རང་ཉིད་ཀྱི་སེམས་ཤུགས་ཡོད་ཚད་མཐོ་སྒང་མི་དམངས་ལ་ཕུལ།
2017.05.03 ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཀློག་གྲངས། 93

F2017042613191529067300293.jpg

ཀེ་རི་ལིས་ཀྱིས་ནད་པར་བརྟག་བཅོས་བྱེད་བཞིན་པ།

 མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་དུ་བསྐྱོད་སྐབས་དགེ་རྒན་ཆེན་མོ་ཀེ་རི་ལིས་ས་མཐོའི་ནད་ཞིབ་འཇུག་ཁང་གི་ཐོག་སོ་5པར་ཡོད་པའི་གཞུང་ལས་ཁང་དུ་ནད་བརྟག་སྨན་བཅོས་བྱས་ཏེ་ཕྱིར་ཡོང་མ་ཐག་ཡིན་པ་དང་། གུང་ཟས་སྐབས་སུ་ཁོས་སྟབས་བདེ་ཐུག་པ་ཞིག་འཐུང་རྗེས་ངལ་གསོའང་མ་བྱས་པར་སླར་ཡང་གསོ་རིག་དང་འབྲེལ་བའི་ནད་ཐོག་སྨན་བཅོས་ཀྱི་ཡིག་རིགས་ལ་ལྟ་ཀློག་བྱེད་པར་གཞོལ།

“རྐང་རྗེན་སྨན་པ”ཞིག་ནས་གསོ་རིག་གི་འབུམ་རམས་པ་ཞིག་ཏུ་གྱུར།

ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རང་རྒྱལ་དུ་ལོག་པའི་ལོ་ངོ་བཅུ་ལྷག་རིང་གི་དུས་ཡུན་ནང་ཀེ་རི་ལིའི་འབད་བརྩོན་འོག་མཚོ་སྔོན་ས་མཐོའི་ཡུལ་ནད་ཞིབ་འཇུག་ཐད་ནུས་པ་ལྡན་པའི་ཚོད་ལྟ་ཁང་ཞིག་མེད་པ་ནས་ཞིང་ཆེན་དང་པུའུ་རིམ་པའི་ས་མཐོའི་གསོ་རིག་གཙོ་གནད་ཚོད་ལྟ་ཁང་ཡོད་པའི་བར་དང་། ས་མཐོའི་གསོ་རིག་གྲུབ་འབྲས་རྣམ་གྲངས་གཅིག་ཀྱང་མེད་པ་ནས་རྒྱལ་སྤྱི་རྒྱལ་ནང་གི་བྱ་དགའ་ཆེན་པོ་བསྟུད་མར་ཐོབ་པའི་བར། ཆེད་ལས་ཞིབ་འཇུག་མི་སྣ་གཅིག་ཀྱང་མེད་པ་ནས་རྒྱལ་སྤྱིའི་ཞིབ་འཇུག་གི་རྒྱབ་ལྗོངས་ལྡན་པའི་ས་མཐོའི་གསོ་རིག་ཞིབ་འཇུག་དཔུང་ཁག་ཅིག་ཡོད་པ་བཅས་ཀྱི་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བ་རེད།

1952ལོའི་དགུན་ཁར་ཀེ་རི་ལི་མཚོ་སྔོན་གཏེར་ལེན་ཁ་གྲོང་ཁྱེར་ཧའེ་ཐོ་ཐ་ལ་ཞང་གི་རྒྱང་ཐག་རིང་བའི་སྡེ་བ་ཞིག་ཏུ་སྐྱེས་ཤིང་། ཀེ་རི་ལི་ལོ16ལ་སོན་པའི་སྐབས་སུ་པེ་ཅིན་ནས་གསོ་རིག་ཆེད་མཁས་ཚོགས་པ་ཞིག་ཡོང་། སྐབས་དེར་ཀེ་རི་ལིས་སྤྲོ་སྣང་དང་བཅས་ཆེད་མཁས་ཚོགས་པས་སྒྲུབ་པའི་རྐང་རྗེན་སྨན་པའི་གསོ་སྦྱོང་ལ་ཞུགས་ཤིང་། ཟླ་གཅིག་གི་རྗེས་སུ་ཁོ་རང་སྨན་སྒམ་འཁུར་བའི་རྐང་རྗེན་སྨན་པ་ཞིག་ཏུ་གྱུར།

“ རྐང་རྗེན་སྨན་པ་བྱེད་སྐབས་ཀྱི་ལས་ཀ་གཙོ་བོ་ནི་སྨན་སྟེར་བ་དང་ཚ་སེལ་གྱི་སྨན་ཁབ་རྒྱག་རྒྱུ་དེ་ཡིན”ཞེས་ཀེ་རི་ལིས་ཀྱིས་དེ་ལྟར་བཤད་བྱུང་། སྐབས་དེར་རང་ཉིད་ཀྱི་སྨན་པའི་ཆུ་ཚད་མཐོ་སྙམ་ནས་བསྡད། ཉིན་ཞིག་ཁོས་སྡེ་བའི་ནང་གི་བྱིས་པ་ཞིག་ལ་སྨན་ཁབ་ཐེངས་ཁ་ཤས་བརྒྱབ་མོད། འོན་ཀྱང་བྱིས་པ་དེའི་ཚ་བ་སེལ་མ་ཐུབ། སྨན་ཁབ་མ་གཏོགས་རྒྱག་མི་ཤེས་པའི་ཁོ་རང་ཅི་བྱ་གཏོལ་མེད་དུ་གྱུར། ཡུད་ཙམ་སོང་རྗེས་ཀེ་རི་ལིས་ཀྱིས་བྱིས་པ་དེ་རྟ་ལ་བསྐྱོན་ནས་ཞང་འཕྲོད་བསྟེན་ཁང་དུ་སྨན་བཅོས་བྱེད་པར་ཁྲིད། ཕྱིར་ལོག་པའི་ལམ་བར་དུ་ཁོ་རང་སྨན་པ་ངོ་མ་ཞིག་བྱེད་རྒྱུའི་སེམས་ཐག་བཅད།

གསོ་རིག་གི་གཞུང་ལ་སྦྱང་བ་མཐིལ་ཕྱིན་པ་བྱེད་འདོད་ཀྱི་བསམ་བློ་འཆང་བཞིན་དུ་ཀེ་རི་ལི་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་སློབ་གྲྭར་སློབ་སྦྱོང་བྱེད་དུ་སོང་། ལོ་གཉིས་ཀྱི་རྗེས་སུ་གཡུར་དུ་ཟ་བའི་སྦྱངས་འབྲས་ཀྱིས་ཁོ་རང་ཧྲང་ཧའེ་གསོ་རིག་སློབ་གྲྭ་དང་པོའི་གསོ་རིག་ཚན་ཁག་ཏུ་རྒྱུགས་འཕྲོད། ཀེ་རི་ལིས་ཀྱིས་བཤད་རྒྱུར། སྐབས་དེར་ཧྲང་ཧའེ་ས་ཕྱོགས་གང་དུ་ཡོད་མེད་མི་ཤེས་ལ་མེ་འཁོར་དུའང་བསྡད་མ་མྱོང་། ཧྲང་ཧེར་ཐོན་མ་ཐག་འདུ་འཛི་ཆེ་བའི་གྲོང་ཁྱེར་ཆེན་པོ་དེས་ང་རང་ཧ་ལས་སུ་བཅུག་པ་དང་། སློབ་ཁྲིད་བྱེད་སྐབས་ང་རང་སྐད་བརྡ་མི་འཕྲོད་པའི་གནད་དོན་ཆེན་པོར་འཕྲད། རང་ཉིད་སློབ་ཆུང་འགྲིམ་པའི་སྐབས་སུ་སྐད་གཉིས་དགེ་རྒན་མེད་པས་སོག་སྐད་དང་སོག་ཡིག་མ་གཏོགས་མི་ཤེས་ལ། སེམས་འགུལ་ཐེབས་པ་ཞིག་ནི་ཧྲང་ཧེ་ནས་སློབ་སྦྱོང་བྱེད་སྐབས་འཛིན་གྲྭའི་ནང་ཆེད་དུ་ཁོ་ལ་རོགས་རམ་བྱེད་པའི་སློབ་སྦྱོང་ཚོགས་པ་ཞིག་བཙུགས་པ་རེད། “ང་ནི་གྲངས་ཉུང་མི་རིགས་ཀྱི་སློབ་མ་གཅིག་པུ་དེ་ཡིན་མོད། འོན་ཀྱང་ཚང་མས་ང་ལ་སེམས་ཁུར་ཆེན་པོ་བྱས་ནས་རྒྱ་ཡིག་སློབ་པ་དང་སློབ་ཚན་གསབ་སྦྱོང་བྱེད་པར་རོགས་རམ་བྱས་པས་དངོས་གནས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་མོ་ཆགས་ཡོད”ཟེར། ཧྲང་ཧའེ་རུ་སློབ་སྦྱོང་བྱས་ནས་མཚོ་སྔོན་དུ་ལོག་རྗེས་ཀེ་རི་ལི་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་སློབ་གྲྭར་དགེ་རྒན་བྱེད་རྒྱུར་ལས་བགོས་བྱས།

1993ལོར་ཀེ་རི་ལི་དུས་ཡུན་ལོ་8རིང་གི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་འཚོ་བ་སྐྱེལ་འགོ་ཚུགས།

སྨན་བཅོས་ཤེས་ལྡན་མི་སྣ་དགོས་མཁོ་ཆེ་བའི་ཕ་ཡུལ་དུ་ཕྱིར་ལོག་པ།

ཨ་རི་ནས་འབུམ་རམས་ཕྱི་ཚར་གྱི་ཞིབ་འཇུག་མཇུག་རྫོགས་རྗེས་ཕྱི་རྒྱལ་གྱི་མཐོ་སློབ་དང་ཞིབ་འཇུག་སྒྲིག་གཞི་མང་པོ་ཞིག་གིས་ཀེ་རི་ལི་ཁོ་ཚོའི་ལས་ཁུངས་སུ་བྱ་བ་སྒྲུབ་ཏུ་ཡོང་བར་རེ་བ་ཞུས་མོད། འོན་ཀྱང་ཀེ་རི་ལིས་ཡིས་དེ་དག་ལ་ཁས་མ་བླངས་ཤིང་། ཁོང་གིས“ང་ནི་རྩྭ་ཐང་ནས་སྐྱེས་ཤིང་རྩྭ་ཐང་ནས་འཚར་ལོངས་བྱུང་བ་ཡིན་པས། ང་རང་ཕྱིར་མེས་རྒྱལ་དུ་ལོག་ནས་སྨན་བཅོས་ཤེས་ལྡན་མི་སྣ་དགོས་མཁོ་ཆེ་བའི་རང་གི་ཕ་ཡུལ་དུ་ལོག་རྒྱུ་ཡིན”ཞེས་བཤད།

ཀེ་རི་ལིས་ཀྱིས་བཤད་རྒྱུར། “ང་རང་རྒྱལ་ནང་དུ་ལོག་ནས་བྱ་བ་ཁག་གསུམ་བསྒྲུབ་རྒྱུ་སྟེ། འབུམ་རམས་པའི་ས་ཚིགས་འཛུགས་རྒྱུ་དང་། ས་མཐོའི་གསོ་རིག་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་འཛུགས་རྒྱུ། རྒྱལ་སྤྱིའི་ས་མཐོའི་གསོ་རིག་ཚོགས་ཆེན་ཐེངས་ཤིག་འཚོག་རྒྱུ་བཅས་ཡིན”ཟེར། 2001ལོའི་ཟླ་7པར་ཀེ་རི་ལི་ལོ་མང་བྲལ་བའི་རང་གི་ཕ་ཡུལ་མཚོ་སྔོན་དུ་ལོག་ཅིང་། ཁོང་གིས“སྐབས་དེར་མཚོ་སྔོན་གྱི་ནོར་སྲིད་ཞན་མོད། འོན་ཀྱང་ཞིང་ཆེན་ནོར་སྲིད་སྡེ་ཁག་གིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས་ང་ལ་ཚན་ཞིབ་མ་དངུལ་སྤྲད་པ་དང་མཉམ་དུ་ཚོད་ལྟ་ཁང་མཁོ་འདོན་བྱས་བྱུང”། དུས་དེ་ནས་བཟུང་ཁོང་གི“ལོ་ཐོའི”ནང་དུས་ཆེན་དང་ངལ་གསོའི་ཉིན་མོ་ཞེས་པ་མེད་པར་བློ་གཅིག་སེམས་གཅིག་གིས་ཚན་རིག་ཞིབ་འཇུག་ཐད་གཞོལ་བ་རེད།

ཀེ་རི་ལིའི་གཙོ་སྐྱོང་འོག 2003ལོར་ཀྲུང་གོའི་ཚན་ཞིབ་དང་། སློབ་ཁྲིད། སྨན་བཅོས་བཅས་གཞི་གཅིག་ཏུ་འདུས་པའི་ས་མཐོའི་གསོ་རིག་ཞིབ་འཇུག་ལྟེ་གནས་ཐོག་མ་དེ་མཚོ་སྔོན་ཞིང་ཆེན་དུ་བཙུགས་པ་དང་། 2004ལོར་རྒྱལ་སྤྱིའི་ས་མཐོའི་གསོ་རིག་ཚོགས་ཆེན་ཀྲུང་གོ་ནས་ཐོག་མར་བདེ་བླག་ངང་འཚོགས། 2006ལོར་ཀྲུང་གོའི་ས་མཐོའི་གསོ་རིག་གཙོ་གནད་ཚོད་ལྟ་ཁང་གཅིག་པུ་དེ་མཚོ་སྔོན་སློབ་ཆེན་དུ་བཙུགས་པ་དང་། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ས་མཐོའི་གསོ་རིག་གཏན་འཇགས་ཞིབ་འཇུག་རྟེན་གཞི་དེ་ཨ་ཆེན་གངས་རྒྱབ་ཏུ་བཙུགས་པ་རེད། ལོ་དེར་ཀེ་རི་ལིས་ཀྱིས་སྣེ་ཁྲིད་པའི་ས་མཐོའི་གསོ་རིག་ཆེད་ལས་དེ་མཚོ་སྔོན་མཐོ་སློབ་ཀྱི་འབུམ་རམས་པའི་མཚན་གནས་སྤྲོད་པའི་ཚན་པ་ཁོ་ནར་གྱུར་ནས་མཚོ་སྔོན་ཞིང་ཆེན་གྱི་འབུམ་རམས་པའི་སློབ་གནས་སྤྲོད་མཁན་མེད་པའི་ལོ་རྒྱུས་མཇུག་རྫོགས།

2010ལོར་མཚོ་སྔོན་སློབ་ཆེན་གྱི་ཀེ་རི་ལིས་ཚོགས་པ་དང་ཨ་རིའི་དབྱིག་ཐ་སློབ་ཆེན་གཉིས་མཉམ་ལས་བྱས་ཏེ། རྒྱལ་སྤྱིའི་སྟེང་ཐོག་དང་པོར་བོད་པ་རྣམས་མཐོ་སྒང་གི་ས་བབ་དང་འཚམ་པའི་གཞི་རྐྱེན་གསར་བ་གཉིས་ཞིབ་འཇུག་བྱུང་ཞིང་། ཞིབ་འཇུག་གྲུབ་འབྲས་དེ་ཨ་རིའི«ཚན་རིག»དུས་དེབ་སྟེང་སྤེལ་ཏེ། འཛམ་གླིང་གི་ས་མཐོའི་གསོ་རིག་ལས་རིགས་སུ་གྲགས་འགུལ་ཆེན་པོ་བྱུང་།

ཁོང་གི་སློབ་མ་བྱེད་རྒྱུ་ནི་ལས་སྐལ་བཟང་བའི་བྱ་བ་ཞིག་ཡིན།

ས་མཐོའི་ནད་ནི་མིའི་རིགས་ཀྱི་བདེ་ཐང་ལ་གནོད་པ་ཚབས་ཆེན་བཟོ་བའི་ནད་རིགས་ཤིག་ཡིན་ཞིང་། ཡངས་ཤིང་རྒྱ་ཆེ་བའི་རང་རྒྱལ་གྱི་མཐོ་སྒང་དུ་མི་རིགས་ཁག་གི་སྤུན་ཟླ་ཁྲི་སྟོང་མང་པོ་འཚོ་སྡོད་བྱེད་ཀྱི་ཡོད། ས་མཐོའི་ནད་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་རྒྱུ་དེ་མཐོ་སྒང་ས་ཁུལ་གྱི་སྤྱི་ཚོགས་བརྟན་འཇགས་དང་དམངས་ཀྱི་བདེ་ཐང་དང་འབྲེལ་བ་དམ་པོ་ཡོད།

2004ལོར་ཀེ་རི་ལིས་ཀྱིས་རྒྱལ་ཁབ་6གི་རིགས་གཅིག་མཁས་ཅན་དང་མཁས་དབང་10ལྷག་ཙམ་གདན་དྲངས་ནས་མཚོ་སྔོན་དུ་རྒྱལ་སྤྱིའི་ས་མཐོའི་གསོ་རིག་ཚོགས་ཆེན་འཚོགས་པ་དང་། ཚོགས་འདུའི་ཐོག་«དལ་བའི་རང་བཞིན་གྱི་ས་མཐོའི་ནད་ཀྱི་རྒྱལ་སྤྱིའི་ནད་བརྟག་སྨན་བཅོས་ཀྱི་ཚད་གཞི་»གཏན་འཁེལ་བྱས་ཤིང་། ཚད་གཞི་དེ་འཛམ་གླིང་སྟེང་དལ་བའི་རང་བཞིན་གྱི་ས་མཐོའི་ནད་བརྟག་བཅོས་ཀྱི་ཚད་གཞི་ཞིག་ཏུ་བརྩིས་ནས། ནད་དེ་གསོ་བཅོས་བྱེད་པར་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ལེགས་པོ་བཏིང་། 2010ལོར་ཡུས་ཧྲུའུ་ལ་ས་འགུལ་ཆེན་པོ་བྱུང་བའི་ཁྲོད། ཀེ་རི་ལིས་ཀྱིས་སྨན་བཅོས་མྱུར་སྐྱོབ་རུ་ཁག་ཁྲིད་དེ། རྒུད་སྐྱོབ་དམག་དཔུང་བཅའ་སྡོད་བྱེད་སར་རྐང་ཐང་ལ་སྤྱི་ལེ་བདུན་སོང་ནས། དཔོན་དམག་རེ་རེའི་ལུས་ཕུང་བདེ་ཐང་ལ་རྒྱུས་ལོན་བྱས་ཤིང་། ས་མཐོའི་ནད་བརྟག་བཅོས་ཀྱི་ཚད་གཞི་ལྟར། ས་མཐོའི་ནད་ལྕི་མོ་ཅན་གྱི་དཔོན་དམག་སུམ་བརྒྱ་དྲུག་ཅུ་ལ་བརྟག་བཅོས་བྱས།

ཞིབ་འཇུག་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུ་གཉིས་ཀ་གལ་འགངས་ཆེ་ཞིང་། “མཚོ་སྔོན་དུ་ཆེས་དཀོན་པ་ནི་རིམ་གྲས་མཐོ་བའི་ཤེས་ལྡན་མི་སྣ་རེད། ས་མཐོར་དབྱང་རླུང་མི་འདང་བའི་དབང་གིས་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་དཀའ། དེས་ན་ཅི་ལྟར་བྱེད་དགོས་སམ་ཞེ་ན། རང་ཡུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས། རང་ཉིད་ཀྱིས་གསོ་སྐྱོང་བྱས་པའི་ས་གནས་རང་གི་འབུམ་རམས་པས་ཀྱང་གྲུབ་འབྲས་རྩེ་གྲས་བསྐྲུན་ཐུབ་པ་དེ་དོན་དངོས་ལས་ར་འཕྲོད་བྱུང་ཡོད”ཅེས་ཀེ་རི་ལིས་ཀྱིས་དེ་ལྟར་བཤད་བྱུང་ལ། ཁོང་གིས་ངེས་པར་དུ་མཚོ་སྔོན་ལ་བརྩེ་བ་ཟབ་མོ་བཅངས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཚེ་གཞི་ནས་སེམས་རྣལ་དུ་ཕབ་ནས་བྱ་བ་སྒྲུབ་ཐུབ་ཅེས་བཤད།

ད་ལྟ་ཀེ་རི་ལིས་ཀྱིས་སོག་རིགས་དང་། བོད་རིགས། ཧོས་རིགས། ཧོར་རིགས། མན་ཇུ་རིགས། རྒྱ་རིགས་སོགས་མི་རིགས་མང་པོའི་འབུམ་རམས་པའི་ཞིབ་འཇུག་སློབ་མ18སྐྱེད་སྲིང་བྱས་ཡོད་ལ། དེའི་ནང་གི་སློབ་མ་མང་ཆེ་བ་ཞིག་མཚོ་སྔོན་གྱི་སྨན་ཁང་ཆེ་གྲས་དང་མཐོ་རིམ་སློབ་གྲྭ་དག་གི་རྐང་འཛིན་པར་གྱུར་ཡོད། ལོ་རེར་ཀེ་རི་ལིའི་སྣེ་ཁྲིད་འོག་ཁོ་ཚོ་འབྲོག་ཁུལ་དུ་ཟླ་གཉིས་གསུམ་ལ་བསྡད་ནས་འབྲོག་པ་མང་ཚོགས་ལ་རིན་མི་ལེན་པར་ནད་བརྟག་སྨན་བཅོས་བྱེད་ཀྱིན་ཡོད། “རྒན་ལགས་ཁོང་ནི་བབ་ཆགས་ལ། སློབ་ཁྲིད་གནང་སྐབས་གཟབ་ནན་ཡིན་པས་ཁོང་གི་སློབ་མ་བྱེད་པའི་སྐལ་བ་ལྡན་པ་ནི་ང་ཚོའི་བསོད་ནམས་ཡིན”ཞེས་ཀེ་རི་ལིས་ཀྱི་འབུམ་རམས་པའི་སློབ་མ་ཀྲོའུ་དབྱིས་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།