བོད་ཀྱི་ཡིག་གཟུགས་འཛིན་སྐྱོང་སྤེལ་གསུམ་ལ་གཞོལ་མཁན་རིག་སྨོན་བསམ་གཏན།
2017.05.04 ཁུངས། བོད་རིགས་རིག་གནས་དྲ་བ། ཀློག་གྲངས། 90

 རིག་སྨོན་བསམ་གཏན་རྒྱ་མཚོ་ལགས་ནི། སྤྱི་ལོ1977ལོར་མཚོ་ལྷོ་ཁུལ་གུང་ཧོ་རྫོང་སྐྱིད་ཉིན་ལུང་དཔོན་ཚང་དུ་སྐྱེས། མདོ་སྨད་བྱང་རྒྱུད་ཀྱི་ཆོས་གྲྭ་ཆེན་མོ་དཔལ་མི་འགྱུར་དྷཱིཿཚ་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་གླིང་དུ་དགེ་བའི་བཤེས་གཉེན་མང་པོའི་མདུན་སར་བོད་ཀྱི་རིག་གནས་སྣ་ཚོགས་ལ་སྦྱངས་བརྩོན་ནན་མོ་བྱས། རང་ལོ་བཅོ་ལྔའི་སྟེང་ནས་བཟུང་བོད་ཀྱི་ཡིག་གཟུགས་སྣ་ཚོགས་ཀྱི་འབྲི་རྩལ་སོགས་ལ་འབད་བརྩོན་རྒྱ་ཆེར་བྱས། སྤྱི་ལོ1996ལོར«སྦྲང་ཆར»རྩོམ་སྒྲིག་ཁང་གི་སྐབས་གཉིས་པའི་ཐོན་མིའི་མཛུབ་རིས་མིང་ཅན་གྱི་བྱ་དགའ་ཐོབ། རྩོམ་ཡིག་ཁག་ཅིག་ལ་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་པ་དང་། རྩོམ་ཡིག་ཁག་ཅིག་ཞིང་ཆེན་རིམ་པའི་དཔེ་ཚོགས་སུ་ཡང་གདམས་ཐོན་བྱུང་། «མི་ཡུལ་གྱི་ཟིན་ཐོ»ཞེས་པའི་ཁོའི་སྙན་ངག་རྩོམ་བཏུས་དང་། སྨྱུག་རིས་ཐོན་མིའི་ཕྱག་རྒྱུན་ཞེས་པའི་ཡིག་གཟུགས་དཔེ་དེབ་གཉིས་ཀྱང་རིམ་པར་དཔེ་བསྐྲུན་འགྲེམ་སྤེལ་བྱས་པས་བོད་ཀྱི་སྤྱི་ཚོགས་སྟེང་དུ་དགའ་བསུ་ཆེན་པོ་ཐོབ།

སྤྱི་ལོ1999ལོ་ནས་མདོ་སྨད་དྷཱིཿཚ་དགོན་ཆེན་ཆོས་རིག་རིན་ཆེན་སློབ་གླིང་གི་དགེ་རྒན་གྱི་འགན་བཞེས། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི། སི་ཁྲོན་ཞིང་ཆེན་སེར་ཤུལ་རྫོང་འབུམ་རྙིང་དགོན་ཤེས་རིག་སློབ་གླིང་གི་ཆེད་ཞུའི་དགེ་རྒན། མདོ་སྨད་དྷཱིཿཚ་དགོན་ཆེན་གྱི་བོད་ཀྱི་རིག་གཞུང་ཆེད་གཉེར་ཟབ་སྦྱོང་འཛིན་གྲྭའི་རྐང་འཛིན་དགེ་རྒན་བཅས་ཀྱི་ལས་འགན་གཅིག་ལྕོགས་སུ་བཞེས་ཡོད། དགེ་བའི་བཤེས་གཉེན་བློ་བཟང་བྱང་ཆུབ་ཚང་གི་མདུན་ནས་བོད་ཀྱི་ཡིག་གཟུགས་དབུ་ཅན་དང་དབུ་མེད་ཀྱི་བྲིས་རྒྱུན་ཆ་ཚང་ཐོབ་ཡོད་པ་མ་ཟད། གཙང་བཀྲ་ཤིས་ལྷུན་པོའི་དགེ་བའི་བཤེས་གཉེན་ལྷ་ཁང་བློ་བཟང་རྡོ་རྗེ་ཚང་དང་། པོ་ཏ་ལའི་སྙེ་བྲིས་མཁན་རྒན་འཕྲིན་ལས་རྒྱལ་མཚན། ཁམས་ཀྱི་མི་རྣམ་མཆོག་སྤྲུལ་ཚང་། ཨ་མདོའི་སྡེར་ནང་ས་བྲིས་མཁན་རྒན་ངག་དབང་རྒྱ་མཚོ། རྒན་དོན་འགྲུབ་ཚེ་རིང་། རྒན་རྟ་མགྲིན་མགོན་པོ་བཅས་ཀྱི་མདུན་ནས་གཙང་བྲིས་དང་དབུས་བྲིས། སྙེ་བྲིས། ཁམས་བྲིས། སྡེར་ནང་ས་བྲིས་སོགས་ཡིག་གཟུགས་ཀྱི་བྲིས་རྒྱུན་ཆེན་པོ་བརྒྱད་ཀྱི་བྲིས་རྒྱུན་ཆ་ཚང་འབྲི་སྦྱོང་བྱས།

སྤྱི་ལོ2013ལོར་ཁོའི་དཔེ་དེབ་གསུམ་པ་ཡིག་གཟུགས་ཀྱི་དེབ་དཔལ་ལྡན་ཐོན་མིའི་སྨྱུག་ཚོམས་ཞེས་པ་དཔེ་བསྐྲུན་འགྲེམ་སྤེལ་བྱས་ནས་བོད་ཁུལ་གྱི་དགོན་སྡེ་དང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཡོངས་ལ་བཀྲམས་ཡོད། ལོ་དེའི་ཟླ་བ་བདུན་པར་མཚོ་སྔོན་བརྙན་འཕྲིན་ཁང་གི་ཁ་བའི་ཞབས་རྗེས་ལེ་ཚན་ལས་ཆེད་དུ་བཅར་འདྲི་བྱས་ཤིང་བོད་ཀྱི་ཡིག་གཟུགས་སྐོར་གྱི་བཅར་འདྲི་དང་ལེན་བྱས་ཏེ་བོད་ཀྱི་ཡིག་གཟུགས་ཐད་ཀྱི་གཏམ་བཤད་གལ་ཆེན་སྤེལ་བ་དང་། སྤྱི་ལོ2015ལོར་མཚོ་སྔོན་རླུང་འཕྲིན་ཁང་ནས་བོད་ཀྱི་ཡིག་གཟུགས་བྱུང་འཕེལ་སྐོར་གྱི་གཏམ་བཤད་སྤེལ། ད་ལྟ་བོད་ཀྱི་སློབ་མ་རྣམས་ལ་ཡིག་གཟུགས་འབྲི་སྦྱོང་གི་ལས་ལ་ཉིན་མཚན་དབྱེར་མེད་དུ་ཧུར་བརྩོན་བྱེད་བཞིན་ཡོད།

ཁོང་གིས་རྣམ་ཀུན་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་འཕེལ་རྒྱས་དང་རྒྱུན་འཛིན་དར་སྤེལ་ལ་སེམས་ཁྲལ་བྱས་ནས། རང་ནུས་ཅི་ལྕོགས་ཀྱིས་ཡབ་མེས་ནས་བརྒྱུད་པའི་ཡིག་གཟུགས་འཛིན་སྐྱོང་སྤེལ་གསུམ་ཐད་ཤུགས་ཆེན་པོ་བརྒྱབ་ཡོད།

མདོ་སྨད་དྷི་ཚ་དགོན་ཆེན་གྱིས་གཙོ་སྒྲུབ་བྱས་པའི་བོད་ཀྱི་རིག་གཞུང་ཆེད་གཉེར་གསབ་སྦྱོང་འཛིན་གྲྭ་ནི་ད་ལྟའི་བར་སྐབས་དགུ་ལ་སྒྲུབ་པ་ཡིན་ལ། སྐབས་དང་པོར་སློབ་མ་བརྒྱ་དང་ལྔ་བཅུ་ལྷག་ནས་སྐབས་དགུ་བར་སློབ་མ་དྲུག་བརྒྱ་དང་ལྔ་བཅུ་ལྷག་ལ་སྐབས་རེ་རེར་འཛིན་གྲྭ་རིམ་པར་བཀར་ཏེ། ཐོག་མའི་སྨྱུ་གུ་འཛིན་སྟངས་དང་བཟོ་ལུགས། ཐིག་གདབ་ཚུལ་ནས་རིམ་བཞིན་སྨྱུག་ཁ་བསྐོར་ལུགས་དང་སྨྱུག་འགྲོས་འཐེན་སྟངས་སོགས་རང་བློས་དཔག་ཚོད་ཀྱིས་ཕྲ་ཞིང་ཞིབ་པའི་སྒོ་ནས་འཁྲིད་དེ། བོད་ཡིག་དབུ་ཅན་དང་སུག་རིང་། འཁྱུག་ཡིག་སོགས་ཁུངས་དག་པའི་བྲིས་གཟུགས་སྣ་ཚོགས་ཤིག་སློབ་མའི་དགོས་མཁོ་བཞིན་སློབ་ཁྲིད་བྱས། སྐབས་རེ་རེ་ཡི་སློབ་ཞུགས་སློབ་མ་ནི་ལོ་དྲུག་བདུན་ཅན་གྱི་སློབ་ཆུང་སློབ་མ་དང་ལོ་ཉི་ཤུ་ནས་སུམ་ཅུའི་བར་གྱི་སློབ་ཆེན་སློབ་མ། ཡང་ན་དགོན་སྡེ་སོ་སོའི་གྲྭ་བཙུན་དང་ལས་རིགས་སོ་སོའི་དགེ་རྒན་དང་ལས་བྱེད་སོགས་སྔ་ཕྱིར་སློབ་མ3600ལྷག་སློབ་ཁྲིད་ལ་ཞུགས།

སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་འབུམ་རྙིང་ཤེས་རིག་སློབ་གླིང་དུ2013ལོ་ནས་བཟུང་སློབ་གྲྭའི་རེ་བ་བཞིན་གྲྭ་བཙུན་སློབ་མ་ཉིས་བརྒྱ་དང་བཅོ་ལྔ་ལྷག་ལ་བོད་ཀྱི་ཡིག་གཟུགས་ཀྱི་བྱུང་རིམ་དང་འཕེལ་རྒྱས། སྨྱུ་གུ་འཛིན་སྟངས། སྨྱུག་འགྲོས་བསྐོར་ལུགས་སོགས་འཛིན་གྲྭ་རེ་རེ་བཞིན་སྲོལ་རྒྱུན་གྱི་ལུགས་ལྟར་སྦྱང་ཤིང་སྟེང་དུ་དབུས་བྲིས་སུག་རིང་ནས་བཟུང་། དབུ་ཅན་དབུ་མེད་ཀྱི་སློབ་ཁྲིད་རྒྱུན་རིང་བྱས་པས་ཐེངས་གཉིས་ལ་ཡིག་གཟུགས་འགྲན་བསྡུར་དང་འགྲེམས་སྟོན་གྱི་བྱ་འགུལ་སྤེལ་བར་སློབ་གྲྭའི་མགོ་ཁྲིད་དང་དགོན་པའི་བླ་མ། སློབ་མའི་ཁྱིམ་བདག་བཅས་ནས་བསྟོད་བསྔགས་དང་གདེང་འཇོག་ཆེན་པོ་ཐོབ།

2015ལོར་མགོ་ལོག་གངས་རི་སློབ་གྲྭར་ཟླ་གཅིག་ལྷག་ཙམ་རིང་དགེ་སློབ་ཡོངས་ཀྱི་རེ་འདོད་བཞིན་དགེ་སློབ་གཉིས་ཀར་བོད་ཀྱི་ཡིག་གཟུགས་ཀྱི་ལོ་རྒྱུས་དང་བྲིས་རྒྱུན། སྨྱུ་གུ་བཟོ་ལུགས་དང་འཛིན་སྟངས་། སྨྱུག་འགྲོས་འཐེན་སྟངས། ཐིག་གདབ་ལུགས་བཅས་སྲོལ་རྒྱུན་གྱི་འབྲི་ལུགས་ལྟར་དབུས་བྲིས་སུག་རིང་དང་། དབུ་ཅན་བཅས་ཀྱི་ཡིག་གཟུགས་སློབ་ཁྲིད་བྱས། སློབ་གྲྭ་འདིའི་སློབ་མ་ཆེས་ཆུང་བ་ལོ་དྲུག་ཡིན་ལ་ཆེས་ཆེ་བ་ལོ་བཅོ་ལྔ་ཡིན། དགེ་རྒན་བཅུ་བདུན་བཅས་སློབ་ཁྲིད་ལ་ཞུགས།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།