གཅེས་སེམས་མཐོ་སྒང་ལ་ཕུལ་བ།
2017.05.31 ཁུངས། ཀློག་གྲངས། 27

“སྐབས་རེར་སྨན་བཅོས་བྱས། རྒྱུན་དུ་རོགས་རམ་བྱས། རྟག་པར་སེམས་གསོ་བྱས”ཞེས་པ་འདི་ནི་ཨ་མེ་རི་ཁའི་སཱ་ལཱ་ན་ཁི་མཚེའུའི་འགྲམ་ངོགས་སུ་དུར་སྦས་བྱས་ཡོད་པའི་ནུབ་ཕྱོགས་ཀྱི་སྨན་པ་ཐི་ལུའུ་ཏོ་ཡི་དུར་བྱང་སྟེང་བརྐོས་ཡོད་པའི་ཡི་གེ་རེད། འདི་ནི་སྨན་པའི་སྡེ་སྨན་བཅོས་ལ་འཇུག་པའི་དྲི་མེད་ལེགས་བཤད་ཡིན་ལ། འདིས་རྒྱལ་ཡོངས་ཀྱི་ལས་གནས་སྟེང་ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་དཔེ་དམག་སྟེ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་འགོས་ནད་ཚན་ཁག་གི་ཀྲུའུ་རིན་སྨན་པ་རྡོ་རྗེ་སྨན་བཅོས་ཀྱི་ལས་ལ་ཞུགས་ནས་བགྲང་བྱ་སུམ་ཅུ་འགོར་བའི་རིང་གི་གནས་ཚུལ་ཇི་མ་ཇི་བཞིན་དུ་མཚོན་ཡོད།

ཉེན་ཁའི་དུས་ཀྱི་གདོང་ལེན་པ།
ད་ལོ་ལོ་ང་གཉིས་ཡིན་པའི་བོད་རིགས་སྨན་པ་རྡོ་རྗེ་ནི1990ལོར་མཚོ་སྔོན་གསོ་རིག་སློབ་གླིང་ནས་མཐར་ཕྱིན་རྗེས། ཁོས་རང་ཞིང་གི་སྨན་བཅོས་ལས་རིགས་ཁྲོད་ཡོད་ཚད་འབུལ་རྒྱུའི་སེམས་ཐག་བཅད། སྐབས་དེ་ནས་བཟུང་། ཁོས་སྨན་པའི་འགན་འཁྲི་བརྩི་སྲུང་བྱས་པ་དང་ནད་པ་སྡུག་བསྔལ་ལས་གྲོལ་བར་བྱས་པས། རང་ནུས་གང་ཡོད་ཀྱིས་སེམས་ཅན་ལ་ཞབས་ཞུ་སྒྲུབ་བཞིན་ཡོད།

མི་རྣམས་ཀྱི་བཤད་རྒྱུར། གནད་འགག་གི་སྐབས་སུ་བྱ་བར་གདོང་གཏོད་ཕོད་པ་དང་དཀའ་ཁག་གི་དུས་སུ་ཡོད་ཚད་དང་དུ་ལེན་ཐུབ་པ་ནི་དཔའ་བོ་རེད་ཟེར། རྡོ་རྗེ་མི་སྣ་དཔའ་བོ་ཞིག་མིན་རུང་། ཁོས་རང་ཉིད་ལ་རེ་བ་གཟབ་ནན་འདོན་བཞིན་ཡོད།

2003ལོའི་དཔྱིད་ཀར། གློ་བུར་དུ་བྱུང་བའི་སར་སི་གློ་རིམས་འགོས་ནད་དེ་ས་ཕྱོགས་ཡོངས་སུ་ཁྱབ། མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་ལ་ཉེན་ཁ་ཐེབས་པའི་གནད་འགག་གི་སྐབས་དེར། ཤི་གསོན་གྱི་ཚོད་བགམ་མདུན་ནས། རྡོ་རྗེ་ཡིས་རང་འགུལ་གྱིས་རེ་འདུན་ཞུས་ཏེ་ཐེ་ཚོམ་ཅི་ཡང་མེད་པར་སར་སི་གློ་རིམས་འགོག་པའི་ལས་གནས་དང་པོར་སོང་མྱོང་། ཁོས་སྨན་བཅོས་མི་སྣའི་སྣེ་ཁྲིད་དེ་ནད་ཡམས་ཆེས་འགོས་སླ་བའི་གནས་ཚུལ་འོག ནད་པ་རྣམས་དང་ཉེ་བར་བཅར་ནས་སྔོན་འགོག་དང་ནད་བརྟག་སྨན་བཅོས་བྱས་མྱོང་། རྡུལ་འཚུབ་བྲལ་བའི་གཡུལ་འཁྲུག་དེའི་ཁྲོད་དུ། རྡོ་རྗེ་ལོ་ཕྱེད་ཀའི་རིང་ལ་ཁྱིམ་དུ་ལོག་མ་མྱོང་།

2006ལོར། རྡོ་རྗེ་ཡིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་སྐྱོད་པའི་བརྙན་ཕབ་ཚན་ཁག་གི་ལུས་ཁམས་བདེ་སྲུང་སྨན་པའི་འགན་ཁུར། ཁོ་རང་བརྙན་ཕབ་ཚན་ཁག་དང་མཉམ་དུ་ལེ་དབར་ཁྲི་ཡི་ལམ་དུ་བསྐྱོད་དེ། བརྙན་ཕབ་ཚན་ཁག་གི་མི་སྣ་དང་ལྷན་དུ་བཟའ་བཏུང་རླུང་ཁྲོད་དུ་རོལ་བ་དང་གནས་མལ་རི་ཐང་དུ་བྱས་ཏེ་སྐྱིད་སྡུག་མཉམ་དུ་མྱངས་མྱོང་། རྡོ་རྗེ་ཡིས་སྨན་བཅོས་ཀྱི་སྤྱོད་ཚུལ་བཟང་པོའི་ལམ་ནས་བརྙན་ཕབ་ཚན་ཁག་གི་ཁོངས་མི་རྣམས་ལ་ཚན་རིག་དང་མཐུན་པའི་གསོ་རིག་ཁམས་སྲུང་གི་ཇུས་གཞི་ཞིབ་མོ་གཏན་ཁེལ་བྱས་པ་དང་། ཉིན་རྒྱུན་དུ་ཁོ་ཚོར་མཐོ་སྒང་ནད་རིགས་ཀྱི་རྒྱུན་ཤེས་ཁྱབ་གདལ་དུ་བཏང་ནས། སྔུན་ལ་འགོག་སྲུང་གི་བྱེད་ཐབས་སྤྱད་པ་དང་། ཕྱོགས་ཡོངས་ནས་འཕྲལ་བསྟུན་གྱི་གྲ་སྒྲིག་བཟང་པོ་བྱས། བརྙན་ཕབ་ཚན་ཁག་དང་མཉམ་ཟ་མཉམ་འཐུང་བྱས་ཏེ་བསྡད་པའི་ཉིན་མཚན་བཞི་བརྒྱ་ལྷག་གི་རིང་ལ། མཐོ་སྒང་གི་ནད་བྱུང་སྟེ་བརྙན་ཕབ་ལ་བར་ཆད་བྱས་པའི་དོན་རྐྱེན་གཅིག་ཀྱང་བྱུང་མ་མྱོང་།

2009ལོར། ཟི་ལིང་དང་ཟི་ལིང་གི་མཐའ་འཁོར་ས་ཁུལ་དུ་ཆམ་རིམས་ཀ་པ་བྱུང་། ཞིང་ཆེན་ཡོངས་ཀྱི་ཆམ་རིམས་ཀ་པ་འགོག་བཅོས་ཚོད་འཛིན་ཆེད་མཁས་ཚན་ཁག་གི་ཁོངས་མི་ཡིན་པའི་ཆ་ནས། རྡོ་རྗེ་ཡང་བསྐྱར་ཀུན་གྱི་སྔོན་དུ་སྐྱོད་དེ་རང་འགུལ་གྱིས་ཉེན་ཁ་ཆེ་བའི་ནད་པར་གྲོས་བརྟག་དང་བརྒྱུད་བརྟག མྱུར་སྐྱོབ་བཅས་བྱེད་པའི་བྱ་བའི་ཁྲོད་ཞུགས་པ་དང་། མཚམས་ལ་ལར་ཉིན་ཧྲིལ་པོར་ནད་པ་ཚབས་ཆེན་གྱི་ལྟ་སྲུང་ཁང་དུ་བྱ་བ་བསྒྲུབས་ཏེ་བསྡད།

2010ལོར། ཡུས་ཧྲུའུ་རུ་ས་འགུལ་དྲག་པོ་བྱུང་རྗེས། རྡོ་རྗེ་ཡིས་དེ་མ་ཐག་ཏུ་རང་འགུལ་གྱིས་གོང་རིམ་ལ་སྨན་བཅོས་མྱུར་སྐྱོབ་བྱ་བར་ཞུགས་པའི་རེ་འདུན་ཞུས། སྐབས་དེར་དཔལ་ཐང་རྩྭ་ཐང་དང་སྟབས་བདེའི་སྨན་ཁང་སོགས་ག་ས་གང་དུ་སྨན་པ་རྡོ་རྗེ་མཐོང་ཐུབ།

རྡོ་རྗེའི་ཁྱད་དུ་འཕགས་པའི་གྲུབ་འབྲས་ལ་གོང་རིམ་གཙོ་འགན་སྡེ་ཁག་དང་ལས་རིགས། སྤྱི་ཚོགས་ཀྱི་སྡེ་སོ་སོ་དང་ནད་པ་བཅས་ཀྱི་ཁས་ལེན་ཐོབ། ཁོ་ལ་ཐེངས་མང་པོར་སྨན་ཁང་གི་ཕུལ་བྱུང་ཚན་ཁག་གི་ཀྲུའུ་རིན་གྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། 2013ལོར་རྒྱལ་ཡོངས་ཀྱི་སྨན་བཅོས་སྤྱོད་བཟང་གི་དཔེ་ལེགས་མི་སྣ་བཅུ་ཞེས་པ་དང་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་སྤྱོད་བཟང་གི་མིག་དཔེ་ཞེས་པའི་མཚན་སྙན་ཐོབ་ལ། 2014ལོར་མཚོ་སྔོན་ཞིང་ཆེན་གྱི་སྔོན་ཐོན་བྱ་བ་སྒྲུབ་མཁན་ལ་བདམས་པ་དང་། 2015ལོར་རྒྱལ་ཡོངས་ཀྱི་ལས་གནས་སྟེང་ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་མིག་དཔེ་ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ།

ཤ་ཁྲག་གི་འབྲེལ་བ་མེད་པའི་གཉེན་ཉེ།
འབྱིན་རྔུབ་ཚན་ཁག་གི་ནད་གཡོག་མ་ཀྲང་ཧུང་ཝེ་ལ་མཚོན་ན། ལོ་ཉི་ཤུའི་རིང་ལ་མཉམ་དུ་བྱ་བ་བསྒྲུབས་མྱོང་བའི་ཀྲུའུ་རིན་རྡོ་རྗེ་ནི་བྱང་ཆུབ་སེམས་དཔའ་དང་འདྲ་སྟེ། སྨན་པའི་བྱ་བ་གཉེར་ནས་ལོ་ཉེར་ལྔ་འགོར་བའི་རིང་ལ། རྡོ་རྗེ་ཡིས་ནད་པའི་ན་ཚ་སེལ་བ་མ་ཟད། ད་དུང་རྒྱུན་དུ་འཚོ་བའི་ཐད་ནས་ཁོ་ཚོར་རོགས་རམ་བྱས་མྱོང་། ཁོས་སྦྱོར་བ་དངོས་ལ་བརྟེན་ནས་བདེ་ཐང་གི་རྒྱབ་རྟེན་དང་ཚེ་སྲོག་གི་སྐྱབས་གནས་ཞེས་པའི་སྨན་བཅོས་ལ་འཇུག་པའི་དམ་བཅའ་ལག་ལེན་བྱས་ཏེ། གོས་དཀར་འཐབ་འཛིང་པའི་སྨན་པ་ཆེན་པོའི་ལྷག་བསམ་དཀར་ཞིང་བརྩེ་བ་ཆེན་པོར་འཛད་མཐའ་མེད་པའི་བླ་མེད་སྨན་བཅོས་ཀུན་སྤྱོད་མངོན་པར་བྱས་ཟེར།

2009ལོར། ཞིང་ཆེན་སྨན་ཁང་གི་འབྱིན་རྔུབ་ཚན་ཁག་གི་སྒོ་བསྟེན་ཁང་དུ་ནད་པ་ཞིག་ཐོན་པ་དང་། ནད་པའི་མིང་ལ་ཧྲིན་ཙུའུ་ཁྲིན་ཟེར་ཞིང་། ལོ་དགུ་བཅུ་ལྷག་ལ་བུད་ཡོད་པས་གོམ་པའི་འདེགས་འཇོག་ཁྱར་ཁྱོར་དུ་སྤོ་བ་དང་། གདོང་ལ་ནག་ནོག་གི་དྲི་མས་ཁེངས་ཡོད། རྡོ་རྗེ་ཡིས་ནད་པ་དེ་མཐོང་མ་ཐག་ཏུ་སེམས་མ་སྐྱིད་པ་དང་། ཁོར་ནད་བརྟག་ཞིབ་མོ་བྱས་རྗེས་ད་དུང་ཁོའི་སྡོད་གནས་ཞིབ་འདྲི་བྱས།

རྒད་པོ་དེ་སོང་རྗེས་རྡོ་རྗེ་ཡི་སེམས་བདེ་ལ་འབབ་མ་ཐུབ་པར་མིག་ལམ་དུ་རྒད་པོ་ཧྲིན་ཙུའུ་ཁྲིན་གོམ་འགྲོས་ཁྱར་ཁྱོར་དུ་འགྲོ་བའི་ངང་ཚུལ་དེ་ཡང་དང་བསྐྱར་དུ་མངོན། ངལ་གསོའི་སྐབས་དང་བསྟུན་ནས་རྡོ་རྗེ་ཡིས་རྒད་པོས་འདོན་སྤྲོད་བྱས་པའི་ས་གནས་ལྟར་དུ་རྒད་པོའི་ཁྱིམ་བཙལ་ནས་སོང་བ་ན། མིག་མདུན་དུ་མངོན་པའི་གནས་ཚུལ་གྱིས་རྡོ་རྗེ་ཧ་ལས་པར་བྱས་པ་སྟེ། རྒད་པོ་ཧྲིན་ཙུའུ་ཁྲིན་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་བཅུ་ཙམ་ཡང་མེད་པའི་རྡོ་སོལ་འཇོག་སའི་ཁང་སྟོང་ཞིག་ཏུ་བསྡད་ཡོད་ལ། ཁང་པའི་ནང་དུ་གློག་སྒྲོན་ཡང་མེད། འདྲི་ཞིབ་བྱས་པ་བརྒྱུད་དེ། རྒད་པོ་དེས་རྡོ་རྗེ་ལ་ཁོའི་ཕ་ཡུལ་ནི་ཅང་སུའུ་ཞིང་ཆེན་ནས་ཡིན་ལ། ཁྱིམ་མི་དང་བྲལ་ནས་ལོ་མང་པོ་འགོར་བ་མ་ཟད། ཁྱིམ་མིས་ཁོར་བདག་སྐྱོང་མ་བྱས་པས་ད་ལྟ་གད་སྙིགས་ལས་དངོས་པོ་ཙག་ཙིག་འཐུ་བཞིན་འཚོ་བ་རོལ་བཞིན་ཡོད་ཅེས་བཤད། རྡོ་རྗེ་སྡོད་མ་བཟོད་པར་མྱུར་དུ་རྒད་པོ་དེ་སྨན་ཁང་དུ་ཁྲིད་ཡོང་ནས། ཚན་ཁག་གི་ཞག་སྡོད་ཁང་དུ་ཁོར་ཉལ་ཁྲི་ཞིག་བཀོད་སྒྲིག་བྱས་པ་མ་ཟད། ཁོར་ཟ་མ་དང་ལྭ་གསར་པ་ཉོས་པ་དང་། རང་འགུལ་གྱིས་རྒད་པོར་གཉོར་སྐྱོང་དང་ནད་བཅོས་བྱ་བ་ཁུར་དུ་བླངས། དེ་ནས་བཟུང་སྟེ་རྒད་པོ་དེར་སྨན་ཁང་དུ་གནས་སྐབས་ཀྱི་ཁྱིམ་ཞིག་ཡོད་པར་གྱུར། རྡོ་རྗེ་ཡི་རོགས་རམ་འོག་ཏུ། ཚན་ཁག་གི་སྨན་བཅོས་མི་སྣ་ཡོངས་ཀྱིས་རང་འགུལ་སྒོས་རྒད་པོར་ཞལ་འདེབས་ཕུལ་བ་མ་ཟད། ཉིན་རེར་རེས་སྐོར་གྱིས་ཁོར་ཟ་མ་བསྐྱལ་བ་དང་ཁོའི་ངོ་གདོང་བཀྲུས།

རྒད་པོའི་ནད་དྲག་ནས་སྨན་ཁང་ལས་བུད་རྗེས། རྡོ་རྗེ་ཡིས་ཐབས་བརྒྱ་ཇུས་སྟོང་གིས་རྒད་པོར་རྒན་གསོ་ཁང་བཙལ་བ་དང་། གལ་ཏེ་ལྟ་སྲུང་པ་མེད་ན། རྒན་གསོ་ཁང་གིས་རྒད་པོ་དང་ལེན་མི་བྱེད་པའི་གནས་ཚུལ་གོ་རྗེས། རྡོ་རྗེ་ཡིས་རང་འགུལ་གྱིས་ལྟ་སྐུལ་པས་མིང་འགོད་ས་དེར་རང་གི་མིང་བཀོད། ཁོམ་ལོང་གི་སྐབས་སུ། རྡོ་རྗེ་ཡིས་རྒྱུན་དུ་སིལ་ཏོག་དང་འཚོ་བའི་ཅ་ལག་སོགས་ཉོས་ཏེ་ཁྱིམ་མི་རྣམས་ཁྲིད་ནས་རྒད་པོར་སྐོར་བརྒྱབ་པ་དང་། རྒན་གསོ་ཁང་གི་བྱ་བ་སྒྲུབ་མཁན་དང་ལོ་ལོན་གཞན་པ་རྣམས་ཀྱིས་རྡོ་རྗེ་ནི་རྒད་པོ་ཧྲིན་ཙུའུ་ཁྲིན་གྱི་བུ་ཡིན་པར་འདོད་ཡོད།

རྒད་པོ་ཧྲིན་ཙུའུ་ཁྲིན་གྱི་མི་ཚེའི་ཆེས་མཇུག་མཐའི་ལོ་འགའི་རིང་ལ། རྡོ་རྗེ་ཡིས་ཁོར་སྤྲོ་སྣང་དང་དྲོད་ཁོལ་ཆེན་པོ་མྱངས་སུ་བཅུག་པ་རེད། ལོ་འགའི་སྔོན་ལ། རྒད་པོའི་གློ་སྙིང་གི་ནུས་པ་ཆེས་ཆེར་ཉམས་ནས་ཚེ་ལས་འདས། རྒད་པོ་འདས་ཁར་རྡོ་རྗེ་རྒྱུན་དུ་ཁོའི་ནད་ཁྲིའི་འགྲམ་དུ་བསྡད་ནས་བདག་སྐྱོང་ཞིབ་མོ་བྱས་པ་དང་། རྒད་པོའི་འདས་འཇུག་གི་བྱ་བ་ཡང་རྡོ་རྗེས་རང་འགུལ་གྱིས་ཁུར་དུ་བླངས། རྡོ་རྗེ་ཡིས་ཁོའི་བྱམས་སེམས་དེ་མདོར་བསྡུས་སྒོས“ལས”ཞེས་པའི་ཡིག་འབྲུ་གཅིག་གིས་མཚོན་པར་བྱེད། ཁོས་རྒྱུན་དུ་ཁྱིམ་མི་དང་ལས་གྲོགས་རྣམས་ལ་ང་ཚོ་སུ་ཞིག་དང་འཕྲད་ཀྱང་ཚང་མ་ལས་འབྲེལ་ཡིན་ཞེས་བཤད་བཞིན་ཡོད།

ཁོ་ལས་འབྲེལ་ལ་ཧ་ཅང་དད་མོས་ཆེ་བ་དང་། ལས་འབྲེལ་གྱི་དབང་གིས་ཁོ་དང་ལྷ་རིས་མཚོའི་བར་དུ་ཕ་བུའི་བརྩེ་བ་ཟབ་མོ་ཆགས་པ་རེད། ལོ་ཉི་ཤུའི་སྔོན་དུ་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་མིན་ཏ་ཞང་དུ་འོས་འགན་ནད་བརྟག་བྱེད་སྐབས། སྟེས་དབང་གིས་རྡོ་རྗེ་ལྷ་རིས་མཚོའི་ཁྱིམ་དུ་ཐོན། སྐབས་དེར་ལྷ་རིས་མཚོ་ལོ་བརྒྱད་དགུ་ཙམ་ཡིན་པ་དང་། ཁྱིམ་དུ་དཀའ་ཁག་ཧ་ཅང་ཆེ་བས། ཁྱིམ་ཚང་གཞན་གྱི་ཁང་བ་གཡར་ནས་བསྡད་ཡོད། ཁྱིམ་ཚང་ལ་དཀའ་ཁག་ཆེ་བས་ལྷ་རིས་མཚོ་སློབ་གྲྭར་འགྲོ་མཚམས་བཞག་པའི་གནས་ཚུལ་གོ་རྗེས་རྡོ་རྗེའི་སེམས་ཡང་བསྐྱར་བདེ་ལ་འབབ་མ་ཐུབ་པ་དང་། སྐབས་དེར་ཁོས་ལྷ་རིས་མཚོ་མུ་མཐུད་དུ་སློབ་གྲྭར་འགྲོ་བར་རོགས་རམ་བྱེད་རྒྱུའི་སེམས་ཐག་བཅད།

གདམ་ག་ནི་རྒྱུན་འཁྱོངས་བྱས་པ་ཡིན་ཚེ། བློ་འགྱོད་སྤུ་ཙམ་ཡང་མེད་པའི་འགུལ་སྐྱོད་དུ་གྱུར་བ་ཡིན།
ལོ་ཉི་ཤུའི་རིང་ལ། རྡོ་རྗེ་ཡིས་ལྷ་རིས་མཚོ་སློབ་ཆུང་དང་སློབ་འབྲིང་བརྒྱུད་པར་རོགས་རམ་བྱས་པ་མ་ཟད། རྡོ་རྗེའི་རོགས་རམ་ལ་བརྟེན་ནས་ལྷ་རིས་མཚོས་མཚོ་སྔོན་མི་རིགས་སློབ་ཆེན་དུ་རྒྱུགས་འཕྲོད། སློབ་གྲྭ་ཆེན་མོའི་སྐབས་སུ་ལྷ་རིས་མཚོ་དུས་རྒྱུན་རྡོ་རྗེ་ཚང་དུ་བསྡད་པ་དང་། རྡོ་རྗེ་ཁྱིམ་མི་གང་བོས་ཁོ་ཚོར་སློབ་རིན་གྱིས་རོགས་རམ་བྱས་པ་མ་ཟད། ཟླ་རེའི་འཚོ་བའི་གྲོན་དངུལ་ཡང་བྱིན།

རྡོ་རྗེ་ཁྱིམ་མི་གང་བོའི་བྱམས་བརྩེའི་རོགས་སྐྱོར་འོག་ཏུ། ལྷ་རིས་མཚོ་བདེ་བླག་ངང་སློབ་མཐར་ཕྱིན་ནས། མིག་སྔར་ཞིང་ཆེན་གྱི་སྨན་བཅོས་ལས་ཁུངས་ཤིག་ཏུ་བྱ་བ་སྒྲུབ་བཞིན་ཡོད། ད་ལྟ་ཡང་ལྷ་རིས་མཚོ་རྡོ་རྗེ་ཚང་དུ་བསྡད་ཡོད་ལ། ཁོ་མོར་མཚོན་ན། དེ་ནི་རང་ཁྱིམ་དུ་གྱུར་ཡོད་པ་དང་། རྡོ་རྗེ་བཟའ་ཟླ་གཉིས་ནི་རང་གི་ཕ་མ་ཡིན་ཞིང་། རྡོ་རྗེའི་བུ་མོ་གཉིས་ནི་རང་གི་སྤུན་ཡིན།

གཅིག་སེམས་གཅིག་ལ་གཏད་པའི་ནད་གྲོགས།
ཞིང་ཆེན་མི་དམངས་སྨན་ཁང་གི་སྨན་པ་དང་ནད་གཡོག་རྣམས་ཀྱིས་རྡོ་རྗེ་གླེང་སྐབས། ང་ཚོའི་ཀྲུའུ་རིན་ནི་སེམས་བཟང་ཅན་ཡིན་ལ་སྨན་བཅོས་ཀྱི་ལག་རྩལ་མཐོ་བ་མ་ཟད། འགན་ཁུར་གྱི་འདུ་ཤེས་དྲག་པོ་ལྡན་པས། ནད་པ་རྣམས་ཁོ་དང་འཕྲད་ཚེ་སེམས་ཧ་ཅང་བདེ། ཁོ་ནི་སྨན་ཁང་གི་ང་རྒྱལ་ཡིན་ཞེས་བསྟོད་པའི་མཐོ་བོང་སྒྲེང་བཞིན་ཡོད། རྡོ་རྗེ་ཉིན་རྒྱུན་དུ་ནད་ཁང་རེ་རེའི་ནད་ཁྲི་རེ་རེའི་མདུན་དུ་སོང་ནས། ནད་པར་ལག་འཇུ་བྱས་ཏེ་ཁོ་ཚོའི་གནས་ཚུལ་ཞིབ་འདྲི་བྱེད་པ་དང་། ཁོ་ཚོའི་ལུས་ཕུང་གི་གནས་ཚུལ་ལ་ཞིབ་བཤེར་ཞིབ་མོ་བྱེད་པ་མ་ཟད། འགྲོ་ཁར་ད་དུང་ཁོ་ཚོའི་ཕྲག་པར་དལ་གྱིས་རྡེབ་ནས་སེམས་བདེ་ལ་འབབ་དགོས་པའི་སྐུལ་མ་གཏོང་བཞིན་ཡོད། ཁོའི་རྣམ་འགྱུར་ཞིབ་མོ་དེ་དག་གིས་ནད་པ་རྣམས་ཀྱི་སེམས་ངལ་གསོས་པ་དང་། འགུལ་སྐྱོད་ཀྱི་སྟབས་མི་བདེ་ཞིང་ཁྱིམ་དུ་གསོ་བཅོས་བྱེད་བཞིན་པའི་ནད་པས་རྒྱུན་དུ་ཁ་པར་བཏང་ནས་གནས་ཚུལ་འདྲི་ཞིབ་བྱེད་སྐབས། ཁོས་སུན་སྣང་ཅི་ཡང་མེད་པར་ནད་པ་ཡིད་ཚིམས་པའི་ལན་འདེབས་བཞིན་ཡོད།

ལོ་བཅུ་ཕྲག་འགའི་རིང་སྨན་བཅོས་ཀྱི་བརྒྱུད་རིམ་ཁྲོད་ནས། རྡོ་རྗེ་ཡིས་ནད་པའི་ཆེད་དུ་སེམས་ཁྲལ་བྱས་པ་དང་ནད་པའི་ཆེད་དུ་བསམ་བློ་བཏང་ལ། ཁོས་རྒྱུན་པར་ནད་པའི་ཆེད་དུ་བསམ་བློ་མང་ཙམ་གཏོང་དགོས་ཞེས་ནན་གྱིས་བཤད་བཞིན་ཡོད། ཚན་ཁག་གི་སྨན་པ་རབ་འབྱམས་པ་ཆི་ཡ་ལིས་ཀྱིས་བཤད་རྒྱུར། ཀྲུའུ་རིན་གྱིས་རྒྱུན་དུ་ང་ཚོར་སྨན་པས་ལག་རྩལ་སྦྱངས་དགོས་པ་མ་ཟད། ལྷག་བསམ་དང་བརྩེ་སེམས་ལ་བརྟེན་ནས་ནད་པར་རོགས་རམ་བྱས་ཏེ། ཁོ་ཚོར་སེམས་ཁུར་ཆེན་པོ་བྱེད་དགོས་པའི་སློབ་གསོ་གཏོང་བཞིན་ཡོད། ལས་ཚོགས་གྲོལ་ཟིན་ན་ཡང་། ཁ་པར་ཞིག་བཏང་བ་ཡིན་ཚེ་ཁོས་དོན་དག་ཅི་ཞིག་ཡིན་རུང་སྒྲུབ་མཚམས་བཞག་སྟེ་ནད་པར་ཞབས་འདེགས་ཞུ་རུ་ཡོང་ངེས་ཡིན་ལ། ཁོར་མཚོན་ན་ནད་པའི་ཡིད་ཆེས་ནི་ཆེས་ཆེ་བའི་ཁས་ལེན་དང་སྐུལ་མ་ཡིན་ཟེར།

ཁོས་ནད་པར་བློ་གཏད་པས་ཁོ་བཙལ་དུ་ཡོང་ནས་སྨན་བཅོས་བྱས་པའི་ནད་པ་ཕལ་ཆེ་བ་ཁོའི་གྲོགས་པོར་གྱུར་ཡོད། ཁོས་རྒྱུན་དུ་ནད་པའི་སྐད་ཆར་ཞིབ་ཏུ་ཉན་པ་དང་། སེམས་ངལ་ཆེ་བའི་ནད་པར་འཕྲད་ཚེ། མྱུར་དུ་ནད་པ་དང་ཁྱིམ་མི་ལ་སེམས་གསོ་བྱེད་པ་ཡིན། ནད་པ་ལ་ལས་བཤད་རྒྱུར། ཀྲུའུ་རིན་རྡོ་རྗེ་ལ་ཁ་བརྡ་ཐེངས་ཤིག་བྱས་ཚེ། ངའི་ནད་ཅུང་ཙམ་ཇེ་ཡང་དུ་འགྲོ་ཟེར།

ཚན་ཁག་གི་ཀྲུའུ་རིན་ཡིན་པའི་ཆ་ནས། རྡོ་རྗེ་ཡིས་སྨན་བཅོས་ཀྱི་སྤུས་ཚད་དང་གཉེར་སྐྱོང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་གཏོང་བར་མཐོང་ཆེན་བྱས་ཏེ། དོ་དམ་དང་ཞབས་ཞུ་དམ་འཛིན་བྱེད་པ་དང་ལས་སྒོའི་བྱང་ཚད་མཐོར་འདེགས་སུ་བཏང་ནས། ཚན་ཁག་གི་དཔྱད་གཞི་དང་སློབ་ཁྲིད། དོ་དམ་གྱི་བྱ་བ་སྣ་ཚོགས་ཧུར་ཐག་གིས་གོང་འཕེལ་དུ་གཏོང་བཞིན་ཡོད། ལོ་མང་པོའི་རིང་ལ། ཁོ་ཐེངས་མང་པོར་རྒྱལ་ཁབ་ཕྱི་ནང་གི་སྨན་ཁང་ཆེ་གྲས་ཁག་ཏུ་གསབ་སྦྱོང་དུ་སོང་ནས། རང་གི་སྨན་བཅོས་ལག་རྩལ་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་བ་དང་། དཔྱད་གཞི་གལ་ཆེའི་རིགས་ཀྱི་ཞིབ་འཇུག་དང་དཔྱད་སྡུར་ལ་ཧུར་ཐག་གིས་ཞུགས་ཏེ། འཕྲོད་བསྟེན་པུའུ་དང་ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་སོགས་ཀྱི་དཔྱད་གཞི་བཅུ་ལྷག་ལ་མགོ་འཛིན་བྱས་པ་དང་། དཔྱད་རྩོམ་ཉི་ཤུ་ལྷག་སྤེལ་མྱོང་། བྱ་བའི་གྲུབ་འབྲས་འབུར་དུ་ཐོན་པས། 2011ལོར་ཁོ་ཀྲུང་གོའི་ནུབ་རྒྱུད་ཀྱི་དལ་གཤིས་ཐོགས་འགགས་གློ་ནད་ཆེད་མཁས་ཚན་ཁག་གི་ཆེད་མཁས་ཨུ་ཡོན་ལ་གདན་འདྲེན་ཞུས་པ་དང་། 2014ལོར་ཀྲུང་གོའི་སྨན་པའི་མཐུན་ཚོགས་ཀྱིས་ཧྭགས་པགས་རྫས་སྐུལ་རྩི་ནད་ཐོག་སྨན་བཅོས་ཉེར་སྤྱོད་ཚད་ལྡན་ཅན་གསོ་སྦྱོང་ལས་གཞིའི་འཆད་ཁྲིད་དགེ་རྒན་ཚོགས་པའི་དགེ་རྒན་ལ་གདན་འདྲེན་ཞུས། 2011ལོར་ཁོར་ཀྲུང་ཧྭ་གསོ་རིག་མཐུན་ཚོགས་ཀྱི་འབྱིན་རྔུབ་ཁྱབ་ཁོངས་ཀྱི་བྱས་རྗེས་བྱ་དགའ་ཐོབ། ཁོ་དང་ཁོའི་ཚོགས་པའི་སྨན་བཅོས་ཀྱི་ཀུན་སྤྱོད་བཟང་བོ་དང་རྩེར་སོན་གྱི་ལག་རྩལ་ལ་བརྟེན་ནས། ཁོ་ཡོད་སའི་ཚན་ཁག་དེ་འཕྲོད་བསྟེན་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཚན་ཁག་ཏུ་བདམས་པ་དང་། བསྟུད་མར་ལོ་མང་པོར་སྨན་ཁང་གི་ཕུལ་བྱུང་ཚན་ཁག་ཏུ་བདམས།

ཉི་འོད་ཀྱིས་འགྲོ་བ་ཀུན་ལ་སྐྱེ་སྟོབས་སྩོལ་བ་དང་སེམས་ཁོང་གི་འཁྱག་དར་ཞུ་བར་བྱེད་ལ། བརྩེ་སེམས་ནི་མི་དང་མིའི་བར་གྱི་ཆེས་མཛེས་ཤིང་ཆེས་ལྷད་མེད་ཀྱི་སྦྲེལ་ཐག་ཡིན། རྡོ་རྗེ་ཡིས་ཁོའི་ཉི་འོད་ལྟ་བུའི་བརྩེ་སེམས་ལ་བརྟེན་ནས་ནད་པའི་སེམས་ལ་དྲོད་ཁོལ་དྲངས་པ་དང་། ནད་པ་དང་ཉེ་འགྲམ་གྱི་མི་བུ་ཀུན་ལ་བདེ་ཐང་དང་རེ་བ་བསྩལ།
 

ལོ་ཙཱ་བ། ཤ་བོ་རིན་མཚོ།