འབྲོག་པ་མང་ཚོགས་ཀྱི་སྣེ་ཁྲིད་པ་འབྲུག་གྲགས་ཚེ་རིང་།
2017.06.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 26

ཟླ་ལྔ་པའི་ཚེས་ཉི་ཤུ་ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དོ་དམ་ཅུའུ་ཡི་ཁོར་ཡུག་གཙང་སྦྲ་ཀུང་སིའི་ར་སྐོར་ནང་དུ། འབྲུག་གྲགས་ཚེ་རིང་གིས་ཁོར་ཡུག་གཙང་སྦྲ་བྱེད་མཁན་ཚོར་ང་ཚོས་རྒྱལ་ཁབ་རིམ་པའི་དག་གཙང་གྲོང་ཁྱེར་གསར་སྐྲུན་བྱེད་པའི་ཚད་གཞིར་ལོན་ཡོད་ནའང་། ང་ཚོས་ངེས་པར་གྲུབ་འབྲས་རྒྱུན་སྲུང་བྱས་ཏེ་གད་སྙིགས་ཡོད་ཚད་གཙང་སེལ་གཙང་སྐྱེལ་བྱེད་དགོས་པ་དང་། རང་ནུས་ཡོད་དགུས་གཙང་ཞིང་གྲ་དག་ཡིན་པའི་ཡུས་ཧྲུའུ་ཁོར་ཡུག་ཅིག་བསྐྲུན་དགོས་ཞེས་བཅོལ་གདམས་བྱེད་བཞིན་མཆིས།

ཉིས་སྟོང་བརྒྱད་ལོའི་ཚུན་ལ། འབྲུག་གྲགས་ཚེ་རིང་གིས་ཡུས་ཧྲུའུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྲང་ལམ་དོན་གཅོད་ཁང་བཞི་ཡི་སྡེ་ཁུལ་བཅུ་དྲུག་གི་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་བྱ་བའི་འགན་ཁུར། སེང་ཟེ་དང་བྱ་ཤུལ། ཤེལ་མཁར་དཀར་ཡག སྐྱེ་རྒུ་བཅས་སྲང་ལམ་དོན་གཅོད་ཁང་གི་གད་སྙིགས་ཡོད་ཚད་གཙང་སེལ་གཙང་སྐྱེལ་བྱེད་པའི་བྱ་བའི་འགན་ཁུར་ཏེ་ད་ལོ་བརྩིས་ན་ལོ་དགུ་འགོར་སོང་།

ལས་ཀའི་ཉིན་སུམ་སྟོང་ལྷག་གི་རིང་ལ་ཁོས་རང་དཔེ་གཞན་སྟོན་བྱས་ཏེ་འཚོ་བའི་གད་སྙིགས་ཡོད་ཚད་ཉིན་དེར་གཙང་སེལ་གཙང་སྐྱེལ་བྱས་པ་དང་།  ཁོར་ཡུག་གཙང་སྦྲ་བྱེད་པའི་འགན་ཁུར་མི་སྣ་ཡིན་པའི་ཆ་ནས་དང་ལྷག་པར་ཡུས་ཧྲུའུ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་གཙང་སྦྲ་གྲོང་ཁྱེར་བསྐྲུན་པའི་དུང་བརྡ་གྲགས་པར་བྱས་པ་ནས་བཟུང་། ཁོ་དང་ཁོར་ཡུག་གཙང་སྦྲ་བྱེད་མཁན་ཚོས་ཡུས་ཧྲུའུ་གྲོང་ཁྱེར་གྱི་སྲང་ལམ་གྱི་ག་ས་ག་རུ་གད་སྙིགས་གཙང་སེལ་གཙང་སྐྱེལ་བྱེད་པའི་སྣང་བརྙན་བཞག་པ་ནི་བགྲང་གིས་མི་ལང་།

སྨུག་པོའི་གདོང་རས་དང་ཁྲ་རིལ་རིལ་གྱི་མིག་ཟུང་ལས་ཁམས་པའི་ཕོ་རྒོད་ཅིག་གི་གཞུང་དྲང་ཟོལ་མེད་དང་བབ་ཆགས་ཀྱི་སེམས་ཀྱི་དྭངས་ཤ་བབས་ཡོད་ལ། གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས། ལོ་ངོ་བཅུ་ཕྲག་རིང་ལ་ཉིན་གཅིག་ནང་བཞིན་འབྲུག་གྲགས་ཚེ་རིང་གིས་རང་ཉིད་ཀྱི་ལག་ལེན་དངོས་ཀྱིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་ཞེས་པའི་དམིགས་ཡུལ་ལག་བསྟར་བྱེད་བཞིན་ཡོད།

ཁོང་ནི་ཡུས་ཧྲུའུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྲང་ལམ་དོན་གཅོད་ཁང་བཞི་ཡི་སྡེ་ཁུལ་བཅུ་དྲུག་གི་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་བྱ་བའི་འགན་ཁུར་པ་ཡིན་པར་མ་ཟད། ད་དུང་བཀྲ་ཤིས་དར་ཐང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་། སྡེ་བའི་ཕྱུག་བསྒྱུར་གྱི་སྣེ་ཁྲིད་པའང་རེད། སྡེ་བ་འདིའི་ཐུན་མོང་དཔལ་འབྱོར་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་ཁོས་འབྲོག་པ་མང་ཚོགས་སྣེ་ཁྲིད་དེ་ཕྱུག་བསྒྱུར་ཡོང་འཕར་བྱས་ཏེ་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་བཟང་བའི་ཕྱོགས་སུ་བསྒྱུར་ཅི་ཐུབ་ཀྱིས་མངོན་འགྱུར་བྱས།
 

སྡེ་བ་དེ་ནི་དུད་ཁྱིམ་ཉིས་བརྒྱ་དང་མི་དྲུག་བརྒྱ་ལྷག་ཡོད་པའི་བོད་སྡེ་ཞིག་ཡིན་པ་དང་། དཔེ་མཚོན་ཅན་གྱི་མི་གྲངས་མང་ལ་ས་ཞིང་ཉུང་བ་ཡི་གྲོང་ཁྱེར་ཉེ་འདབས་ཀྱི་སྡེ་བ་ཞིག་ཡིན། ལོ་འདི་འགའི་རིང་ལ་གྲོང་ཁྱེར་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་བཀྲ་ཤིས་དར་ཐང་སྡེ་བས་ཐོན་སྐྱེད་འཕེལ་སྟངས་བསྒྱུར་ཏེ་ས་ཁོངས་དང་གནས་ཡུལ་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱུན་ཆད་མེད་པར་ཐོན་ལས་གསུམ་པ་འཕེལ་རྒྱས་སུ་བཏང་བ་བརྒྱུད་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་རྒྱ་ཆེ་རུ་བསྐྱེད། ཧུར་ཐག་འབད་ཐག་གིས་འབྲོག་པ་མང་ཚོགས་ཀྱིས་ཐོན་སྐྱེད་འཕེལ་སྟངས་བསྒྱུར་བར་ཁྲིད་སྟོན་བྱས་ཏེ་ཕྱུག་བསྒྱུར་དང་ཡོང་སྒོ་ཇེ་མང་དུ་འཕར་བ་མངོན་འགྱུར་བྱུང་།

ཉིས་སྟོང་བཅུ་གཉིས་ལོའི་ཚུན་ལ། གནོད་ཕྱིའི་བསྐྱར་སྐྲུན་གྱི་དམངས་ཕན་སྲིད་ཇུས་སྣ་ཚོགས་སྤེལ་བའི་སྐབས་དང་བསྟུན་ཏེ། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་གི་སྣེ་ཁྲིད་འོག བཀྲ་ཤིས་དར་ཐང་སྡེ་བས་དངུལ་བུན་བསྐྱིས་པ་དང་སྲིད་གཞུང་གི་ཁ་གསབ་མ་དངུལ་རེ་ཞུ་བྱས་པ་བཅས་ཀྱིས་མ་དངུལ་གྲབས་གསོག་བྱས་ཏེ། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སྟོང་ལྔ་ཡོད་པའི་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཞིང་ཕྱུགས་ཐོན་རྫས་ཉོ་ཚོང་ཚོང་ར་ཞིག་གསར་འཛུགས་བྱས་པ་དང་།ཉིས་སྟོང་བཅུ་དྲུག་ལོའི་ལོ་མཇུག་ཏུ་བགོ་བཤའ་བརྒྱབ་པའི་ཁེ་སྤོགས་མ་དངུལ་ནི་སྒོར་ཁྲི་བརྒྱ་དང་ཉེར་བརྒྱད་ལ་སླེབས་ཡོད་པ་རེད།

ད་ལོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏན་ཏན་ཏིག་ཏིག་བཞི་ཡི་བླང་བྱ་གལ་ཆེན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། བསྒྱུར་དགོས་པ་བཞི་ཡི་རིགས་ལམ་གསར་པ་དངོས་འབེབས་བྱེད་པའི་ཁྲོད་དུ། བཀྲ་ཤིས་དར་ཐང་སྡེ་བ་ལྷག་ཏུ་སྔོན་གྲལ་དུ་ཚུད་ཡོད། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་གྲོས་བསྡུར་བྱས་པ་བརྒྱུད་ཐོན་ལས་ཀྱིས་ཕྱུག་བསྒྱུར་བྱེད་པའི་ལམ་དུ་བསྐྱོད་པའི་ཡིད་ཆེས་སྔར་ལས་ཀྱང་སྲ་བརྟན་དུ་བཏང་། ཁོ་ཚོས་བཀྲ་ཤིས་དར་ཐང་སྡེ་བའི་ཞིང་ཕྱུགས་ལས་མཉམ་ལས་ཁང་བཙུགས་ཏེ། གྲོང་ཁྱེར་ཐོན་ལས་རྐང་ཚུགས་སར་བྱས་ཏེ་འཕེལ་རྒྱས་ལ་སྙེག་པ་དང་ཆབས་ཅིག ཧུར་ཐག་འབད་ཐག་གིས་སྔར་ཡོད་ཞིང་ཕྱུགས་ཐོན་རྫས་ཉོ་ཚོང་ཚོང་ར་དེ་རིམ་སྤར་བསྒྱུར་བཀོད་བྱས་ཏེ། ཡུས་ཧྲུའུ་གྲོང་ཁྱེར་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱོགས་བསྡུས་ཚོང་ར་ཞིག་ཏུ་བསྐྲུན་ནས། རྒྱུན་ཆད་མེད་པར་ཚོང་གཉེར་གཞི་ཁྱོན་ཆེ་རུ་བཏང་སྟེ་ཁེ་སྤོགས་སྔར་ལས་མང་བ་ལེན་ཐབས་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། སྐར་མ་མཚོ།