མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲོང་ཐུ་ཞང་རྡོ་རྫོང་སྡེ་བའི་སྡེ་མི་བསོད་ཐོས་རྒྱ་སྐད་ཏ་མ་ཏུག་གིས་གསར་འགོད་པར་ཁོའི་ལོ་རྒྱུས་འདི་ལྟར་བརྗོད་བྱུང་། ཤ་རྩ་སྨུག་ཅིང་གཟུགས་བོང་ཆུང་བའི་བསོད་ཐོར་མཚོན་ནས་བཤད་ན། གཞན་ལ་རོགས་རམ་བྱེད་རྒྱུ་ནི་ཁོའི་ཡིད་སེམས་ཚུམ་པའི་དོན་དག་ཅིག་ཡིན་ལ། འདི་ནི་ཁོ་གཅིག་པའི་དགའ་ཕྱོགས་ཙམ་མ་ཡིན་པར་ཁྱིམ་རྒྱུད་ཀྱིས་ཤུགས་རྐྱེན་ཡང་མི་ཉུང་བ་ཐེབས་ཡོད་པ་རེད། བལྟས་ཡོང་ན། འདས་པའི་ལོ་བཅུ་ཕྲག་གི་རིང་དུ། ཁོའི་ལས་ཀ་ནི་སློབ་གྲྭའི་དུས་དེབ་དཔར་སྐྲུན་དང་། དབུལ་ཕོངས་སློབ་མར་སློབ་ཡོན་སྤྲོད་པ། ལོ་ལོན་བདག་མེད་སོགས་ལ་འཚོ་བའི་ཅ་ལག་སྒྲིག་པ་བཅས་མདོར་ན་གཞན་ལ་རོགས་རམ་བྱས་པའི་ལྷག་བསམ་དང་འབྲེལ་བ་ཡོད་པ་རེད།
བསོད་ཐོས་གསར་འགོད་པར་བཤད་རྒྱུར། ང་རང་ལོ་ན་བཅུར་སོན་དུས། ཕ་བཟང་པོ་ཚེ་ལས་འདས་སོང་། དུས་དེ་ནས་བཟུང་། ཕུ་བོ་ཆེ་བས་ཕྱུགས་འཚོས་ཤིང་། ཨ་མས་ངེད་མིང་སྲིང་དགུ་བོ་གཉོར་སྐྱོང་བྱས་ནས་ཡོང་བ་རེད་ཟེར། ཁྱིམ་ཚང་གི་འགྱུར་ལྡོག་དང་དཀའ་ངལ་གྱིས་ཁོ་རང་དེ་མ་ཐག་གཉོམ་ལག་རྒྱས་སུ་བཅུག་མོད། ཁྱིམ་ཚང་གི་ཆ་རྐྱེན་ནི་སྔར་བཞིན་ཐབས་ཆག་ཡིན། ཁོ་རང་ལོ་ན་བཅུ་གསུམ་ལ་སོན་པའི་སྐབས་སུ། ཁྱིམ་མི་དག་གི་ཁ་རྒྱབ་ཀྱི་ཆེད་དུ། བློ་བརྟན་འགྱུར་མེད་ཀྱིས་ཚོང་ལས་གཉེར་རྒྱུའི་སེམས་ཐག་བཅད། སྐབས་དེའི་ངའི་ཚོང་ལས་ནི་ནོར་ལུག་གི་པགས་པ་ཉོ་བ་དང་། དབྱར་རྩྭ་དགུན་འབུ་བརྐོ་བ། ཞོར་ལས་སོགས་ཡིན་མོད། ཚོང་འདི་དག་ལ་མཚོན་ནས་བཤད་ན། ཕྱུགས་འཚོ་བ་ལས་ཡོང་སྒོ་ཅུང་ཙམ་བཟང་བར་མ་ཟད། ཁྱིམ་ཚང་གི་འགན་འཁྲི་འང་ཅུང་ཇེ་ཡངས་སུ་གཏོང་ཐུབ་པ་བྱུང་། ཁོས་ཕྱིར་དྲན་གྱི་ཚུལ་དུ་གསར་འགོད་པར་བཤད་རྒྱུར། ང་རང་ཕ་ཡུལ་དུ་ལོགས་ཐེངས་རེར་ཨ་མས་ང་ལ་ཁྱིམ་མཚེས་གཡས་གཡོན་གྱི་མི་ཚོས་སྐབས་རེར་མོ་ལ་ཕྱུགས་འཚོ་རོགས་བྱེད་པ་དང་། ལན་རེར་དགུན་ཤ་གྲ་སྒྲིག་བྱེད་པ། ད་དུང་ཟ་མ་དང་དངོས་པོ་སོགས་ཀྱིས་རོགས་རམ་བྱས་ཚུལ་བརྗོད་ཡོང་། ལོ་མང་པོ་འགོར་བའི་དེ་རིང་གི་དུས་འདིར་སླེབ་ནའང་། ངས་དོན་དག་དེ་དག་གཅིག་ཀྱང་མ་བརྗེད་པར་ཝ་ལེར་དྲན་ཡོང་།
དུས་ཚོད་ནི་ཆུ་བའི་འགྲོས་ལྟར་ཅི་འདྲའི་མགྱོགས་པ་ལ། མིག་རྡེབ་དབང་ཙམ་གྱིས་ཉིས་སྟོང་བཅུ་བཞིའི་ལོ་ལ་ཐོན་འདུག སྐབས་དེར། ཁོ་རང་སྔ་མོ་གཉེན་སྒྲིག་བྱས་ཡོད་མོད། བཟའ་མི་ལྔ་བོའི་འཚོ་བར་སྔར་བཞིན་དཀའ་ཁག་ཡོད། ཁོས་བཤད་རྒྱུར། དེ་དུས་ཀྱང་། ཆུང་མས་སློབ་གྲྭར་བསྐྱལ་བའི་བྱིས་པ་གསུམ་པོར་བདག་སྐྱོང་བྱེད་བཞིན་ཡོད། ང་སྔར་བཞིན་ཕྱི་རུ་ཉུལ་ནས་ཚོང་ལས་གཉེར་ཏེ། ལོ་གཅིག་ལ་སྒོར་ཁྲི་གསུམ་ཙམ་རེ་བཙལ་ནས་འཚོ་བ་བསྐྱལ་བ་ཡིན་ཟེར། ཉིན་ཞིག་བསོད་ཐོ་ཞང་ཐོག་ཏུ་ཁོའི་གྲོགས་པོ་དགེ་རྒན་ཞིག་ལ་སྐོར་རྒྱག་ཏུ་སོང་། སློབ་གྲྭ་དེར་དཀའ་ངལ་ཧ་ཅང་ཆེ་ཞིང་། ཇ་ཁང་ནང་གི་ཟ་མས་བྱིས་པ་ཚོའི་ལྟོ་བ་འགྲང་བར་ཐེ་ཚོམ་སྐྱེས། ཁོའི་སེམས་སུ་དཀའ་ངལ་ཅི་འདྲ་ཆེ་ནའང་བྱིས་པ་ཚོས་ལྟོག་སྐོམ་མྱོང་མི་ཉན་བསམ་ནས། ཕྱི་ཉིན་ཕྱེ་རྒྱ་མ་སྟོང་གཅིག་དང་སྒོར་མོ་དྲུག་བརྒྱས་སློབ་སྦྱོང་ཡོ་ཆས་ཉོས་ཏེ་སློབ་གྲྭར་བསྐྱལ་བ་རེད།
ཉེ་བའི་ལོ་འདི་དག་གི་རིང་ལ། བསགས་དངུལ་ཅུང་ཡོད་པའི་བསོད་ཐོས་དབྱར་རྩྭ་དགུ་འབུ་བརྐོ་སའི་རྩྭ་ས་ཉོ་བ་དང་བཟོ་སྐྲུན་སོགས་ཀྱི་ལས་ཀ་ལས། རྗེས་སུ་ཁོས་ཕ་ཡུལ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་ཡིན་པའི་ཧེ་རིགས་མ་ནེ་དང་།མ་ཧོའུ་སེ། ད་དུང་ཁོ་གཉིས་ཀྱི་ཉ་ཤེ་གསུམ་ལ་ངོ་ཤེས་བཟང་ས་བསྒྲིགས། ང་ཚོ་འགྲོགས་ཡུན་ཅུང་རིང་བས། ཕན་ཚུན་གྱི་གནས་ཚུལ་རྒྱུས་ལོན་བྱུང་ཞིང་། ཁོ་ཚོ་ནི་རྒྱུ་འབྱོར་བ་ཅན་ཏག་ཏག་མིན་པ་ཤེས་མོད། ཁོ་ཚོའི་མི་གཤིས་བཟང་ལ་སྤྱོད་པ་འཇམ་པས། ཁོ་ཚོ་དང་མཉམ་འབྲེལ་སྒོས་བྱས་ནས་ཚོང་ལས་གཉེར་རྒྱུའི་བློ་ཐག་བཅད། འདི་ལྟར་དཀའ་ཚེགས་དང་ཧུར་བརྩོན་ངང་ལོ་ངོ་འགའ་ཡི་ཚོང་ལས་ཀྱི་གོ་རིམ་བརྒྱུད་མཐར། མ་ནེ་སོགས་ཁོའི་གྲོགས་པོ་དག་གི་འཚོ་བར་འགྱུར་ལྡོག་ཆེན་པོ་ཐེབས་ནས། ད་ལྟ་ཁོ་ཚོས་ཟི་ལིང་དུ་དབྱར་རྩྭ་དགུན་འབུ་ཕྱིར་འཚོང་བྱེད་སའི་ཚོང་ཁང་ཞིག་ཀྱང་ཕྱེས་ཡོད་པ་རེད།
འབྲོང་ཐུ་ཞང་རྡོ་རྫོང་སྡེ་བའི་རྒྱ་རིགས་ཁྱིམ་མཚེས་སྐལ་བྷེ་ཚང་གི་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན་པར་མ་ཟད། དུས་དང་རྣམ་པ་ཀུན་ཏུ་ཞོར་ལས་ལ་བརྟེན་ནས་ཁྱིམ་ཚང་གི་ཁ་རྒྱབ་གསོ་བཞིན། བསོད་ཐོས་གནས་ཚུལ་འདི་ཤེས་མ་ཐག སྐལ་བྷེ་རང་གི་བཟོ་གྲྭར་ལས་ཞུགས་བྱེད་དུ་བཅུག ད་དུང་རླངས་འཁོར་ཆེ་བ་ཞིག་ཉོས་ནས། སྐལ་བྷེ་དང་ཁོ་གཉིས་ཀྱིས་མཉམ་དུ་དངོས་སྐྱེལ་རླངས་འཁོར་བསྐོར་ནས་དངོས་ཟོག་སྐྱེལ་འདྲེན་བྱས། སྐལ་བྷེས་བཤད་རྒྱུར། བསོད་ཐོས་རོགས་སྐྱོར་གྱི་འོག་ནས། ངས་ལོ་འདི་དག་གི་རིང་ལ་སྒོར་མོ་འགའ་བསགས་ཐུབ་པ་བྱུང་བས། ཆུང་མར་ཞང་ཐོག་ཏུ་འབྲུ་རིགས་དང་བཟའ་སྣུམ་འཚོང་སའི་ཚོང་ཁང་ཞིག་ཕྱེ་རུ་བཅུག་ཡོད། དེའི་སྟབས་ཀྱིས་ད་སྐབས་འཚོ་བའི་ཆ་རྐྱེན་མངོན་གསལ་དུ་ཇེ་བཟང་དུ་སོང་ཡོད་ལ། འདི་དག་ཚང་མ་ནི་བསོད་ཐོའི་དྲིན་ཡིན་ཞེས་བརྗོད་བྱུང་།
རིན་སྡེ་ནི་རྡོ་རྫོང་སྡེ་བའི་ལྔ་སྐྱོང་ཁྱིམ་ཚང་ཡིན། སྲིད་གཞུང་གིས་ཀྱང་ཁོ་ཚང་ལ་འཚོ་བའི་རོགས་དངུལ་བྱིན་ཏེ་རོགས་སྐྱོར་བྱེད་བཞིན་ཡོད་མོད། འོན་ཀྱང་། ལོ་མང་པོར་ནད་ཀྱིས་མནར་བའི་ཁོ་ལ་མཚོན་ན། འཚོ་བའི་ཆ་རྐྱེན་ཞན་ལ་ཉམ་ཐག་ཅིག་ཡིན།
ཉིས་སྟོང་བརྒྱད་ལོ་ནས་བཟུང་། བསོད་ཐོས་རང་གི་ཕ་ལྟར་རིན་སྡེར་གཉོར་སྐྱོང་བྱས་ཤིང་། ད་དུང་སྡེ་བའི་ནང་གི་ལོ་ལོན་བདག་མེད་བཅུ་ལྷག་ལ་རོགས་སྐྱོར་བྱས། གཞན་ཡང་དབུལ་ཕོངས་སློབ་མ་བཅུ་གཉིས་ལྷག་གི་སློབ་ཡོན་ཚང་མ་ཁོས་འགན་ཁུར་ནས་སློབ་གྲྭར་བསྐྱལ་བ་རེད། གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཡུས་ཧྲུའུ་ས་ཁུལ་གྱི་ལོ་དེར། བསོད་ཐོ་དང་ཁོའི་གྲོགས་པོ་འགའ་ཡིས་མ་སྐུལ་དང་བླངས་ཀྱི་སྒོ་ནས་གྲོས་བྱས་ཏེ། བསོད་ཐོའི་སྒོར་ཁྲི་གསུམ་དང་། གྲོགས་པོ་གཞན་དག་དང་མཉམ་དུ་སྐྱེལ་འདྲེན་རླངས་འཁོར་བཅུ་གཅིག་གི་ནང་དུ་རྒུད་སྐྱོབ་དངོས་ཟོག་ཉོས་ཏེ་གནོད་ཐེབས་ས་ཁུལ་སོང་བ་ཤེས།
བསོད་ཐོས་བཤད་རྒྱུར། “ད་ལྟ་ངའི་བྱིས་པ་ཚང་མ་གཉོམ་ལག་རྒྱས་ཡོད་ལ། ངེད་བཟའ་མི་གཉིས་ཀྱི་འཚོ་བའི་ཆ་རྐྱེན་མཐོན་པོ་མེད། སྒོར་མོ་མི་གཙོ་མི་སེམས་གཙོ་བོ་རེད། ནུས་ཚོད་ཀྱིས་གཞན་ལ་རོགས་སྐྱོར་རེ་བྱས་ཏེ། ལུས་ཕུངས་བདེ་ཐང་ངང་འཚོས་ན། ཁོའི་ཚེ་འདིའི་རེ་བ་ཉག་ཅིག་ཀྱང་དེ་ཡིན་ཟེར། ” འདས་པའི་ལོ་བཅུ་ལྷག་གི་རིང་ལ། བསོད་ཐོས་གཞན་ལ་རོགས་སྐྱོར་གྲངས་མེད་བྱས་ཤིང་། ཁོའི་ཆུང་མ་འོད་ཟེར་གྱིས་ཀྱང་ཁོ་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱིན་འདུག ཁོའི་ཕ་བཟང་པོ་ཚེ་ལས་འདས་ནས་ལོ་མང་ཕྱིན་ཡོད་ནའང་། བསོད་ཐོས་ནམ་ཡངས་བརྗེད་མི་ཐུབ་པ་ཞིག་ཡོད་པ་ནི། ཕ་བཟང་པོའི་ཁ་ཆེམས་སྟེ། “ མི་ཞིག་ཡིན་ན། ཡིད་ཆེས་ཡོད་པ་དང་། ལས་འབྲས་བརྩི་དགོས། གྲོགས་པོ་སོགས་ལ་ངན་སེམས་གཏན་ནས་བཅང་མི་རུང་། ད་རུང་། གཞན་དཀའ་ཁག་ལ་འཕྲད་པའི་སྐབས་སུ་རོགས་རམ་བྱེད་ཐུབ་ན་ངེས་པར་དུ་རོགས་རམ་བྱེད་དགོས”ཞེས་པའི་སྐད་ཆ་དེ་རེད།
ལོ་ཙཱ་བ། སྟོབས་ལྡན་རྒྱལ།