གུང་ཧོ་རྫོང་ཆོས་རྗེ་ཞང་རྒྱ་སྐོར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྣམ་བྱམས་ཡག་གི་མི་ཚེའི་གཏམ་རྒྱུད།
2017.05.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

 ད་ལོ་ལོ་ང་གཅིག་ལ་སླེབས་པའི་རྣམ་བྱམས་ཡག་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆོས་རྗེ་ཞང་རྒྱ་སྐོར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་པ་དང་། ཁོ་ནི་གཟུགས་སྟོབས་རིང་ཞིང་། ངོ་གདོང་ཅུང་ནག་པོའི་བོད་རིགས་ཕོ་རྒོད་ཅིག་ཡིན་ལ། ལྟོས་མ་ཐག་ནས་ལས་ཀར་བརྩོན་ཞིང་། དཀའ་ངལ་གྱི་མདུན་དུ་མགོ་མི་སྒུར་ལ། བདེན་ལུགས་ལ་ཁ་གཏོད་པའི་མི་སྣ་ཞིག་ཡིན་པ་ཤེས་ཐུབ། ཏང་ཡོན་ཞིག་དང་གཞི་རིམ་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་དང་། ཁོས་སྤྱི་ཚོགས་རིང་ལུགས་ཀྱི་འབྲོག་ཁུལ་གསར་བ་འཛུགས་སྐྲུན་བྱེད་ཆེད། སྡེ་དམངས་ཀྱི་སྣེ་ཁྲིད་དེ་འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་བྱས་རྗེས་འབུར་དུ་ཐོན་པ་བཞག

གཅིག་དགུ་གྱ་གསུམ་ལོ་ནས་བཟུང་། ཁོས་སྔ་གཞུག་ཏུ་རྒྱ་སྐོར་སྡེ་བའི་སློབ་ཆུང་གི་དམངས་སྒྲུབ་དགེ་རྒན་དང་སློབ་གཙོའི་འགན་ཁུར་བ་དང་།བོད་ཡིག་ལ་རང་སྦྱོང་བྱས་རྗེས་སྡེ་བའི་ནང་གི་སློབ་མ་ཉི་ཤུ་ལྷག་ལ་སློབ་ཁྲིད་བྱས། སྐབས་དེར། ཁོ་ནི་སློབ་གྲྭའི་དགེ་རྒན་ཞིག་ཡིན་ལ། སློབ་གཙོ་དང་། དོ་དམ་པ་ཡང་ཡིན་པས། སློབ་མའི་སློབ་སྦྱོང་འཛིན་དགོས་ལ། ད་དུང་འཚོ་བ་ལ་ཡང་འགན་ཁུར་དགོས། ཁོས་རྒྱུན་དུ་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་མའི་ཚབ་ཏུ་སློབ་ཡོན་སྟེར་བ་དང་། དཔེ་དེབ་ཉོ་བཞིན་ཡོད། རྣམ་བྱམས་ཡག་ལ་སློབ་གསོ་གཏོང་བའི་ཐད་ནས་སྤྱང་གྲུང་འཛོམས་ཞིང་བློ་རིག་ལྡན་ལ་ཁྱད་དུ་འཕགས་པའི་འཇོན་ཐང་ཡོད་པ་དང་། ཁོ་ནི་སློབ་གསོའི་ལས་དོན་ལ་བློ་དཀར་བའི་མི་སྣ་ཞིག་ཡིན་པ་རྒྱ་སྐོར་སྡེ་བའི་ཡུལ་མི་སྤུན་ཟླ་རྣམས་ཀྱི་སེམས་སུ་གསལ། 1987ལོར། ལོ་ན་ཉི་ཤུར་སོན་པའི་རྣམ་བྱམས་ཡག་གཟི་བརྗིད་ལྡན་པའི་ངང་ནས་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་པ་དང་། 1996ལོར་རྣམ་བྱམས་ཡག་གིས་རྒྱ་སྐོར་སྡེ་བའི་ཏང་ཀྲི་པུའུ་གཞོན་པའི་འགན་ཁུར་བ་དང་། དེ་ནས་བཟུང་ཁོ་རང་རང་གི་འཇོན་ནུས་ངོམས་སའི་སྟེགས་བུ་ཞིག་ཏུ་བསྐྱོད་པ་རེད།

རྣམ་བྱམས་ཡག་གོ་གནས་ལས་རྐང་སྟེང་བུད་ནས་དོན་དག་དང་པོ་བསྒྲུབ་པ་ནི་སློབ་གྲྭ་འགྲིམ་འགྲུལ་སྟབས་བདེ་ས་དང་། མི་སྣ་གཅིག་བསྡུས་ཡིན་པ། རང་བྱུང་སྡེ་བ་སོ་སོའི་ལྟེ་བ་རུ་ཡོད་པའི་ར་བཞི་ཞིང་ཁ་རུ་གནས་སྤོར་རྒྱུ་དེ་ཡིན་ལ། སློབ་གྲྭ་གནས་སྤོ་བའི་བྱ་བའི་མགོ་གླེང་མ་ཐག སྡེ་བའི་རྒན་པ་རྣམས་ཀྱིས་ངོ་རྒོལ་བྱས། ཁོ་ཚོས་ལྟོས་ན། ར་བཞི་ཞིང་ཁ་རུ་མི་མང་ཞིང་བྱ་བ་མང་བ་དང་། བྱིས་པ་སློབ་གྲྭ་དེ་རུ་བསྐྱལ་ན་ངན་ཕྱོགས་སུ་འགྲོ་འདོད་པ་དེ་རེད། རྣམ་བྱམས་ཡག་གི་སྒྲུབ་འདོད་པའི་བྱ་བ་དེར་འགོག་རྐྱེན་མང་པོ་ཐེབས་ཀྱང་། ཁོས་ཁྱིམ་བདག་རྣམས་ལ་སློབ་གསོའི་བྱ་བ་མང་པོ་སྒྲུབ་པའི་མཐར། 2002ལོར། སློབ་གྲྭ་ད་གཟོད་ར་བཞི་ཞིང་ཁ་རུ་གནས་སྤོར་ཐུབ་པ་བྱུང་།
སློབ་མ་སློབ་གྲྭར་ཞུགས་པའི་བརྟན་འཇགས་ཀྱི་ཚད་དང་སློབ་གྲྭ་རིམ་བཞིན་འགྲིམས་པའི་ཚད་ཇེ་མཐོར་གཏོང་ཆེད། བྱིས་པ་རྣམས་སློབ་ཆུང་འགྲིམས་ཚར་དུས་སློབ་འབྲིང་འགྲིམས་སུ་བཅུག་པ་དང་། དེ་ནས་ཡང་སློབ་གྲྭ་ཆེན་མོར་འགྲིམས་སུ་བཅུག རྣམ་བྱམས་ཡག་གིས་ད་དུང་རང་སྟེང་ནས་སྒོར་མོ་ཕུད་དེ། སློབ་རོགས་བྱ་དགའི་ཐེབས་རྩ་བཙུགས། 2015ལོ་ནས་བཟུང་། སྡེ་བ་དེའི་སློབ་གྲྭ་ཆེན་མོའི་སློབ་མ་རེར་བྱ་དགའི་སྒོར་མོ་སྟོང་གསུམ་རེ་བྱིན་པ་དང་། ད་དུང་སློབ་ཆུང་ནས་སློབ་གྲྭ་ཆེན་མོའི་བར་དུ་སློབ་སྦྱོང་གི་གྲུབ་འབྲས་ཧ་ཅང་བཟང་བའི་སློབ་མར་བྱ་དགའ་གནངས། མི་ལ་ལས་རྣམ་བྱམས་ཡག་གི་བྱེད་སྟངས་དེ་ལ་འདང་དཔོག་གི་མེད་པ་རེད། རྣམ་བྱམས་ཡག་གིས་བཤད་རྒྱུར། ངས་ང་ཚོ་རྒྱ་སྐོར་སྡེ་བ་རུ་འཇོན་ཐང་ལྡན་པའི་མི་སྣ་མང་པོ་ཞིག་འབྱུང་རྒྱུའི་རེ་བ་བཅངས་ཡོད་པ་དང་། ང་ཚོའི་ཆ་རྐྱེན་ཇི་འདྲ་ཞན་ཡང་ཤེས་ཡོན་པ་མེད་མི་རུང་བས། ང་ཚོས་ངེས་པར་དུ་སློབ་མ་རྣམས་སློབ་གྲྭར་སྐྱེལ་དགོས་ཟེར།

2003ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱུད་བཟང་ཕྱུགས་རིགས་དཔྱད་སྡུར་ཚོགས་འདུའི་སྟེང་། རྒྱ་སྐོར་སྡེ་བའི་བལ་ཕྱེད་འཇམ་ལུག་གཉིས་ལ་སོ་སོར་ཨང་དང་པོ་དང་ཨང་གཉིས་པའི་བྱ་དགའ་ཐོབ་པ་དང་། དེ་ནས་རྣམ་བྱམས་ཡག་གིས་བྱ་བའི་བྱེད་སྟངས་བསྒྱུར་བ་ནི་རྒྱ་སྐོར་སྡེ་བ་དབུལ་ཐར་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་པའི་རེ་བ་ཉག་ཅིག་ཡིན་པའི་ངེས་ཤེས་རྙེད། རྣམ་བྱམས་ཡག་གིས་ལུག་ར་སླར་གསོ་དང་བསྐྱར་འཛུགས་བྱེད་པའི་བྱ་བ་དེ་ཉིན་རེའི་གྲོས་རིམ་ནང་བཞག་པ་དང་། ཁོས་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྔོན་གྱི་གཏོར་བརླག་ཐེབས་པའི་ལུག་རའི་སྒྲིག་ཆས་ལ་ཞིག་གསོ་དང་བསྐྱར་བསྐྲུན་བྱས་པ་དང་། རྒྱལ་ཁབ་ཀྱི་དངུལ་གཏོང་བརྩོན་ལེན་དང་རང་ཉིད་ཀྱིས་མ་དངུལ་བསྡུ་སྒྲིག་བྱེད་པ་སོགས་བརྒྱུད་དེ། རྒྱུད་བཟང་གི་ཁྲོམ་མང་པོ་ཉོས། ཁོའི་སྣེ་ཁྲིད་འོག་ཏུ། 2013ལོར་རྒྱ་སྐོར་སྡེ་བས་རྒྱལ་ཁབ་ཀྱི་མ་དངུལ་སྒོར་མོ་ས་ཡ་གཉིས་བརྩོན་ལེན་དང་། རང་སྟེང་ནས་མ་དངུལ་སྒོར་མོ་ས་ཡ་གཅིག་བསྡུས་ཏེ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས། མིག་སྔར། གསོ་སྤེལ་ར་བའི་ནང་དུ་ལུག་ཁྲི་གཅིག་དང་སྟོང་ལྔ་ལྷག་གསོས་ཡོད་པ་དང་། སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་སྟོང་དྲུག་ལས་བརྒལ་བར་སྣེ་ཁྲིད་བྱས།

འབྲོག་པ་མང་ཚོགས་རྣམས་ཕྱུག་པོར་གྱུར་ཡང་། རྣམ་བྱམས་ཡག་གི་ཆེས་མཇུག་མཐའི་དམིགས་ཡུལ་དེ་ཙམ་ཞིག་མིན་པར་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་འབྲེལ་ཡོད་སྤྱི་ཚོགས་རིང་ལུགས་ཀྱི་འབྲོག་ཁུལ་གསར་བ་འཛུགས་སྐྲུན་བྱེད་པའི་རེ་བར་ད་དུང་ཡང་བར་ཐག་ཆེན་པོ་ཡོད་པས། ཁོས་མང་ཚོགས་རྣམས་སྐུལ་སློང་བྱས་ཏེ། རང་སྟེང་ནས་མ་དངུལ་སྒོར་མོ་འབུམ་དྲུག་བསྡུས་ཏེ། སྡེ་བར་ལམ་ལས་པ་དང་། ཁྱིམ་ཚང་སོ་སོའི་སྒོ་ཁ་རུ་ལམ་ལས་པའི་བྱེད་ཐབས་སྤྱད་དེ། དུས་ཡུན་ལོ་ངོ་གཉིས་ཀྱི་རིང་ལ། བྱེ་ཟེགས་ཀྱི་ལམ་སྤྱི་ལེ་གོ་གཉིས་ལས་ནས་ཁྱིམ་ཚང་སོ་སོར་གཞུང་ལམ་ཡོད་པར་གྱུར། སྡེ་བའི་ནང་ལས་ཡོད་པའི་གཞུང་ལམ་ལ་སྲུང་སྐྱོབ་བྱེད་ཆེད། རྣམ་བྱམས་ཡག་གིས་ཁྱིམ་ཚང་དུ་འགན་གཙང་ལེན་བྱེད་པའི་ཐབས་ལམ་སྤྱད་དེ། གཞུང་ལམ་ཁག་བགོས་ནས་ཁྱིམ་ཚང་རེ་རེར་འགན་གཙང་ལེན་བྱེད་དུ་བཅུག་པར་མ་ཟད། ལོ་རེར་ཐེངས་གཉིས་ལ་དཔྱད་ཞིབ་བྱས་ནས་བྱ་དགའ་སྟེར་བའི་ལམ་ལུགས་ལག་བསྟར་བྱས་པ་དེས་སྡེ་བའི་གཞུང་ལམ་ལ་སྔར་ལས་ལྷག་པའི་སྒོ་ནས་སྲུང་སྐྱོབ་བྱེད་ཐུབ་པ་བྱུང་།

འཚོ་བའི་ཆ་རྐྱེན་ལེགས་ན་རང་བྱུང་ཁོར་ཡུག་ཡང་ལེགས་པོ་ཡོད་དགོས། རྣམ་བྱམས་ཡག་གི་སྣེ་ཁྲིད་འོག་ཏུ། རྒྱུ་ཤུགས་དང་དངོས་ཤུགས་འབོར་ཆེན་བཀོལ་ནས་སྡེ་བའི་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱས་པ་དང་། མིག་སྔའི་བར་དུ། རྒྱ་སྐོར་སྡེ་བ་ནས་ས་མུའུ་དགུ་བརྒྱ་དང་བརྒྱད་ཅུ་རུ་ནགས་སྐྲུན་བྱས་པ་དང་། རང་བྱུང་ནགས་ཚལ་མུའུ་ཁྲི་གསུམ་དང་སྟོང་གསུམ་ལ་སྲུང་སྐྱོབ་བྱས་ལ། ས་རྒོད་མུའུ་སྟོང་ལྔ་སློག་ནས་རྩྭ་བཏབ་པ་དང་། ས་མུའུ་སྟོང་གཅིག་དང་ལྔ་བཅུའི་སྟེང་དུ་རྨོ་བསྐྱུར་རྩྭ་འདེབས་བྱས་ཤིང་། ས་མུའུ་སྟོང་གཅིག་དང་སུམ་བརྒྱའི་སྟེང་དུ་ནགས་སྐྲུན་བྱས་པས། སྐྱེ་ཁམས་ཁོར་ཡུག་བཟང་པོའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་བྱས།

ལོ་ཙཱ། ཚེ་རིང་སྒྲོལ་མ།