གཞི་རིམ་སྨན་པ་ཞིག་གིས་ཁོར་ཡུག་སྲུང་སྐྱོབ་ལ་བཅངས་པའི་སེམས་ཤུགས།
2017.05.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

 མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ནས་སྤྱི་ལེ་བརྒྱད་ཀྱི་མཚམས་སུ་གནས་པའི་རྐ་འབའ་སུམ་མདོ་གྲོང་རྡལ་ལྟག་ཡན་སྡེ་བ་ནི་ཞིང་ཕྱུགས་གཉིས་ཀ་གཉེར་བའི་བོད་སྡེ་ཞིག་ཡིན་པ་མ་ཟད། རྫོང་ཡོངས་ནས་ཁོར་ཡུག་སྲུང་སྐྱོབ་ཐད་བྱས་རྗེས་བཞག་པའི་སྡེ་བ་ཞིག་ཀྱང་ཡིན། སྡེ་བ་དེའི་ཕྱི་ནང་ཀུན་དུ་གད་སྙིགས་གཅིག་ཀྱང་མཐོང་རྒྱུ་མེད་པས ཁོར་ཡུག་གཙང་ཞིང་མཛེས། སྡེ་བ་ཡོངས་ལ་ཁྱིམ་ཚང230དང་། སྡེ་མི880ཡོད།

སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ལོ་མང་པོར་ལྟག་ཡན་སྡེ་བས་དུས་ཡུན་གཏན་འཁེལ་བྱས་ནས་ཁོར་ཡུག་གཙང་སྤྲ་བྱེད་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་མ་ཟད ། དུས་རྒྱུན་གྱི་འཚོ་བའི་ཁྲོད་འགྱིག་ཤོག་ཁུག་མ་དང་། གད་སྙིགས་ཟས་རིགས་སོགས་གཏན་འགོག་བྱས་ཏེ། སྡེ་བའི་རྒན་དར་གཞོན་གསུམ་ལ་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གོམས་སྲོལ་ལེགས་པོ་ཞིག་ཆགས་པར་བྱས་ཡོད་ཟེར།

འདི་དག་ནི་སྡེ་བའི་སྨན་པ་སྐལ་བཟང་ཚེ་རིང་དང་ཁོང་གི་རྫོང་རིའི་སྐྱེ་ཁམས་རིག་གནས་སྲུང་སྐྱོབ་ཚོགས་པ་ལ་བརྟེན་ནས་བྱུང་བ་རེད།
རང་ས་རང་ཡུལ་ནས་སྐྱེས་པའི་སྐལ་བཟང་ཚེ་རིང་ནི་རང་གི་ཕ་ཡུལ་གྱི་རི་ཆུ་དང་ཡུལ་མི་ལ་དུང་ཞེན་ཆེ་བའི་མི་ཞིག་ཡིན་པས། ཁོས་ཆུང་དུས་ནས་རང་གི་ཕ་ཡུལ་ལ་སྲི་ཞུ་སྒྲུབ་ཆེད་གསོ་བ་རིག་པར་འབད་བརྩོན་ལྷོད་མེད་བྱས།

2010ལོར། སྐལ་བཟང་ཚེ་རིང་ཕུལ་བྱུང་སྦྱངས་འབྲས་ཡིས་མཚོ་སྔོན་སློབ་ཆེན་གྱི་བོད་ལུགས་གསོ་རིག་ཆེད་ལས་སུ་རྒྱུགས་འཕྲོད།
སྐལ་བཟང་ཚེ་རིང་སློབ་གྲྭ་འགྲིམ་སྐབས་དུས་རྒྱུན་དུ་དགེ་རྒན་དང་འགྲོགས་ནས་བོད་ཁུལ་གྱི་ས་ཆ་སོ་སོར་སྨན་རྩྭ་འཐུ་རུ་སོང་སྟེ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཐེབས་ནས་ས་ཆུ་སྐམ་བཞིན་པའི་སྣང་ཚུལ་དང་། ལྷག་པར་དུ་ཡུལ་སྐོར་བྱེད་སའི་ཆུ་འགྲམ་དང་རི་འདབས། ལམ་ཁ་སོགས་སུ་གད་སྙིགས་གང་འདོད་དུ་འཕངས་ཡོད་པ་དེ་དག་མཐོང་ནས་སྐབས་དེར་སྐལ་བཟང་ཚེ་རིང་ལ་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་འདུན་པ་འགོག་མེད་དུ་སྐྱེས།

དེ་བས། ཁོས་སློབ་སྦྱོང་གི་ཞོར་དུ་སློབ་གྲྭའི་ཁོར་ཡུག་སྲུང་སྐྱོབ་དང་བླངས་པའི་དཔུང་ཁག་ལ་ཞུགས། སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་རྗེས། སྐལ་བཟང་ཚེ་རིང་ཕྱིར་ལྟག་ཡན་སྡེ་བར་སོང་ནས་སྡེ་བའི་སྨན་པ་བྱས།

སྐལ་བཟང་ཚེ་རིང་གི་སྒོ་བསྟེན་ཁང་ནི་ཆུང་ཆུང་ཞིག་ཡིན་མོད། འོན་ཀྱང་ར་སྐོར་ཆུང་ཆུང་དེའི་ནང་དུ་སྨན་བཅོས་བྱེད་ས་དང་། བོད་སྨན་ལེན་ས། སྨན་པའི་ལས་རེས་ཁང་སོགས་ཡོད་ལ། དེ་དག་ནི་སྨན་པ་སྐལ་བཟང་ཚེ་རིང་གིས་འཛུགས་སྐྲུན་དང་སྒྲིག་འཛུགས་བྱས་པ་ཞིག་རེད།

སྒོ་བསྟེན་ཁང་དུ་མི་རྣམས་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག་པ་ཞིག་ནི་གྱང་ངོས་སུ་ཡི་གེ་ཆེན་པོས་བྲིས་པའི་རྫོང་རིའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་དང་འདྲ་པར་དེ་དག་ཡིན་ལ། དེ་ནི་ཁོ་དང་ཁོར་ཡུག་སྲུང་སྐྱོབ་དང་བླངས་པ་ཡིས་ལོ་འདི་དག་གི་རིང་སྤེལ་བའི་བྱ་འགུལ་སྟེ། 2010ལོ་ནས་བཟུང་མགོ་ལོག་དང་། ཡུལ་ཤུལ། མཚོ་སྔོན་པོ། ཨ་མྱེས་རྨ་ཆེན་སོགས་སུ་སོང་བའི་ཟིན་ཐོ་ཡིན་པ་རེད།

སྐལ་བཟང་ཚེ་རིང་གིས་བཤད་རྒྱུར། རྒྱུ་བཏབ་ན་འབྲས་བུ་འབྱུང་བ་རེད། ལོ་འདི་གར་ང་ཚོས་རང་ནུས་ཡོད་ཚད་བཏོན་ནས་སྐམ་བཞིན་པའི་ཆུ་མགོ་འགའ་ལ་སྲུང་སྐྱོབ་བྱས་ཏེ། ད་ལྟ་ཆུ་མགོ་བདུན་ནས་ཆུ་བཞུར་བ་རེད། འདི་ནི་ང་ལ་མཚོན་ན་དགའ་འོས་པའི་དོན་ཆེན་ཞིག་ཡིན་ཟེར།
སྐལ་བཟང་ཚེ་རིང་གིས་རང་ཉིད་ཀྱི་ཡོང་སྒོ་ཉུང་ཉུང་ལ་བརྟེན་ནས་ཡང་དང་བསྐྱར་དུ་དང་བླངས་པའི་ཁོར་ཡུག་སྲུང་སྐྱོབ་བྱེད་སྒོ་སྤེལ་ཏེ་རྫོང་ཡོངས་ཀྱི་མང་ཚོགས་རྣམས་དང་བླངས་པའི་ཁྲོད་ཞུགས་པར་བྱས་ནས་ཡང་བསྐྱར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་ཁྲིད་བྱས་ཏེ་གོམ་པ་རེ་རེ་བཞིན་ཁོར་ཡུག་སྲུབ་སྐྱོབ་ལ་བཅངས་པའི་རང་གི་ཕུགས་འདུན་དེ་མངོན་འགྱུར་ཅི་ཐུབ་བྱས།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།