲོད་བྱས་པ་ནི། སྡེ་སྲོལ་དམངས་ཆིངས་ཀྱིས་དངོས་གནས་སྡེ་མི་དོ་དམ་དང་ཐོན་སྐྱེད་ཡར་སྐུལ་གྱི་ཕྱོགས་ལ་ནུས་པ་མི་དམན་པ་ཐོན་ཡོད”སྡེ་མི་དབང་ཆེན་གྱིས་དེ་ལྟར་བཤད།

ལོ་ཞིག་ལ། 214རྒྱལ་ལམ་གྱི་རབ་འོག་མ་སྡེ་བའི་ལམ་རྒྱུད་དུ་འཁོར་བགེགས་བྱུང་སོང་། བྱུར་ཉེས་བཟོས་པའི་རླངས་འཁོར་གྱིས་རབ་འོག་མ་སྡེ་བའི་ཁྱིམ་ཚང་ཞིག་གི་ལུག་ལྔ་བཅུ་གཅུར་ནས་བསད་བྱུང་། སྐབས་དེའི་ཚོང་རའི་རིན་གོང་ལྟར་ལུག་གཅིག་གི་བཙོང་རིན་སྒོར་ལྔ་བརྒྱ་ནས་སྒོར་བརྒྱད་བརྒྱ་བར་ཡིན་མོད། འོན་ཀྱང་སྡེ་མི་དེས་འཛེམ་བག་མེད་པར་ལུག་གཅིག་གི་རིན་གོང་སྒོར་སྟོང་གཅིག་དང་ལྔ་བརྒྱ་ལྟར་ཕ་རོལ་པོ་ལ་སྐྱིན་ཚབ་འཇལ་དུ་བཅུག

དཔལ་མཁར་རྒྱལ་གྱིས་དོན་དག་དེ་རྒྱུས་ལོན་བྱས་པའི་རྗེས་སུ། སྡེ་མི་དེར་སྡེ་སྲོལ་དམངས་ཆིངས་ཀྱི་གཏན་འཁེལ་ལྟར་སྐྱིན་ཚབ་ལེན་དགོས་ཚུལ་བཤད་དེ། མང་དུ་བླངས་པའི་དངུལ་སྒོར་ཕྱིར་སློག་ཏུ་བཅུག སྡེ་མི་དེས་སྒོར་མོ་ཕྱིར་སློག་རྒྱུ་ཡིན་པའི་གནས་ཚུལ་དེ་བྱུར་ཉེས་བཟོས་པའི་ཁ་ལོ་པས་གོ་མ་ཐག ཁོ་རང་ངོ་མ་ཧ་ལས་སོང་། བྱུར་ཉེས་བཟོས་པའི་ཁ་ལོ་པ་དེས་དཔལ་མཁར་རྒྱལ་ལ་བཤད་རྒྱུར། “ངས་དེ་འདྲའི་ལོ་མང་པོ་ཞིག་ལ་རླངས་འཁོར་བསྐོར་མོད། འདི་འདྲའི་དོན་དག་མཐོང་བ་ནི་ཐེངས་དང་པོ་ཡིན། ཁྱོད་ཚོའི་སྡེ་བ་ངོ་མ་དཔེ་ཟླ་མེད་པ་རེད”ཅེས་བཤད།

སྔར་ལས་བཟང་བའི་སྒོ་ནས་བྱ་བ་སྒྲུབ་པའི་ཆེད་དུ། དཔལ་མཁར་རྒྱལ་གྱིས་གོ་གནས་ཁུར་མ་ཐག་ཏུ། སྡེ་མི་རྣམས་ཀྱི་ཁྲོད་ནས་བཤད་ཕོད་སྒྲུབ་ཕོད་ཀྱི་སྡེ་མི་ཉེར་ལྔ་ཙམ་བདམས་ཏེ་སྡེ་མིའི་འཐུས་ཚབ་ཁུར་དུ་བཅུག་ཅིང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་བྱ་བ་དང་ལས་བྱེད་པའི་སྤྱོད་ཚུལ། ལམ་ལུགས་ལག་བསྟར། ནོར་དོན་དོ་དམ། འཛུགས་སྐྲུན་བཟོ་འགོད་ལས་གཞི། སྡེ་མིའི་བསམ་འཆར་དངོས་འབེབས་བཅས་ལ་ལྟ་སྐུལ་བྱེད་དུ་བཅུག ལས་དོན་དག་གལ་ཆེན་ཞིག་ཡིན་ཚེ། ཚང་མ་སྡེ་མིའི་བསམ་འཆར་འདྲི་རྩད་བྱེད་པས་མི་ཚད། སྡེ་དམངས་འཐུས་མི་ཚོགས་ཆེན་བརྒྱུད་ནས་གྲོས་བསྡུར་དང་ཐག་གཅོད་བྱས་པ་ཡིན།

དཔལ་མཁར་རྒྱལ་གྱིས་བཤད་རྒྱུར། སྡེ་བ་ཞིག་འཕེལ་རྒྱས་གཏོང་དགོས་ན། དར་སྲོལ་ལེགས་པོ་ཞིག་ཡོད་དགོས་ཤིང་། རྒྱུ་འབྲས་དང་མཐུན་པའི་སེམས་བཟང་ཞིག་བཅངས་ནས་སྡེ་མི་རེ་རེར་ཕན་ཁེ་བསྐྲུན་ཅི་ཐུབ་བྱེད་དགོས། དར་སྲོལ་ལེགས་པོ་ཞིག་ཡོད་པ་དང་། གཞུང་དྲང་དང་དྲང་གཞག ཡོངས་གྲགས་བཅས་བྱེད་ཐུབ་ན། སྡེ་མི་ཚོས་ད་གཟོད་བློ་གཅིག་སེམས་གཅིག་གིས་འཛུགས་སྐྲུན་བྱེད་ཐུབ་པ་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ཐུབ་པ་ཡིན་ཟེར།

“རབ་འོག་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔལ་མཁར་རྒྱལ་གྱི་སྔོན་ཐོན་བྱས་རྗེས་ལ་བལྟས་ཚར་རྗེས། ང་རང་གིས་དཔལ་མཁར་རྒྱལ་གྱི་སྙིང་སྟོབས་ལ་ཡིད་མོས་པ་ཞིག་རེད། ཁོས་རང་ཉིད་ཀྱི་ཡོད་ཚད་ཕུལ་ནས། གནད་དོན་ཡོད་པའི་སྡེ་བ་ཞིག་སྔོན་ཐོན་གྱི་སྡེ་བ་ཞིག་ཏུ་བསྒྱུར་བ་དང་། སྡེ་དམངས་རྣམས་ཀྱི་སྣེ་ཁྲིད་ནས་འཚོ་བ་བཟང་བོ་ཞིག་སྒྲུབ་པ་ང་རང་ཡིད་འགུལ་ཆེན་པོ་ཐེབས”ཞེས་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་སྦྲ་གསར་ཞང་གི་ཏང་ཨུའི་ཧྲུའུ་ཅི་དབང་འབུམ་ཚེ་རིང་གིས་དེ་ལྟར་བཤད། དབང་འབུམ་ཚེ་རིང་གིས་བྱ་བའི་ཉིན་ཐོའི་ཁྲོད་འདི་ལྟར་བྲིས་ཡོད་དེ། དཔལ་མཁར་རྒྱལ་གྱི་སྒྲུབ་པའི་བྱ་བ་དག་དང་བསྡུར་ན་ང་ཚོས་སྒྲུབ་པ་ཧ་ཅང་ཉུང་། གུང་ཁྲན་ཏང་ཡོན་ཞིག་གིས་གནས་སྐབས་སུ་ཡོད་ཚད་འབུལ་བ་དེ་ལས་སླ་མོ་ཞིག་ཡིན་ལ་རྒྱུན་སྐྱོང་རྒྱུ་དཀའ་བ་རེད། རྗེས་ཕྱོགས། ངས་རང་ཉིད་ཀྱི་ཐོབ་ཤོར་མི་བསམ་པར་མཐུན་སྒྲིལ་བྱེད་པ་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ནས། བློ་མཐུན་དཔལ་མཁར་རྒྱལ་མིག་དཔེ་བྱས་ཏེ། “སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་ཟུང་འབྲེལ་བྱས་ནས། གུང་ཁྲན་ཏང་ཡོན་ཚད་ལྡན་ཞིག་བྱེད་རྒྱུ་ཡིན་ཟེར།

ཏཱ་ཐུང་ཧོས་རིགས་རང་སྐྱོང་རྫོང་ཁྲིན་ཀོན་གྲོང་རྡལ་ཐཱ་བ་སྡེ་བ་ནི་དེ་སྔོན་དབུལ་ཕོངས་སྡེ་བ་ཞིག་ཡིན་ལ། ན་ནིང་། སྡེ་བ་ཡོངས་སུ་དབུལ་ཕོངས་ཁྱིམ་ཚང་བཅུ་དྲུག་དང་མི་གྲངས་ང་གཉིས་ཡོད་པ་ཚང་མ་དབུལ་ཐར་བྱས། དེ་ནི་སྡེ་བའི་ནང་དུ“ཏང་ཡོན་འཁོར་རྒྱུག་ཚན་ཆུང”ཞིག་བཙུགས་ཏེ་ཐོབ་པའི་གྲུབ་འབྲས་རེད། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་མཱ་ཧྥུའུ་ལིན་གྱི་སྣེ་ཁྲིད་འོག སྡེ་བའི་ཏང་ཡོན་དང་མང་ཚོགས། དབུལ་ཕོངས་ཁྱིམ་ཚང་བཅས་རྩ་འཛུགས་བྱས་ཏེ་ཞིང་འབྲེག་འཕྲུལ་འཁོར་ག་ས་གང་དུ་བསྐོར་ནས། 2016ལོར་ཞིང་འབྲེག་འཕྲུལ་འཁོར་རེའི་ཡོང་སྒོ་སྒོར་ཁྲི་བརྒྱད་ནས་དགུ་ལོན་ཡོད། མཱ་ཧྥུའུ་ལིན་གྱིས་བཤད་རྒྱུར། དཔལ་མཁར་རྒྱལ་གྱིས་རང་ཉིད་ཀྱི་ཐོན་ལས་བསྐྱུར་ནས། སྡེ་བའི་དོན་དངོས་གནས་ཚུལ་གཞིར་བཟུང་ནས་སྡེ་དམངས་ལ་དོན་དངོས་སྒྲུབ་པས། འདི་ལྟ་བུའི་གནས་གཅེས་ལས་བཀུར་དང་གཞན་ལ་ཡོད་ཚད་འབུལ་བའི་སྙིང་སྟོབས་དེ་ངས་སློབ་སྦྱོང་བྱེད་འོས། རྗེས་ཕྱོགས། ང་རང་ཉིད་ཀྱིས་ཀྱང་མང་ཚོགས་ཀྱི་སྣེ་ཁྲིད་ནས། ཞིང་འབྲེག་འཕྲུལ་འཁོར་གྱི་དཔུང་སྡེ་མུ་མཐུད་དུ་རྒྱ་བསྐྱེད་དེ། ཚང་མ་ཕྱི་རུ་ཞོར་ལས་སུ་འགྲོ་བ་རྩ་འཛུགས་བྱེད་པ་དང་། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་ཆབས་ཅིག ལས་གཞིའི་མ་དངུལ་བརྩོན་ལེན་བྱས་ཏེ་སྡེ་བའི་རྣམ་པ་ཇེ་ལེགས་སུ་གཏོང་རྒྱུ་ཡིན་ཟེར།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གདོང་སྣ་གྲོང་རྡལ་ཡར་སྐ་སྡེ་བའི་ཧྲུའུ་ཅི་དང་པོ་ལིག་ཀོས་མིན་རྨ་ལྷོའི་མི་བཟང་གི་གྲས་སུ་བདམས་པ་དང་། རབ་འོག་མ་སྡེ་བ་གླེང་སྐབས། ཁོས་བསྟོད་པའི་མཐེ་བོང་བསྒྲེངས་ནས་བཤད་རྒྱུར། རབ་འོག་མ་སྡེ་བའི་འགྱུར་ལྡོག་དཔལ་མཁར་རྒྱལ་གྱི་དཀའ་སྤྱད་སྡུག་རུས་ཀྱི་སྙིང་སྟོབས་དང་འབྲེལ་ཐབས་མེད། དཔལ་མཁར་རྒྱལ་གྱིས་སྡེ་བ་ཡོངས་ཀྱི་སྣེ་ཁྲིད་ནས་བྱ་བ་མང་པོ་སྒྲུབ་ལ། ཆེས་གལ་ཆེ་བ་ནི་རབ་འོག་མ་སྡེ་བའི་ད་ལྟའི་གནས་བབས་དེ་རང་ཉིད་ཀྱི་ཕུགས་འདུན་དུ་བསྒྱུར་བས། སྙིང་སྟོབས་དེ་ལྟ་བུས་སྡེ་དམངས་ལ་སྙིང་སྟོབས་བསྩལ་བ་དང་སྡེ་དམངས་ཀྱི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱས། གཞི་རིམ་གྱི་དབུལ་སྐྱོར་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ཁོས་སྙིང་སྟོབས་ལ་སློབ་སྦྱོང་བྱེད་འོས།

དཔལ་མཁར་རྒྱལ་གྱི་བྱས་རྗེས་རྒྱུས་ལོན་བྱས་རྗེས། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་ཀྲིག་ཅཱ་ཆོན་སྲང་ལམ་དོན་གཅོད་ཁང་གི་ཀྲུའུ་རིན་བུའུ་ཆན་གྱིས་བཤད་རྒྱུར། “སྒེར་སེམས་མེད་པ་དང་བྱ་བ་སྒྲུབ་ཕོད་པ། སྤོབས་པ་ཡོད་པ་བཅས་ནི་རབ་འོག་མ་སྡེ་བའི་ཏང་ཡོན་ལས་བྱེད་དང་ཞིང་སྡེའི་མང་ཚོགས་ཀྱིས་དཔལ་མཁར་རྒྱལ་ལ་གདེང་འཇོག་བྱས་པའི་སྐད་ཆ་རེད། ལོ་བདུན་གྱི་དུས་ཚོད་ནང་། ཁོས་སེམས་བསམ་པའི་གཏིང་ནས་གཞི་རིམ་ཏང་ཀྲི་པུའུ་ཧྲུའུ་ཅིའི་སྣེ་ཁྲིད་ནས་མང་ཚོགས་ཀྱི་དཀའ་ཁག་སེལ་བ་དང་དཀའ་སྡུག་ལས་བགྲོལ་བ། ཕྱུགས་བསྒྱུར་གྱི་ཕྱོགས་སུ་བསྙེགས་བཞིན་ཡོད།”དེས་ང་ལ་ཚོར་བ་ཟབ་མོ་སྐྱེས་པ་དང་། ང་རང་སྡོད་ཁུལ་གྱི་ཀྲུའུ་རིན་ཞིག་ཡིན་པའི་ཆ་ནས་ཉིན་རྒྱུན་གྱི་བྱ་བ་དང་སློབ་སྦྱོང་གི་ཁྲོད། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལ་ཞབས་འདེགས་བཟང་བོ་སྒྲུབ་དགོས་པ་དང་། མང་ཚོགས་ཀྱི་དཀའ་ཁག་སེལ་རོགས་བྱས་ཏེ་སྒེར་སེམས་མེད་པ་དང་དང་ལེན་བྱེད་ཕོད་པ། ཏང་དང་མང་ཚོགས་དང་ལས་བྱེད་དང་མང་ཚོགས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་སྟེ། མཐུན་སྒྲིལ་གྱི་སྟོབས་ཤུགས་ལ་བརྟེན་ནས་མང་ཚོགས་ཀྱི་སེམས་གཏོད་ས་ཞིག་བྱེད་དགོས་ཟེར།
 

ལོ་ཙཱ་བ། ཤ་བོ་རིན་མཚོ།