གཙང་གསུམ་མགོ་ཁུངས་ལ་ལྗང་སྒྱུར་བྱེད་མཁན།
2017.06.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་ལྔ་བའི་ཡུས་ཧྲུའུ་མཐོ་སྒང་དུ་སྐྱེ་དངོས་ཐམས་ཅད་ལ་སླར་ཡང་ལྗང་མྱུག་རྒྱས་བྱུང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་སྐྱེ་རྒུ་གྲོང་རྡལ་དུ་སོང་བ་ན། གྲལ་དག་པའི་སྲང་ལམ་ཆེན་མོ་རུ། ཆེས་མིག་དབང་འཕྲོག་པ་ནི་སྲང་ལམ་འགྲམ་གཉིས་སུ་སྡོང་མྱུག་གསར་པ་རྒྱས་པ་དང་། ད་དུང་ལི་ཤིའི་མེ་ཏོག་གི་འཛུམ་བུ་གྲོལ་ལ་ཉེ་ཞིང་། སྐྱེ་རྒུ་གྲོང་རྡལ་གྱི་ལྷོ་བྱང་གི་རི་ངོས་སུ་ཐང་ཤིང་གི་ལོ་འདབ་ཀྱང་སྔོ་ལྗང་ངེར་འབུས་ཡོད་པ་དག་ཡིན་ལ། དེ་དག་ནི་ད་ལྟའི་ཡུས་ཧྲུའུ་ཡི་ས་གཞི་ཆེན་མོ་དང་འདྲ་བར། རེ་བ་དང་གསོན་ཉམས་ཀྱིས་ཁེངས་ཡོད།

ཡུས་ཧྲུའུ་ལ་ཆ་རྒྱུས་ཡོད་པའི་མི་ཚང་མས་ཤེས་ངེས་ཏེ། ས་བབ་མཐོ་བའི་དབང་གིས། སྔོན་ཆད་སྐྱེ་རྒུ་གྲོང་རྡལ་གྱི་སྔོ་ཁེབས་སྣ་གཅིག་ཡིན་ཞིང་། ཆེས་རྒྱུན་དུ་མཐོང་བ་ནི་སྦྱར་སྡོང་རེད། འོན་ཀྱང་ད་ལྟའི་སྐྱེ་རྒུ་གྲོང་རྡལ་དུ་སྦྱར་སྡོང་མཐོང་ཐུབ་པར་མ་ཟད། ད་རུང་ལི་ཤིའི་སྡོང་པོ་དང་མཚོ་སྔོན་ཐང་ཤིང་སོགས་རིགས་སྣ་མང་བའི་ཤིང་སྡོང་ཡང་ས་དེར་སྐྱེས་ཏེ་རྩ་བ་ཚུགས་ཤིང་ལོ་འདབ་རྒྱས་ཡོད།

དེ་དག་གླེང་ཚེ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནགས་ལས་ཅུའུ་ནགས་ལས་ཚན་ཁག་གི་ཚན་གཙོ་ཚེ་བརྟན་ངེས་པར་དུ་གླེང་དགོས། ཚེ་བརྟན་ཐོག་མར་མཐོང་སྐབས་ནི་ཁུལ་ནགས་ལས་ཅུའུ་ཡི་གཞུང་ལས་ཐོག་ཁང་གི་ནང་ཡིན། ལུས་ལ་བབ་ཆགས་པའི་ལྭ་བ་ཞིག་གྱོན་ཡོད་ལ། སྐྲ་འདབས་དཀར་པོར་ལོག་འདུག ཡིན་ནའང་ཞིབ་ཏུ་བཅར་འདྲི་བྱས་པའི་རྗེས་སུ། 1979ལོར་སྐྱེས་པའི་ཚེ་བརྟན་ནི་ད་རུང་རྒས་འཁོགས་ཀྱི་ལོ་ཚད་དུ་བསླེབ་མེད་པ་ད་གཟོད་ཤེས་བྱུང་། མི་ལ་ལས་ཁོ་རང་ཀླད་དམར་དུ་གྱུར་བ་ཁྱིམ་རྒྱུད་ཀྱི་རྒྱུད་དེད་པ་རེད་ཞེས་ཟེར་སྲིད་ལ། འོན་ཀྱང་ཁམས་པའི་བུ་རྒོད་ཁོང་གི་ཁྱིམ་གྱི་ཕ་མ་ཚང་མའི་སྐྲ་ཧ་ཅང་མཐུག་པོ་རེད། དོན་ངོ་མར། ཚེ་བརྟན་གྱི་ཀླད་སྐྲ་མེད་པ་དེ་སྐྱེ་རྒུ་གྲོང་རྡལ་གྱི་ལྷོ་བྱང་གི་རི་ངོས་སུ་སྡོང་རྐང་འབུམ་ལྷག་གི་མཚོ་སྔོན་ཐང་ཤིང་བཙུགས་པ་དང་སྐྱེ་རྒུ་གྲོང་རྡལ་གྱི་གཞུང་ལམ་གཡས་གཡོན་དུ་སྡོང་མྱུག་གསར་པ་རྒྱས་བཞིན་པ་དང་འབྲེལ་བ་དམ་པོ་མཆིས།

1997ལོར་ལས་ཀར་ཞུགས་པའི་རྗེས་སུ། ཚེ་བརྟན་ཡུས་ཧྲུའུ་ཡི་སྐྱེ་ཁམས་འཛུགས་སྐྲུན་དང་ཁ་བྲལ་ཐབས་མེད་པར་གྱུར། ཁོ་རང་སྔ་གཞུག་ཏུ་ཡུས་ཧྲུའུ་ས་གནས་ཀྱི་རྨོ་བསྐྱུར་ནགས་སྐྱོང་རྩྭ་འདེབས་དང་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་བཟོ་འགོད། ཡུས་ཧྲུའུ་རང་བྱུང་ནགས་ཚལ་སྲུང་སྐྱོབ་སོགས་ཀྱི་གནད་སའི་བཟོ་སྐྲུན་ཀུན་ལ་ཞུགས། རྒྱལ་ཁབ་ཀྱིས་སྐྱེ་ཁམས་འཛུགས་སྐྲུན་ལ་རེ་བ་སྔར་ལས་མཐོ་བ་དང་བསྟུན་ནས། ཁོའི་བྱ་བ་ཡང་སྔར་ལས་བྲེལ་འཚུབ་ཇེ་ཆེ་རུ་གྱུར། འོན་ཀྱང་། ཁོ་རང་ལ་མཚོན་ནས་བཤད་ན། དེ་དག་ནི་རྒྱུན་ལྡན་གྱི་བྱ་བར་གྱུར་ཡོད།

ཡུས་ཧྲུའུ་ཡི་གནོད་ཤུལ་བསྐྱར་སྐྲུན་ཕྱོགས་ཡོངས་ནས་མགོ་བརྩམས་པའི་ཚུན་ལ། ཁོའི་བྱ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བའི་འགྱུར་ལྡོག་བྱུང་། གནོད་ཤུལ་བསྐྱར་སྐྲུན་གྱི་འཆར་འགོད་གཞིར་བཟུང་ནས། སྐྱེ་རྒུ་གྲོང་རྡལ་གྱི་མངའ་ཁུལ་དུ་རྗེན་ས་གཅིག་ཀྱང་མི་བསྐྱུར་བར། སྐྱེ་རྒུ་གྲོང་རྡལ་གྱི་ལྷོ་བྱང་གི་རི་ངོས་སུ་ཡང་ཕྱོགས་ཡོངས་ནས་ལྗང་སྒྱུར་བྱེད་དགོས། ཚེ་བརྟན་ནི་ནགས་ལས་ཚན་ཁག་གི་འགན་ཁུར་པ་ཡིན་པའི་ཆ་ནས། ཕྱོགས་ཡོངས་ནས«ཡུས་ཧྲུའུ་ས་ཡོམ་གྱི་གནོད་ཤུལ་སླར་གསོ་བསྐྱར་སྐྲུན་སྐྱེ་ཁམས་ཉམས་གསོ་ཆེད་དམིགས་འཆར་འགོད»དང«ཡུས་ཧྲུའུ་སྐྱེ་རྒུ་གྲོང་རྡལ་ནགས་སྐྲུན་ལྗང་སྒྱུར་ལས་གཞི་ལག་བསྟར་ཇུས་གཞི»«ཡུས་ཧྲུའུ་གནོད་ཤུལ་བསྐྱར་སྐྲུན་ཞང་གྲོང་བཅུ་དགུ་ཡི་སྡེ་བའི་རྣམ་པ་འཛུགས་སྐྲུན་བཟོ་འགོད་ཀྱི་ནགས་སྐྲུན་ལྗང་སྒྱུར་ལས་གཞི་ལག་བསྟར་ཇུས་གཞི»སོགས་ཡུས་ཧྲུའུ་ཡི་གནོད་ཤུལ་སླར་གསོ་བསྐྱར་སྐྲུན་ནགས་ལས་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པའི་ཇུས་གཞི་འཆར་འགོད་བྱེད་པའི་ནང་ཞུགས། ཁོས་བཤད་རྒྱུར། 2012ལོར། འཆར་འགོད་དེ་དག་འབྲི་བའི་སྐབས་སུ། དུས་ཚོད་བྲེལ་ཞིང་ལས་འགན་ལྕི་བའི་དབང་གིས། དུས་ཡུན་རིང་བོ་ཞིག་ལ། ཁོ་རང་དགོང་མོ་ནམ་གུང་བར་དུ་ལས་སྣོན་བྱས་ཤིང་། ཉིན་གཉིས་པར་ཡང་ཞོགས་པའི་དུས་ཚོད་དྲུག་བདུན་གྱི་སྟེང་ནས་མལ་ལས་ལངས་དགོས་པ་བྱུང་། སྐབས་དེ་ནས་བཟུང་སྟེ། ཁོའི་མགོ་ཡི་སྐྲ་ལོ་ཡང་ཇེ་ཉུང་ནས་ཇེ་ཉུང་དུ་སོང་།

2013ལོར། སྐྱེ་རྒུ་གྲོང་རྡལ་ལྗང་སྒྱུར་བཟོ་འགོད་དངོས་སུ་ལག་བསྟར་གྱི་དུས་རིམ་དུ་ཞུགས། ཤིང་རིགས་ཀྱི་གསོན་ཚད་ལ་ཁག་ཐེག་བྱེད་པའི་ཆེད་དུ། ཁོ་ཚོས་སྔ་གཞུག་ཏུ་ཐེངས་གང་མང་ལ་འབྲེལ་ཡོད་ཀྱི་ཆེད་མཁས་པ་གདན་འདྲེན་ཞུས་ནས་ཡུས་ཧྲུའུ་ཡུལ་དངོས་སུ་ཕྱིན་ཏེ་ལྟ་ཞིབ་བྱས་པར་མ་ཟད། སྦྱར་སྡོང་དང་མཚོ་སྔོན་ཐང་ཤིང་། ལི་ཤིའི་སྡོང་པོ་སོགས་ཤིང་རིགས་གཙོ་བོ་གཏན་འཁེལ་བྱས། ཚེ་བརྟན་གྱིས་བཟོ་པ་རྣམས་ལ་བཀོད་འདོམས་བྱས་ཏེ་སྲང་ལམ་འགྲམ་གཉིས་སུ་སྡོང་པོ་འཛུགས་པའི་དུས་ན། ས་དེ་གའི་མང་ཚོགས་ཀྱིས་ཁོ་ཚོས་འཛུགས་པ་ནི་མགོ་རྗེན་རྗེན་གྱི་སྦྱར་སྡོང་ཡིན་པ་མཐོང་ནས། སེམས་གཏིང་ནས་འདང་མ་ཕོག

དོགས་འདྲིའི་ཁྲོད་དུ། ཚེ་བརྟན་ཡང་སྡོང་པོ་དེ་དག་གསོན་མི་ཐུབ་པར་ཐེ་ཚོམ་སྐྱེས་མྱོང་། རྒྱུ་མཚན་ནི་དེའི་སྔོན་ལ། སྐྱེ་རྒུ་གྲོང་རྡལ་དུ་དེ་འདྲའི་རྒྱ་ཁྱོན་ཆེ་བའི་སྡོང་འཛུགས་ནགས་སྐྲུན་གྱི་ལོ་རྒྱུས་ཡོད་མ་མྱོང་བས་རེད། ཡིན་ན་ཡང་། ལོ་དེའི་དཔྱིད་ཀ་སླེབས་དུས། མགོ་རྗེན་རྗེན་གྱི་སྦྱར་སྡོང་ཚང་མར་ལྗང་མྱུག་གསར་པ་རེ་གཉིས་འབུས་ཤིང་། ཚེ་བརྟན་ཁོ་རང་མི་ཀུན་གྱིས་འཕྱ་དགོད་བྱེད་ཡུལ་དུ་གྱུར་ལ། ཐར་ཐོར་གྱི་ལྗང་མྱུག་དེ་དག་ཁོའི་མགོ་ཡི་སྐྲ་ལོ་དང་ཨ་ན་མ་ན་རེད་ཟེར། ཀུ་རེ་དེ་དག་བཤད་ཀྱང་ཚེ་བརྟན་ཁོང་ཁྲོ་མི་ལངས་བ་མ་ཟད། དེ་ལས་ལྡོག་སྟེ་དགའ་སྤྲོ་སྐྱེས་བཞིན་ཡོད། རྒྱུ་མཚན་ནི་གསར་དུ་འབུས་པའི་མྱུ་གུ་དེ་དག་གིས་ཁོ་ཚོའི་བྱེད་ཐབས་ལ་ཕན་ནུས་ཐོབ་པ་བདེན་དཔང་བྱས།

ད་ལྟ། སྐྱེ་རྒུ་གྲོང་རྡལ་གྱི་སྲང་ལམ་ཆེན་མོ་རུ་བསྐྱོད་པ་ན། སྲང་ལམ་འགྲམ་གཉིས་སུ་ཡལ་འདབ་རབ་ཏུ་རྒྱས་པའི་སྡོང་མྱུག་གང་མང་མཐོང་ཐུབ་པ་དང་། སྐྱེ་རྒུ་གྲོང་རྡལ་གྱི་ལྷོ་བྱང་གི་རི་ངོས་སུ་སྡོང་མྱུག་གསར་པ་རྒྱས་བཞིན་པའི་མཚོ་སྔོན་ཐང་ཤིང་དག་གིས་མཛེས་སྡུག་ཡིད་འོང་གི་ཡུལ་ལྗོངས་སྐྱིད་པོ་ཉམས་དགའ་བ་ཞིག་གྲུབ་ཡོད་པས། སྐྱེ་རྒུ་གྲོང་རྡལ་གྱི་རྩྭ་མེད་པའི་ས་ངོས་ཚང་མ་རྩི་ཤིང་ལོ་འདབ་ཀྱིས་སྔོ་ལྗང་ངེར་ཁེབས་ཡོད།
སྡོང་འཛུགས་ནགས་སྐྲུན་གྱི་ཕྱོགས་ནས་འབུར་དུ་ཐོན་པའི་བྱས་རྗེས་བཞག་ཡོད་པའི་རྐྱེན་གྱིས། ཚེ་བརྟན་ལ་སྔ་གཞུག་ཏུ་རང་ཞིང་གི་སྔོན་ཐོན་བསྐྲུན་པ་དང་ཕུལ་བྱུང་བརྩོན་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་རྒྱལ་ཁབ་པུའུ་ཨུ་བཞི་ཡིས་བདམས་པའི་ཡུས་ཧྲུའུ་ས་ཡོམ་གྱི་གནོད་ཤུལ་སླར་གསོ་བསྐྱར་སྐྲུན་གྱི་སྔོན་ཐོན་མི་སྣ། རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་གིས་བདམས་པའི“རྒྱལ་ཡོངས་ལྗང་སྒྱུར་བྱ་དགའི་གཟེངས་རྟགས”དང་ཡུས་ཧྲུའུ་ཁུལ་ཨུས་བསྩལ་པའི“ཕུལ་དུ་བྱུང་བའི་ཏང་དོན་ལས་བྱེད་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་གང་མང་ཐོབ་མྱོང་། ཚེ་བརྟན་ནི་ཡུས་ཧྲུའུ་ཁུལ་ནགས་ལས་བྱ་བའི་མི་རིགས་ལས་བྱེད་མི་སྣའི་ཁྲོད། ནགས་ལས་མཐོ་རིམ་བཟོ་སྐྲུན་གྱི་ལས་གནས་ཐོབ་མཁན་དང་པོ་ཡིན་ལ། ཡུལ་ཧྲུའུ་ཁུལ་གྱི“རྒྱལ་ཡོངས་ལྗང་བསྒྱུར་བྱ་དགའི་གཟེངས་རྟགས”ཐོབ་མཁན་གྱི་མི་སྣ་རེད།

ཡིན་ནའང་། ཚེ་བརྟན་གྱིས་བཤད་ན་སྐྱེ་རྒུ་གྲོང་རྡལ་དུ་ལྗང་སྒྱུར་བྱེད་པའི་གོ་རིམ་ཁྲོད་བླངས་པའི་གྲུབ་འབྲས་དག་ལས་བྱས་རྗེས་མང་ཆེ་བ་ཐུན་མོང་གིས་མཉམ་དུ་བླངས་པ་ཡིན་ཟེར། ཁོས་བཤད་རྒྱུར། ཡུས་ཧྲུའུ་ནི་རྒྱལ་ཁབ་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཁུལ་གྱི་ལྟེ་གནས་ཡིན་པའི་ཆ་ནས། སྲིད་གཞུང་ལས་ཁུངས་ཡིན་ནའང་འདྲ། སྤྱིར་བཏང་གི་མང་ཚོགས་ཡིན་ནའང་འདྲ། ལྗང་མདོག་ལ་སུས་ཀྱང་བླ་ན་མེད་པའི་གུས་སེམས་ཕུལ་བ་དང་། སྡོང་འཛུགས་དང་སྡོང་སྲུང་གི་ཧུར་སེམས་ཆེ་རུ་སོང་ཡོད། 2017ལོར། ཡུས་ཧྲུའུ་ཁུལ་གྱིས་བསྡོམས་པས་ས་ཁྱོན་སྤྱི་ཆིང་སྟོང་གཅིག་དང་དྲུག་བརྒྱ་ཞེ་བཞི་ལྷག་ལ་ནགས་སྐྲུན་བྱས་པ་དང་། སྡོང་ཕྲུག་སྤྱི་ཆིང་སྟོང་གཅིག་དང་ཉིས་བརྒྱ་གསོ་སྐྱོང་བྱས་ལ། སྡོང་རྐང་འབུམ་གསུམ་ལྷག་འོས་འགན་སྡོང་འཛུགས་བྱས་ཡོད།

ད་ལྟ། སྐྱེ་རྒུ་གྲོང་རྡལ་དུ་ཡུས་ཧྲུའུ་མཐོ་སྒང་མུའུ་སྟོང་གི་སྡོང་ཕྲུག་གསོ་སྤེལ་ཚོད་ལྟའི་རྟེན་གཞི་བཙུགས་ཡོད་པ་དང་། དེས་ས་གནས་ཀྱི་སྡོང་འཛུགས་ནགས་སྐྲུན་གྱི་མ་རྩ་ཇེ་ཉུང་དུ་བཏང་ཡོད་པ་མ་ཟད་གསོན་ཚད་ཇེ་མཐོར་བཏང་ཡོད། ཁྲི་འདུ་རྫོང་ཞེའུ་གྲོང་རྡལ་ནས་སྐྱེ་རྒུ་གྲོང་རྡལ་སེང་མཛེས་བར་གྱི་ལྗང་བསྒྱུར་བར་འཁྱམ་བཟོ་སྐྲུན་མགོ་བརྩམས་ཡོད། བཅར་འདྲིའི་གོ་རིམ་ཁྲོད། ང་ཚོས་ཤེས་གསལ་ལྟར་ན། ཡུས་ཧྲུའུ་ཡིས་སྡོང་འཛུགས་ནགས་སྐྲུན་གྱི་ཚ་རླབས་བསླངས་བ་དང་། ཚེ་བརྟན་ནི་དེའི་ཁྲོད་ཀྱི་མི་སྣ་གཅིག་ཡིན་ལ། མི་རྣམས་ལ་སྣེ་ཁྲིད་དཔེ་སྟོན་གྱི་བྱེད་ནུས་ཐོན་ཡོད། དེ་བས། ཚེ་བརྟན་རང་ཞིང་གི་ཏང་གི་ཐེངས་བཅུ་གསུམ་པའི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རུ་བདམས་ཡོད་པ་དང་། ཁོས་ཀྱང་དེ་སྒུལ་ཤུགས་སུ་བརྩིས་ནས། སྔར་ལས་ལྷག་པའི་སྒོ་ནས་སེམས་ཤུགས་དང་ནུས་ཤུགས་ས་གནས་ཀྱི་སྡོང་འཛུགས་ནགས་སྐྲུན་གྱི་བཟོ་སྐྲུན་ཁྲོད་འབུལ་རྒྱུ་རེད།

ལོ་ཙཱ་བ། ཤ་བོ་རིན་མཚོ།