ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན་གྱི་ཞོགས་པར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གཙང་གསུམ་འབྱུང་ཡུལ་དྲིན་གཟོ་ནགས་ཚལ་ནང་དུ། ཡུས་ཧྲུའུ་གྲོང་ཁྱེར་བྱ་ཆུ་ཁོག་སྲང་ལམ་དོན་སྒྲུབ་ཁང་སྐར་མདའ་སྡེ་བའི་དབང་རྒྱལ་ཉིན་རྒྱུན་དུ་སྡོང་བོ་འཛུགས་དུ་ཡོང་ཡོད། དེ་རིང་དབང་རྒྱལ་རང་གི་ཆུང་མ་དང་མཉམ་དུ་ཡོང་ཡོད།
ཟླ་བཞི་བའི་ནང་དུ་ཡུས་ཧྲུའུ་རུ་སྡོང་འཛུགས་ནགས་སྐྲུན་བྱས་ན་དུས་སྐབས་ཧ་ཅང་ཡག དབང་རྒྱལ་གྱིས་ན་ནིང་ནས་བཟུང་། ཁོམ་པ་ཡོད་ཚེ་དུས་རྒྱུན་སྡོང་བོ་འཛུགས་པར་འགྲོ་བཞིན་ཡོད་པ་དང་། ཉིན་རེར་སྡོང་བོ་བཙུགས་པའི་ཡོང་སྒོ་ལའང་ཡིད་ཚིམས་ཡོད།
དབང་རྒྱལ་གྱིས་ལག་ཏུ་ལྕགས་ཁེམ་ཞིག་བཟུང་ནས་བཤད་རྒྱུར། ང་ཚོ་འདིར་སྡོང་བོ་འཛུགས་པར་གླ་རྒྱག་ཏུ་ཡོང་བ་ཡིན་པས། སྡོང་བོ་རྐང་གཅིག་བཙུགས་ན་གླ་ཡོན་སྒོར་མོ་བཞི་དང་སྐར་ལྔ་རེ་ཡོད་པ་དང་། ཉིན་འདི་འགར་རྒྱུན་དུ་གནས་འདིར་ཡོང་ནས་སྡོང་འཛུགས་ནགས་སྐྲུན་བྱེད་བཞིན་ཡོད་པ་དང་། ད་དུང་ན་ནིང་བཙུགས་ནས་མ་སྐྱེས་པའི་ཤུལ་དུ་བསྐྱར་དུ་སྡོང་བོ་འཛུགས་དགོས་ཟེར།
དབང་རྒྱལ་གྱིས་བཤད་རྒྱུར། བཙུགས་ནས་མ་སྐྱེས་པའི་ཤུལ་དུ་སྡོང་བོ་འཛུགས་དགོས་ཚེ། ས་སྙི་མོ་ཡིན་ན་ཉིན་གཅིག་ལ་སྡོང་བོ་རྐང་བརྒྱ་ཡན་འཛུགས་ཐུབ་པ་དང་། ས་དོང་གསར་དུ་བརྐོས་ནས་འཛུགས་དགོས་ཚེ། ཉིན་གཅིག་ལ་རྐང་སུམ་ཅུ་ལྷག་འཛུགས་ཐུབ། ཉིན་རྒྱུན་དུ་སྡོང་བོ་འཛུགས་པར་ཡོང་ན་ཡོང་སྒོ་ཧ་ཅང་བཟང་ཟེར།
དབང་རྒྱལ་ཚང་ལ་བཟའ་མི་ལྔ་ཡོད་པ་དང་། དེའི་ཁྲོད་བྱིས་པ་གསུམ་ཡོད་ལ། བྱིས་པ་གཉིས་སློབ་གྲྭར་འགྲོ་བཞིན་ཡོད། སྔོན་ཆད་དབང་རྒྱལ་ནི་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན། དབུལ་ཕོངས་སུ་གྱུར་བའི་རྒྱུ་རྐྱེན་ནི་ལག་རྩལ་མེད་པའི་ཁར་མིག་ཡ་གཅིག་ལོང་བར་གྱུར་ཡོད་པས་རང་ཉིད་ཕྱུག་པོར་བསྒྱུར་རྒྱུའི་ནུས་པ་མེད་པ་དེ་རེད།
ན་ནིང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་གནད་ཁེལ་དབུལ་སྐྱོར་ལ་སྐུལ་འདེད་བྱེད་པའི་བྱ་བའི་ཁྲོད་དུ། སྐར་མདའ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་གིས་དབུལ་ཕོངས་ཁྱིམ་ཚང་རེའི་སྒོར་མོ་སྟོང་དྲུག་དང་བཞི་བརྒྱ་ཡི་དབུལ་སྐྱོར་མ་དངུལ་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་བཀོལ་རྒྱུ་ཐག་བཅད།
ཡུས་ཧྲུའུ་ལ་ས་འགུལ་རྒྱུགས་རྗེས། སྐར་མདའ་སྡེ་བས་ཀུན་ཕན་སྣ་འཛོམས་རང་འདེམ་ཚོང་ཁང་ཞིག་ཕྱེས་མོད། འོན་ཀྱང་། སྐབས་དེའི་རང་འདེམ་ཚོང་ཁང་གི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་བརྒྱ་དང་བདུན་མ་གཏོགས་མེད། ན་ནིང་སྡེ་བ་གང་བོའི་དབུལ་ཕོངས་ཁྱིམ་ཚང་གི་དབུལ་སྐྱོར་མ་དངུལ་སྒོར་མོ་འབུམ་བརྒྱད་དང་ཁྲི་གསུམ་མཉམ་སྡེབ་བྱས་ཏེ། ཀུན་ཕན་སྣ་འཛོམས་རང་འདེམ་ཚོང་ཁང་གི་རྒྱ་སྐྱེད་དེ་མུས་གྲུ་བཞི་མ་དྲུག་བརྒྱ་ཡོད་པས་ན་ནིང་གི་ཡོང་སྒོ་སྒོར་མོ་འབུམ་ལྔ་དང་ཁྲི་གསུམ་ལ་སླེབས།
ཁེ་སྤོགས་བགོས་རྗེས། སྐར་མདའ་སྡེ་བར་སྒོར་མོ་རྐྱང་རྐྱང་བྱས་ནས་བགོ་རྒྱུ་མེད་རུང་། སྡེ་བ་གང་བོའི་མི་རེར་འབྲས་ཁུག་མ་གཅིག་རེ་དང་། ཕྱེ་ཁུག་མ་གཅིག གཡིས་ཟོ་བ་གཅིག ནས་ཁུག་མ་གཅིག བོད་ཇ་ཐུམ་གཅིག་བཅས་བགོས་པ་དང་། དབུལ་ཕོངས་ཁྱིམ་ཚང་ལ་ཡང་བསྐྱར་འབྲས་དང་། ཕྱེ། གཡིས། བོད་ཇ་ཐུམ་གཅིག་བཅས་བགོས། བགོས་པའི་དངོས་རྫས་དེ་དག་སྒོར་མོར་བཀུགས་ན་སྒོར་མོ་སྟོང་གཅིག་ལས་བརྒལ་ཡོད། དབང་རྒྱལ་ལ་མཚོན་ན། ན་ནིང་གི་ལོ་ཧྲིལ་བོར་བཟའ་མི་གང་བོར་བསྡོམས་པས་འབྲས་ཁུག་མ་བཅུ་དང་། ཕྱེ་ཁུག་མ་བཅུ། གཡིས་ཟོ་བ་བཅུ། ནས་ཁུག་མ་བཅུ། བོད་ཇ་ཐུམ་བཅུ་བཅས་ཐོབ། ལོ་གཅིག་གི་ལྟོ་བར་འདང་རྒྱག་མེད་པས། ད་ལྟ་བསམ་དགོས་པ་ནི་སྒོར་མོ་ཇི་ལྟར་བཙལ་རྒྱུ་དེ་རེད།
དབང་རྒྱལ་གྱིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་དབུལ་ཕོངས་ལས་ཐར་དུ་བཅུག དབང་རྒྱལ་ཚང་ལ་ནོར་གནག་བཅུ་གསུམ་ཡོད་པ་དང་། ལོ་རེའི་ཡོང་སྒོ་ནི་དབྱར་རྩྭ་དགུན་འབུ་བརྐོ་བ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་གྱི་ཡོང་སྒོ་མ་གཏོགས་མེད། ཉེ་བའི་ལོ་འགའི་རིང་ལ། དབང་རྒྱལ་གྱིས་སྲོལ་རྒྱུན་བསམ་བློ་བསྒྱུར་ཏེ་གྲོང་ཁྱེར་དང་བར་ཐག་ཉེ་བའི་ཁྱད་སྟོབས་བེད་སྤྱོད་བྱས་ནས་ཁོམ་པ་ཡོད་ཚེ་གྲོང་ཁྱེར་དུ་གླ་རྒྱག་ཏུ་སོང་བས། ཡོང་སྒོ་ཡང་བཙལ་ཐུབ་པ་བྱུང་།
ན་ནིང་ལ་མཚོན་ན། དབང་རྒྱལ་དང་ཆུང་མས་ཞོར་ལས་ལས་ནས་ལོ་གཅིག་ལ་ཡོང་སྒོ་སྒོར་མོ་སྟོང་བདུན་ལོན་པ་དང་། དེའི་ཁར་དབྱར་རྩྭ་དགུན་འབུ་བརྐོས་པའི་ཡོང་སྒོ་དང་ཕྱུགས་ལས་ཀྱི་ཡོང་སྒོ རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་གྱི་ཡོང་སྒོ་སོགས་བསྣན་ན། ལོ་གཅིག་གི་བཟའ་མི་གང་བོའི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་སྟོང་དྲུག་དང་བརྒྱད་བརྒྱ་ལ་སླེབས།
དབང་རྒྱལ་ཚང་ལ་མུས་གྲུ་བཞི་མ་བརྒྱད་ཅུ་ཡོད་པའི་སྡོད་ཁང་ཞིག་ཡོད་པ་དང་། དེ་ནི་གནོད་ཐེབས་བསྐྱར་སྐྲུན་ཁྲོད་གཅིག་གྱུར་འཆར་འགོད་བྱས་ནས་ཐོབ་པ་ཞིག་རེད། མཉམ་ལས་ཁང་གིས་བགོས་པའི་འབྲུ་རིགས་ཀྱིས་ལོ་གཅིག་ལ་འདང་བ་དང་། དབང་རྒྱལ་བཟའ་ཟླ་གཉིས་ཀྱིས་ད་དུང་ངལ་རྩོལ་བརྟེན་ནས་ཡོང་སྒོ་བཙལ་ཆོག་ལ། ཁྱིམ་ན་སློབ་གྲྭར་འགྲོ་མཁན་ཡོད་རུང་སློབ་ཡོན་སྟེར་མི་དགོས་པའི་ཁར་སྡེ་བའི་ནང་དུ་སློབ་ཆུང་འགྲིམས་བཞིན་པའི་བུ་འབྲིང་བར་ལོ་རེར་སྒོར་མོ་བརྒྱད་བརྒྱའི་ཁ་གསབ་ཡོད་པས། ད་སྐབས་དབང་རྒྱལ་ཚང་གི་དབུལ་ཕོངས་ཀྱི་ཞྭ་མོ་རྩ་བ་ནས་ཕུད་ཡོད་པ་རེད།
དབང་རྒྱལ་གྱིས་མ་འོངས་པའི་འཚོ་བར་རེ་བས་ཁེངས་བཞིན་བཤད་རྒྱུར། ཟླ་འདིར་སྡོང་བོ་བཙུགས་ཚར་རྗེས། དབྱར་རྩྭ་དགུན་འབུ་བརྐོ་རུ་འགྲོ་དགོས་པ་དང་། དེའི་འཕྲོར་ཡང་ཁུལ་ཐོག་ཏུ་གླ་རྒྱག་ཏུ་འགྲོ་དགོས། གནས་སྐོར་བྱེད་པའི་དུས་སྐབས་སུ་སྡེ་བའི་ཞབས་བྲོ་རུ་ཁག་ཏུ་ཞུགས་ཏེ་འཁྲབ་སྟོན་བྱེད་དགོས། གང་ལྟར་ཡོང་སྒོ་བཙལ་འདོད་ན་ལོ་ཧྲིལ་བོར་ཞོར་ལས་གཉེར་ས་མང་པོ་ཡོད་ཟེར།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།