ཕུགས་བསམ་ཡིད་ལ་བཅངས་སྟེ་ས་གཤིས་བྱ་བར་འབད།
2017.06.14 ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཀློག་གྲངས། 37

 མཚོ་བོད་མཐོ་སྒང་ནས་ཁྲིན་ཏུའུ་དང་དེ་ནས་ཕྱི་རྒྱལ་དུ་སློབ་གཉེར་ལ་ཐེངས་གསུམ་བསྐྱོད་པའི་བར་ཕྱི་རྒྱལ་དུ་སྡོད་པ་དང་ལེན་མ་བྱས་པར་ཐེ་ཚོམ་སྤུ་ཙམ་མེད་པར་རྒྱལ་ནང་དུ་ལོག

གློག་བརྙན་སྟོན་མཁན་ཞིག་ནས་ཀྲུང་གོ་བཟོ་བཀོད་ཁང་གི་ཡོན་ཧྲིའི་བར་གྱི་མི་ཚེའི་ལམ་བུའི་ཐོག་ཁོང་ལ་རང་རྒྱལ་གྱི་ས་གཤིས་ཚན་རིག་གི་གཟི་བརྗིད་མཚན་སྙན་མཐོ་ཤོས་སྟེ། ལི་སི་ཀོང་ས་གཤིས་ཚན་རིག་བྱ་དགའ་ཐོབ་མྱོང་།

ནག་ཅིང་སྣུམ་པའི་སྐྲ་ལོ་དཀར་པོར་གྱུར་པའི་བར་གྱི་མི་ལོ་བཞི་བཅུའི་རིང་གངས་ལྗོངས་ས་མཐོའི་རི་ཀླུང་ཐང་གསུམ་ཞབས་ཀྱིས་བཅགས་ནས་རང་རྒྱལ་གྱི་ས་གཤིས་རིགས་པའི་གཞུང་ལུགས་གསར་གཏོད་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བསྐྲུན།

ཁོ་ནི་རང་རྒྱལ་དུ་སྐད་གྲགས་ཆེ་བའི་ས་གཤིས་མཁས་ཅན། ཀྲུང་གོ་བཟོ་བཀོད་ཁང་གི་བོད་རིགས་ཡོན་ཧྲི་དང་པོ་རྡོ་རྗེ་རེད།

རྡོ་རྗེ་ནི1953ལོར་བོད་ལྗོངས་རྒྱ་ཚྭ་རྫོང་གི་འབྲོག་ཁྱིམ་དབུལ་པོ་ཞིག་ཏུ་སྐྱེས། ཕ་ཡུལ་གྱི་གཡའ་དག་པའི་ནམ་མཁའ་དང་། བབ་ཆགས་པའི་ཡུལ་མི། ཡངས་པའི་ས་གཞི་ལས་རྡོ་རྗེའི་གཞུང་དྲང་གི་གཤིས་སྤྱོད་དང་ལས་བརྩོན་གྱི་གཤིས་རྒྱུད་གྲུབ།

ལོ་ཉི་ཤུའི་སྟེང་རྡོ་རྗེ་རྫོང་གློག་བརྙན་རུ་ཁག་གི་གློག་བརྙན་སྟོན་མཁན་དུ་གྱུར། སྐབས་དེའི་ན་གཞོན་ཞིག་ལ་ཆ་མཚོན་ན། དེ་ནི་ཀུན་གྱིས་ཡིད་སྨོན་འཆོར་བའི་ལས་ཀ་ཞིག་ཡིན་མོད། འོན་ཀྱང་རྡོ་རྗེའི་སེམས་སུ་དེ་ལས་ཀྱང་ལྷག་པའི་ཕུགས་བསམ་ཞིག་ཡོད་པ་ནི“ཕ་ཡུལ་ནས་ཡུལ་གཞན་དུ་ལྟ་རྒྱ་དང་ཐོས་རྒྱ་ཆེ་རུ་གཏོང་བར་འགྲོ་རྒྱུ་དེ་རེད”

སྟེས་དབང་གི་གོ་སྐབས་ཞིག་ལས་རྡོ་རྗེས་མཚོ་བོད་ཚན་ཞིབ་རུ་ཁག་གི་ཁོངས་མིའི་ངོ་ཤེས། ཚན་ཞིབ་རུ་ཁག་གི་ལས་ཀའི་ཁྲོད་ནས་རྡོ་རྗེས་ས་གཤིས་ཀྱི་ཐ་སྙད་དེ་ཐོག་མར་ཤེས བྱུང་ལ། ཁོ་ཚོའི་རི་ཀླུང་ཐང་གསུམ་ཞབས་ཀྱིས་བཅགས་ནས་མེས་རྒྱལ་འཛུགས་སྐྲུན་བྱེད་པའི་སྙིང་སྟོབས་དང་བྱས་རྗེས་ལས་སེམས་འགུལ་དང་སྐུལ་ལྕག་ཆེན་པོ་ཐེབས་ནས་ས་གཤིས་ཤེས་བྱ་སྦྱོང་འདོད་ཀྱི་བསམ་པ་འགོག་མེད་དུ་སྐྱེས།
ལོ་གཉིས་ལ་གློག་བརྙན་སྟོན་མཁན་བྱས་རྗེས་རྡོ་རྗེ་ལ་ལེ་བར་སྟོང་ཕྲག་གིས་ཆོད་པའི་ཁྲིན་ཏུའུ་ས་གཤིས་སློབ་གླིང་དུ་སློབ་སྦྱོང་བྱེད་པར་བསྐྱོད་པའི་གོ་སྐབས་ཐོབ་བྱུང་།

1978ལོར་གཡུར་དུ་ཟ་བའི་སྦྱངས་འབྲས་ཀྱིས་སློབ་མཐར་ཕྱིན་རྗེས་རྡོ་རྗེ་བོད་ལྗོངས་ས་འོག་ཚ་ནུས་ས་གཤིས་རུ་ཆེན་དུ་ལས་བགོས་བྱུང་ནས་ས་གཤིས་རྩད་ཞིབ་དང་ཚན་རིག་ཞིབ་འཇུག་བྱ་བར་ཞུགས།

དཀའ་སྡུག་བཟོད་སྲན་ཐུབ་ལ་ཞིབ་འཇུག་བྱེད་རྒྱུར་དགའ་བའི་རྡོ་རྗེ་ལས་ཁུངས་ཀྱི་སྐྱེད་སྲིང་བྱ་ཡུལ་གཙོ་བོར་གྱུར་པ་དང་སྔ་རྗེས་སུ་དབྱི་ཐ་ལི་པི་སཱ་རྒྱལ་སྤྱིའི་ས་འོག་ཚ་ནུས་སློབ་གླིང་དང་ཨ་རིའི་ཅ་ཀྲིག་སློབ་ཆེན་ལའོ་ལུན་སི་རྒྱལ་ཁབ་ཚོད་ལྟ་ཁང་བཅས་སུ་ས་གཤིས་ཆེད་ལས་སློབ་སྦྱོང་བྱེད་པར་མངགས།

ཨ་རིར་སློབ་སྦྱོང་བྱེད་སྐབས་མཁས་དབང་དང་དགེ་རྒན་མི་ཉུང་བ་ཞིག་གིས་བོད་རིགས་གཞོན་ནུ་དེའི་བརྩོན་འགྲུས་ཀྱི་སྙིང་སྟོབས་དང་ཚན་རིག་ལ་འཛིན་པའི་གཟབ་ནན་གྱི་རྣམ་འགྱུར་དེ་མཐོང་ནས་ཁོ་རང་ཨ་རིར་བྱ་བ་སྒྲུབ་པའི་སློབ་གསོ་བཏང་། སློབ་མཐར་ཕྱིན་རྗེས་རང་རྒྱལ་དུ་མ་ལོག་གོང་གི་སྐར་མ་འགར་ཡང་ཨ་རིའི་རིགས་གཅིག་མཁས་ཅན་གྱིས་ཨ་རིར་སྡོད་པའི་སློབ་གསོ་ཡང་ཡང་བཏང་མོད། འོན་ཀྱང་རྡོ་རྗེ་ཡིས་ང་རང་མེས་རྒྱལ་ནས་འཚར་ལོངས་བྱུང་བ་ཡིན་པས་མེས་རྒྱལ་ལ་དགོས་མཁོ་ཆེ ”ཞེས་བློ་རྩ་བརྟན་པོས་དེ་ལྟར་བཤད།

“ཞོགས་པར་བྲོ་བཟུང་ནས་རི་བོ་འཛེག ཕྱི་དྲོ་གཏེར་རྡོ་ཁུར་ནས་ཀླུང་ལ་བབ”ཞེས་པ་ནི་བོད་ཀྱི་ས་གཤིས་ལས་དོན་པའི་འཚོ་བ་དངོས་ཀྱི་མཚོན་ཚུལ་ཞིག་རེད། རྡོ་རྗེ་ཡོད་སའི་རྩད་ཞིབ་རུ་ཁག་ནི་སྔོན་སྐྱོད་རུ་ཁག་ཡིན་པས། རྒྱུན་དུ་མི་བཞི་ལྔ་ཞིག་ས་བབ་སྨི་བཞི་སྟོང་ལྔ་སྟོང་ཙམ་གྱི་སར་རས་གུར་ཕུབས་ནས་ཟླ་བ་དྲུག་བདུན་ལ་འདུག་དགོས་ལ། གནས་དེར་མི་ཕར་ཞོག་ཕྱུགས་རིགས་ཀྱི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད།

རྡོ་རྗེས་བཤད་རྒྱུར། “ས་གཤིས་རིག་པའི་ངོ་མཚར་ནི་ཉིན་རེའི་ཞོགས་པར་ས་གཤིས་རྩད་ཞིབ་བྱེད་དུ་འགྲོ་སྐབས་སེམས་སུ་གསང་བ་རྟོགས་ཐུབ་པའི་སྒུལ་ཤུགས་འཕེལ་བ་དེ་ཡིན་པས། དཀའ་ངལ་ཅི་འདྲ་ཆེ་རུང་རེ་བ་སྔར་བཞིན་ཡོད”ཟེར།

ཕྱི་རོལ་དུ་ས་གཤིས་རྩད་ཞིབ་བྱེད་སྐབས་རྡོ་རྗེར་དཀའ་ཁག་མང་པོར་འཕྲད་མྱོང་སྟེ། མི་མེད་ལུང་སྟོང་དུ་རང་ཉིད་གཅིག་པུ་ལུས་པ་དང་། གངས་འཕྱིད་ཐེབས་པ། རི་སྟེང་ནས་རྦབ་རིལ་ཐེབས་པའི་རྨས་སྐྱོན། རི་ཉིལ་བའི་འཇིགས་སྣང་སོགས་རེད།

1996ལོར་རྡོ་རྗེས་ཉེན་ཁའི་དུས་སུ་འགན་འཁྲི་ཕྲག་ཏུ་ཁུར་ནས་ཡངས་པ་ཅིན་ དྲོད་ཚད་མཐོ་བའི་ཁྲོན་པའི་འཆར་འགོད་དང་རྩད་ཞིབ་ལས་འགན་ལྕི་མོ་ཁུར་ནས། སྔ་རྗེས་སུ་ཨར་ལས་ཁྲོད་ཀྱི་ས་འོག་ཚ་ནུས་ཆེན་པོ་འདོན་པ་དང་། སྟེང་རིམ་ཚ་ནུས་གསོག་འཇོག་གི་དྲོད་ཚད་མཐོ་བ། ས་རིམ་གས་སླ་བ་སོགས་ལག་རྩལ་གྱི་དཀའ་གནད་བསལ་ནས་ལས་གཞིར་གྲུབ་འབྲས་ཆེན་པོ་བསྐྲུན། ཡངས་པ་ཅིན་གྱི་དྲོད་ཚད་མཐོ་བའི་ཁྲོན་པ་དེ་དག་རྒྱལ་ནང་གི་དྲོད་ཚད་མཐོ་ཤོས་དང་སྔོག་འདོན་ཆོག་པའི་ས་འོག་ཚ་ནུས་ཁྲོན་པར་གྱུར་ཏེ། རང་རྒྱལ་ལ་ས་འོག་ཚ་ནུས་ཁྲོན་པ་མེད་པའི་ལོ་རྒྱུས་མཇུག་རྫོགས་པ་རེད།

རྡོ་རྗེས་རང་ཉིད་ཀྱི་ལང་ཚོ་མཚོ་བོད་མཐོ་སྒང་དུ་ཕུལ་ཏེ། བྱང་ཐང་མི་མེད་ལུང་སྟོང་ནས་བོད་ལྷོའི་རི་མཐོ་ཀླུང་གཟར་བར་གཏེར་ཁ་འཚོལ་ཕྱིར་ཁོང་གི་རྐང་རྗེས་མཐོ་སྒང་གི་རི་ཀླུང་ཐང་གསུམ་ལ་བཞག་ནས། རང་རྒྱལ་གྱི་ས་གཤིས་རིགས་པའི་གཞུང་ལུགས་གསར་གཏོད་དང་ས་གཤིས་གཏེར་འཚོལ་ལ་གྲུབ་འབྲས་ཐོབ་པར་བྱས་རྗེས་ཆེན་པོ་བཞག། ཁོ་ལ་རང་རྒྱལ་ས་གཤིས་ཚན་རིག་གི་མཚན་སྙན་མཐོ་ཤོས་ཏེ། ལི་སི་ཀོང་ས་གཤིས་ཚན་རིག་བྱ་དགའ་དང་། རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་དཔེ་ལེགས། རྒྱལ་ཡོངས་ཕུལ་བྱུང་ཆེད་ལས་ལག་རྩལ་ཤེས་ལྡན་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་མྱོང་།

ཀྲུང་གོ་བཟོ་བཀོད་ཁང་གི་ཡོན་ཧྲིར་བདམས་ཐོན་བྱུང་རྗེས། རྡོ་རྗེས་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ས་གཤིས་གཏེར་ཁ་རྩད་ཞིབ་གསར་སྤེལ་ཅུས་ཀྱི་སྤྱི་ཁྱབ་བཟོ་སྐྲུན་ཆེ་མོ་བ་དང་། རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཁང་བདག་ཁོངས་ཐོན་ཁུངས་ཐིན་གྱི་སྤྱི་ཁྱབ་བཟོ་སྐྲུན་ཆེ་མོ་བ་སོགས་ཀྱི་འགན་བཞེས་མྱོང་། རྡོ་རྗེའི་ས་གཤིས་རྩད་ཞིབ་དང་བོད་ཀྱི་ས་ཆའི་སྐོར་གྱི་བསམ་གཞིག་ཀྱང་རྒྱལ་ཁབ་ཀྱི་བྱ་གཞག་ཁྲོད་བཀོད་ཡོད།

2010ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་སྟེང་བཏོན་པའི་བོད་དེ“གལ་ཆེའི་འཐབ་ཇུས་ཐོན་ཁུངས་གསོག་འཇོག་རྟེན་གཞིར”འགྱུར་བར་བྱེད་དགོས་ཞེས་པ་དེས་རྡོ་རྗེར་སྙིང་སྟོབས་ཆེན་པོ་བསྩལ་ཏེ། ཁོང་གིས་གསོག་འཇོག་རྟེན་གཞིས་རྒྱལ་སྤྱིའི་འབྲེལ་ཡོད་གཏེར་ཁའི་ཐོན་ཁུངས་ཀྱི་རིན་གོང་གྲོས་མོལ་བྱེད་སྐབས་ཀྱི་ཀྲུང་གོའི་སྐད་ཆ་བཤད་དབང་ཇེ་ཆེར་གཏོང་ཐུབ་པའི་ངོས་འཛིན་བྱས།

དེའི་ཆེད་དུ་རྡོ་རྗེས་བརྟག་ཞིབ་གང་ལེགས་བྱས་པ་དང་། སྣེ་ཁྲིད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་བོད་ལྗོངས་ས་མཐོའི་ཐོན་ཁུངས་རྩད་ཞིབ་ལས་དོན་ལ་ཤུགས་སྣོན་བྱེད་དགོས་པའི་གྲོས་གཞི་བཏོན། རྒྱལ་ཁབ་ཀྱིས་མཚོ་བོད་ས་མཐོའི་ས་གཤིས་གཏེར་ཁའི་ཞིབ་བཤེར་དང་དཔྱད་བརྗོད་ཀྱི་ཆེད་དོན་རྣམ་གྲངས་བཙུགས་པ་དང་མིག་སྔར་ཚན་ཞིབ་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད།

རྡོ་རྗེས་བཤད་རྒྱུར། བོད་ལྗོངས་ནི་ངའི་ཕ་ཡུལ་ཡིན་པ་དང་ཕ་ཡུལ་ནས་རྒྱལ་ཁབ་ལ་ ཐོན་ཁུངས་གསོག་འཇོག་རྩད་ཞིབ་བྱེད་ཐུབ་པ་ནི་མི་ཚེ་གཅིག་གི་དགའ་འོས་པའི་བྱ་གཞག་ཅིག་ཡིན་ཟེར།

ད་སྐབས་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་རྡོ་རྗེ་ཡིས་རང་གི་ནུས་ཤུགས་དེ་བས་མང་བ་རྗེས་རབས་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་འབུལ་བཞིན་ཡོད། ཁོང་གིས་བལྟས་ན་མི་ཚང་མས་རང་ཉིད་ཀྱི་ལས་རྐང་ནས་རྒྱལ་ཁབ་དང་མི་དམངས་ལ་བྱས་རྗེས་འཇོག་རྒྱུ་ནི། ཏང་དང་རྒྱལ་ཁབ་ཀྱིས་ཁོ་ལ་སློབ་སྦྱོང་དང་ཡར་རྒྱས་ཀྱི་གོ་སྐབས་གནང་བ་ཞིག་ཡིན་པས། ཡུལ་དུས་གང་དུའང་རང་ལུས་ཀྱིས་མ་ལྕོགས་བར་འབད་པ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་དེ་རེད།

རྡོ་རྗེས་མཚོ་བོད་ས་མཐོ་ནི་སའི་གོ་ལར་ཞིབ་འཇུག་བྱེད་པའི་སྐར་ཁུང་ལྟ་བུ་ཡིན་པ་དང་ས་ཁམས་ཀྱི་སྣང་ཚུལ་མང་པོ་ཞིག་འཛམ་གླིང་གི་ས་ཕྱོགས་གང་ནས་ཀྱང་རྙེད་ཐབས་མེད་པས། ན་གཞོན་ས་གཤིས་ལས་དོན་པ་དེ་བས་མང་པོ་གངས་ལྗོངས་ས་མཐོར་གཞིས་ཆགས་ནས་བྱ་གཞག་དོན་གཉེར་བྱེད་པའི་རེ་བ་ཡོད་ཅེས་དེ་ལྟར་བཤད་བྱུང་།
 

ལོ་ཙཱ་བ།སྒྲོལ་མ་སྐྱིད།