དཔྱིད་མགོ་མའི་དུས་ཚིགས་སུ། ང་ཚོ་གསར་འགོད་པའི་རླངས་འཁོར་དེ་ཧྭ་ལུང་ཧོས་རིགས་རང་སྐྱོང་རྫོང་བྲག་དམར་སྡེ་བའི་ངོས་སྙོམས་པའི་གཞུང་ལམ་སྟེང་དུ་ཤུགས་ཀྱིས་རྒྱུགས་བཞིན་ཡོད་ཅིང་། ལམ་འགྲམ་གྱི་གྲལ་འགྲིག་པའི་གློག་སྒྲོན་དག་ནི་སྡེ་བ་འདིའི་མཛེས་པའི་རྒྱན་དུ་མངོན་ཡོད་ལ། དེའི་རྗེས་སུ་ང་ཚོའི་མིག་ལམ་དུ་མངོན་ཡོང་བ་ནི་ཡངས་ཤིང་གྲལ་དག་པའི་སྡེ་མིའི་སྡོད་ཁང་དང་། སྙོམས་ལ་གཙང་བའི་མདའ་འཕེན་ར་བ། སྡེ་བ་རིམ་པའི་ཉིས་ཐོག་ཅན་གྱི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་བཅས་རེད། ད་ལྟ་བྲག་དམར་སྡེ་བའི་རྣམ་པ་གསར་བར་བསྒྱུར་ཡོད་པས། སྡེ་མི་རྣམས་ཀྱིས་ང་ཚོའི་སྡེ་བ་འདི་ད་ལྟ་གྲོང་ཁྱེར་ལྟར་ཧ་ཅང་མཛེས་བར་སྣང་ཞེས་དགའ་སྤྲོའི་ངང་བཤད་བཞིན་ཡོད།
།བྲག་དམར་སྡེ་བའི་མང་ཚོགས་ཀྱིས་ད་ལྟ་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་པ་འདི་ནི་བྲག་དམར་སྡེ་བའི་ཨུ་ཡོན་ལྷན་ཁང་དང་ཀྲུའུ་རིན་ལྷ་འབྲུག་གི་དཀའ་སྤྱད་འབད་བརྩོན་གྱི་ངལ་རྩོལ་དང་ཡར་ཐོན་བརྩོན་ལེན་བྱས་པར་འབྲལ་ཐབས་མེད་པ་རེད། འདས་པའི་ལོ་ངོ་གཅིག་གི་རིང་ལ། ལྷ་འབྲུག་གིས་མུ་མཐུད་དུ་གྲོང་རྡལ་ཏང་ཨུའི་སྲིད་གཞུང་དང་སྡེ་བར་སྡོད་པའི་དབུལ་སྐྱོར་བྱ་བའི་རུ་ཁག་དང་མཉམ་འབྲེལ་བྱས་པ་བརྟེན་ནས། བྲག་དམར་སྡེ་བ་དབུལ་ཕོངས་ལས་ཐར་བའི་ལས་འགན་ཡོངས་འགྲུབ་བྱས།
དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། བློ་མཐུན་ལྷ་འབྲུག་གིས་དབུལ་ཐར་བྱ་བའི་རུ་ཁག་སྡེ་བ་ཡོངས་ཀྱི་ཁྱིམ་ཚང་རེ་རེར་སོང་ནས་ནན་ཏན་གྱིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས་པ་དང་། ཕྱོགས་བསྡུས་དབྱེ་ཞིབ་བྱས་ནས་བྲག་དམར་སྡེ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་བརྒྱུད། བློ་མཐུན་ལྷ་འབྲུག་གིས་བལྟོས་ན། བྲག་དམར་སྡེ་བ་དབུལ་ཕོངས་སུ་གྱུར་བའི་རྒྱུ་རྐྱེན་གཙོ་བོ་ནི་རྨང་གཞིའི་སྒྲིག་ཆས་རྗེས་ལུས་ཡིན་པ་དང་། ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཞན་པ། སྡེ་དམངས་ཀྱི་རིག་གནས་ཆུ་ཚད་དམའ་བ། ཐོན་ལས་འཕེལ་རྒྱས་ཀྱི་དམིགས་འབེན་གསལ་བོ་མེད་པ་སོགས་ཡིན་པར་འདོད།
2016ལོའི་ལོ་སྟོད་ལ། བློ་མཐུན་ལྷ་འབྲུག་གིས་ཐེངས་མང་པོར་སྡེ་བའི་གནས་ཚུལ་དེ་གྲོང་རྡལ་གྱི་འབྲེལ་ཡོད་ལས་ཁུངས་ལ་ཡར་ཞུ་བྱས་པར་མ་ཟད། དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་སྡེ་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་རེ་བ་བཏོན་པ་དང་། མཛེས་སྡུག་གི་ཞིང་གྲོང་ལས་གཞི་བརྩོན་ལེན་བྱེད་པའི་བསམ་འཆར་བཏོན་སྟེ། མཐའ་མཇུག་གྲོང་རྡལ་དང་རྫོང་རིམ་པས་དེ་ལ་ཆོག་མཆན་བཀོད། མཛེས་སྡུག་གི་ཞིང་གྲོང་འཛུགས་སྐྲུན་བྱེད་པ་དེས་བློ་མཐུན་ལྷ་འབྲུག་གིས་ལོ་རེའི་དཔྱིད་ཀར་དབྱར་རྩྭ་བརྐོ་རུ་འགྲོ་བའི་བསམ་ཚུལ་དེ་དོར་བ་དང་། དེ་སྔོན་རང་ཉིད་དབྱར་རྩྭ་བརྐོ་རུ་འགྲོ་བར་གཏའ་མར་བཞག་པའི་སྒོར་མོ་སྟོང་གཉིས་པོ་དེ་ཡང་དོན་མེད་ངང་གཞན་ལ་བྱིན་སོང་བ་རེད། ཏག་ཏག་ལོ་ངོ་གཅིག་གི་རིང་ལ། ལྷ་འབྲུག་སྡེ་བའི་ནང་བསྡད་དེ་སྡེ་བའི་ཉེན་ཁང་ལེགས་བསྒྱུར་དང་། ཁྱིམ་ཚང་གི་སྒོ་ཆེན་བརྗེ་བ་དང་སོ་ཕག་གི་གྱང་བརྩིགས་པ། གཞུང་ལམ་ལས་པ་དང་ཐང་ཆེན་དུ་གློག་སྒྲོན་འཐེན་པ་སོགས་བྱས་པ་དང་། ལས་གཞི་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་དུ། འགལ་བ་མང་པོ་བྱུང་བ་ཚང་མ་བློ་མཐུན་ལྷ་འབྲུག་གིས་ཐག་གཅོད་ལེགས་པོ་བྱས།
སྡེ་བའི་རྣམ་པ་གསར་བར་བསྒྱུར་ཡང་། ལྷ་འབྲུག་གི་མིག་མདུན་དུ་ལྷགས་པའི་གནད་དོན་གཞན་ཞིག་ནི་མང་ཚོགས་ཀྱི་ཡོང་སྒོ་ཅི་ལྟར་འཕར་སྣོན་བྱུང་དུ་འཇུག་རྒྱུ་དེ་རེད། སྡེ་བའི་ས་ཞིང་ཚང་མར་ཐན་པ་བྱུང་སླ་བ་དང་ས་ཞིང་རི་ངོས་སུ་ཡོད་པ་སོགས་ཀྱི་གནས་ཚུལ་དངོས་ལ་དམིགས་ཏེ། སྡེ་བའི་ཨུ་ཡོན་ལྷན་ཁང་གིས་གྲོང་རྡལ་གྱི་འབྲེལ་ཡོད་སྡེ་ཁག་ལ་སྙན་ཞུ་ཕུལ་ཏེ་ས་མུའུ་ལྔ་བརྒྱ་ཞིང་བསྐྱུར་ནགས་སྐྲུན་བྱས་པ་དང་། ལྷ་འབྲུག་དང་སྡེ་བའི་མང་ཚོགས་ཀྱིས་མཉམ་དུ་ནན་ཏན་གྱིས་ས་ཞིང་ཚད་མཇལ་བྱས་ཏེ། ཁྱིམ་ཚང་རེ་རེར་རྨོ་བསྐྱུར་ནགས་སྐྲུན་གྱི་ས་ཞིང་བཀོད་སྒྲིག་བྱས་པས། 2016ལོའི་ལོ་མཇུག་ཏུ་སྡེ་བ་ཡོངས་ལ་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་མོ་འབུམ་གཉིས་དང་ཁྲི་ལྔ་ཐོབ། བློ་མཐུན་ལྷ་འབྲུག་གིས་ད་དུང་མང་ཚོགས་ཀྱི་སྣེ་ཁྲིད་དེ་རི་ངོས་སུ་ཚོད་ལྟའི་ཚུལ་དུ་གྲོ་མ་འདེབས་འཛུགས་བྱས་པ་དེས་སྡེ་མི་ཡོངས་ཀྱི་ཡོང་སྒོ་སྔར་ལས་ཇེ་མང་དུ་གཏོང་ཐུབ་རྒྱུ་རེད། སྐབས་དེར། སྲིད་གཞུང་གིས་དབུལ་ཕོངས་སྡེ་བ་རེ་རེར་དབུལ་ཐར་རོགས་སྐྱོར་མ་དངུལ་སྒོར་མོ་འབུམ་ལྔ་དང་དབུལ་ཕོངས་མི་རེ་ལ་ཆ་སྙོམས་ཀྱིས་སྒོར་མོ་སྟོང་ལྔ་དང་བཞི་བརྒྱའི་ཐོན་ལས་འཕེལ་རྒྱས་མ་དངུལ་བཀོད་སྒྲིག་བྱས། ལྷ་འབྲུག་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གིས་ཐེངས་མང་པོར་ཚོགས་འདུ་བསྡུས་པ་དང་། རྟོག་ཞིབ་བྱེད་པ་སོགས་བརྒྱུད་དེ། ཆེས་མཐའ་མཇུག་བྲག་དམར་སྡེ་བའི་དབུལ་སྐྱོར་རོགས་ལས་མཐུན་ཚོགས་བཙུགས་པ་དང་། དབུལ་སྐྱོར་མ་དངུལ་བརྒྱུད་དེ་མ་དངུལ་ཉུང་ངུ་བསྐྱིས་པའི་རྣམ་པས་སྡེ་མི་རྣམས་ལ་སྒོར་མོ་བསྐྱིས་རྒྱུ་ཡིན་པ་དང་། ལོ་རེར་འཁོར་བསྐྱོད་བྱས་ནས་སྒོར་མོ་བསྐྱི་བའི་རྣམ་པ་དེས་ཐོན་ལས་ཡར་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས། དེ་དང་ཆབས་ཅིག་ཏུ། ཐོན་ལས་འཕེལ་རྒྱས་མ་དངུལ་གྱིས་ཚོང་ལས་གཉེར་ས་ཉོས་པ་དེས་དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་གཏན་འཇགས་སུ་གཏོང་ཐུབ་པ་བྱུང་།
སྡེ་བའི་མི་རྣམས་ནད་བྱུང་བ་ལས་དབུལ་བོར་གྱུར་བའི་གནད་དོན་ཐག་གཅོད་བྱེད་ཆེད། ལྷ་འབྲུག་གིས་སྡེ་བའི་མི་རྣམས་ལ་རྨང་གཞིའི་སྨན་བཅོས་ཉེན་སྲུང་དང་རྒན་གསོ་ཉེན་སྲུང་སྤྲོད་དུ་བཅུག ཡིན་ནའང་། དེ་ལ་སྡེ་མི་ཚང་མས་རྒྱབ་སྐྱོར་བྱེད་པ་ཞིག་ག་ལ་ཡིན། སྡེ་མི་ལ་ལས་ཉེན་སྲུང་དངུལ་སྤྲོད་པའི་དགོས་པ་མེད་པར་འདོད་པས་ཉེན་སྲུང་མི་སྤྲོད་པ་རེད། ཁྱིམ་ཚང་ཚང་མས་ཉེན་སྲུང་དངུལ་སྤྲོད་པའི་ཆེད་དུ། ལྷ་འབྲུག་ཁྱིམ་ཚང་སོ་སོར་སོང་ནས་ཁ་ཏ་བསླབ་བྱ་བྱས་པ་དང་། གནས་ལུགས་མང་པོ་བཤད་པ་བརྒྱུད། སྡེ་མི་ཡོངས་ཀྱིས་ཉེན་སྲུང་དངུལ་སྤྲོད་པའི་གལ་ཆེན་རང་བཞིན་རྟོགས་ཏེ། བྲག་དམར་སྡེ་བའི་སྡེ་མི་ཡོངས་ཀྱིས་མཇུག་མཐར་ཉེན་སྲུང་དངུལ་སྤྲད།
མི་ལ་བརྩོན་འགྲུས་ལྡན་གྱུར་ན། ། འཇིག་རྟེན་འདི་ན་དཀའ་བ་མེད། །ཞེས་པའི་དཔེ་བཞིན་དུ། ལྷ་འབྲུག་གི་སྣེ་ཁྲིད་འོག་ཏུ། བྲག་དམར་སྡེ་བའི་དབུལ་ཕོངས་ཀྱི་རྣམ་པ་དེར་ལོ་ངོ་གཅིག་གི་རིང་ལ་ལེགས་བཅོས་ཆེན་པོ་ཐོབ་པ་དང་། 2016ལོའི་ལོ་མཇུག་ཏུ། གྲོང་རྡལ་དང་། རྫོང་། གྲོང་ཁྱེར། ཞིང་ཆེན་སོགས་རིམ་པ་སོ་སོས་ནན་ཏན་གྱིས་དཔྱད་ཞིབ་གདེང་འཇོག་བྱས་པ་བརྒྱུད། བྲག་དམར་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཉེར་བཞིའི་མི་བརྒྱ་དང་བཅུ་གཅིག་བོ་ཚང་མ་དབུལ་ཕོངས་ལས་ཐར་བའི་ཚད་གཞིར་ཐོན་པས། བྲག་དམར་སྡེ་བ་ནས་ལོ་རྒྱུས་རང་བཞིན་ལྡན་པའི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཐུབ་པ་བྱུང་།
ལོ་ཙཱ། ཚེ་རིང་སྒྲོལ་མ།