ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཆུ་ཞང་ཝ་གཞུང་སྡེ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་། ཁོར་ཡུག་མཛེས་སྡུག་དང་། འཚོ་བ་འབྱོར་ཕྱུག་ལྡན་པར་གྱུར་ལ། ཐར་ཐོར་ངང་སྡོད་པའི་སྦྲ་གུར་རྣམས་ད་ལྟ་དྭངས་ཤིང་གསལ་བའི་སོ་ཕག་གི་ཁང་པར་གྱུར་ཡོད་པ་དང་། ཀྱག་ཀྱོག་མི་སྙོམས་པའི་ས་ལམ་དེ་ཡངས་པའི་བྱེ་ཟགས་ཀྱི་གཞུང་ལམ་དུ་གྱུར་ཡོད་པ་རེད།
ཚུལ་ཁྲིམས་རྒྱ་མཚོ་ཚང་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཆུ་ཞང་ཝ་གཞུང་སྡེ་བར་ཡོད་པ་དང་། ཚུལ་ཁྲིམས་རྒྱ་མཚོ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འབོལ་ཁྲིའི་སྟེང་བསྡད་དེ་འོ་ཇ་ཚ་མོ་འཐུང་ཞོར་སེམས་ནས་བརྗོད་མི་ཚར་བའི་བདེ་སྐྱིད་ཀྱི་འཚོ་བ་དེ་གླེང་བྱུང་།
ཚུལ་ཁྲིམས་རྒྱ་མཚོས་བཤད་རྒྱུར། འདས་པའི་ལོ་ཟླར་ཕྱིར་འདང་ཞིག་བརྒྱབ་ན། ངོ་མ་ཡིད་སེམས་སྐྱོ་བ་ཞིག་རེད། སྐབས་དེར་འཐུང་ཆུ་ཧ་ཅང་དཀའ་བ་དང་། དགུན་ཁར་ཐོན་ན། ལུང་བའི་ནང་གི་ཆུ་བཞུར་ཡོང་རྒྱུ་མེད་པས། སྤྱི་ལེ་བཅུ་ལྷག་གི་རྨ་ཆུའི་འགྲམ་དུ་ཆུ་ལེན་པར་འགྲོ་བཞིན་ཡོད་པ་དང་། དགུན་ཁར་ཆུ་འགྲམ་ཧ་ཅང་འཁྱག་པས་གྲང་ངར་རུས་རྐང་ལ་ཟུག ངའི་རྐང་ལག་བཞི་བོར་ཐེངས་འགར་འཁྱག་ཤི་ཐེབས་ནས་ཚོར་བ་ཀྱང་མེད་པར་གྱུར་མྱོང་། ཆུ་ལེན་འདོད་ཀྱང་ཆུ་ངོས་སུ་ཆབ་རོམ་མཐུག་པོ་ཆགས་པའི་རྐྱེན་གྱིས་ཆབ་རོམ་ལེབ་མོ་ལེབ་མོ་བྱས་ནས་ཁུར་ཡོང་སྟེ་ཁྱིམ་ནས་ཞུ་རུ་བཅུག་རྗེས་ད་གཟོད་འཐུང་ཆུ་བྱས་ནས་འཐུང་བཞིན་ཡོད། ཁངས་བབས་ན་ཁངས་ཞུ་རུ་བཅུག་རྗེས་འཐུང་ཆུ་བྱེད་བཞིན་ཡོད། ཁྱིམ་མི་གང་བོས་ཆུའི་ཐིགས་པ་གཅིག་ཀྱང་ཆུ་ཟོས་སུ་གཏོང་ཐུབ་ཀྱིན་མེད་ལ། དགུན་ཁར་ཉིན་རེར་ཐེངས་རེར་ཀྱང་ངོ་གདོང་བཀྲུ་ཐུབ་བཞིན་མེད་ཟེར།
ལོ་འགའ་འགོར་རྗེས། རྨི་ལམ་དུའང་རྨིས་མ་མྱོང་བའི་དོན་ཞིག་བྱུང་བ་ནི་གནས་ངེས་མེད་ངང་སྡོད་བཞིན་པའི་ཁོ་ཚོར་རང་ཉིད་ལ་དབང་བའི་ཁང་བ་ཡོད་པར་མ་ཟད། ད་དུང་འཐུང་ཆུ་དཀའ་བའི་གནད་དོན་ཡང་ཐག་གཅོད་བྱས་ལ། ཁྱིམ་ཚང་ཚང་མར་དོང་ཆུ་ཡོད་པས། ཆུ་གང་འདོད་དུ་བཀོལ་ཀྱང་ཆོག་པས། དགུན་ཁར་ཆུའི་དཀའ་ངལ་མྱངས་མི་དགོས་པར་གྱུར་ཅིང་། ཁོ་རང་ད་དུང་སྐྱེ་ཁམས་ལྟ་སྲུང་པ་བྱས་ཡོད་པ་དང་། ཟླ་རེར་སྒོར་མོ་སྟོང་གཅིག་དང་བརྒྱད་བརྒྱའི་ཟླ་ཕོགས་ལེན་བཞིན་ཡོད་ཟེར།
ཁོས་ལག་གཡོན་པས་བུ་མོའི་མགོ་ལ་བྱིལ་བྱིལ་བྱེད་བཞིན་བཤད་རྒྱུར། ད་ལྟ་བུ་མོའི་སེམས་ཀྱི་སེམས་ཁྲལ་དེ་སེལ་བྱུང་། སྔོན་ཆད་བུ་མོས་ང་ལ་མོ་རང་རི་ཁུལ་འདི་ནས་སྒོ་ཕྱི་ལ་བསྐྱོད་དེ་སློབ་གྲྭ་ཆེན་མོ་འགྲིམས་འདོད་པ་དང་། ཕྱུགས་འཚོས་ནས་འཚོ་བ་རོལ་འདོད་མེད་ཅེས་རྒྱུན་དུ་བཤད་མྱོང་། ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཆེ། ཏང་གི་སྲིད་ཇུས་བཟང་པོ་མེད་ན། ངའི་བུ་མོ་སྔ་མོ་ནས་སློབ་གྲྭར་བསྐྱོད་ཐུབ་མེད། གཟའ་འཁོར་སྔོན་མར་བུ་མོའི་སློབ་གྲྭ་ནས་ཁྱིམ་བདག་ཚོགས་འདུ་བསྡུས་པ་དང་། ང་རང་ཁྱིམ་བདག་ཚོགས་འདུར་ཞུགས། སློབ་གྲྭར་ཐོན་པ་ན། སློབ་གྲྭའི་ཕྱོགས་བཞི་བོ་ཐོག་ཁང་དམར་པོ་ཡིན་པ་དང་། སློབ་ཁྲིད་ཐོག་ཁང་ནང་དུ་ཅོག་ཙེ་གསར་བ་སྒྲིག་ཡོད་པ་དང་། དཀར་ཞིང་གཙང་བའི་པང་ལེབ་བཏིངས་ཡོད་པས། ངའི་མིག་ཀྱང་འཁྲུལ་བར་བྱས་བྱུང་། ཁོར་ཡུག་འདི་འདྲའི་བཟང་ཡང་། སྒོར་མོ་སྐར་གང་ཡང་སྤྲོད་མི་དགོས་པས། ངོ་མ་ཡིད་ཆེས་དཀའ་ཞིང་དགའ་འོས་པའི་དོན་ཞིག་རེད་ཟེར།
ལོ་འགའི་སྔོན་ལ། ཚུལ་ཁྲིམས་རྒྱ་མཚོས་གནས་ངེས་མེད་ངང་ཕྱུགས་འཚོ་བར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པ་དང་། འཚོ་བའི་ཆ་རྐྱེན་ཅུང་བཟང་པའི་ཁྱིམ་ཚང་གིས་ད་གཟོད་བྱིས་པ་སློབ་གྲྭར་བསྐྱལ་བཞིན་ཡོད། ཁོ་རང་སྡོད་སའི་ས་ཆར་ངེས་གཏན་གྱི་སློབ་གྲྭ་ཞིག་མེད་པ་དང་། འདི་འདྲའི་སློབ་གྲྭའི་སྒྲིག་ཆས་བཟང་པོ་ཞིག་ཀྱང་མེད་པ་རེད།
ཁོའི་དྲན་པའི་མེ་ལོང་སོང་སུ། ལོ་དེར་སྦྲ་གུར་སློབ་ཆུང་ཞིག་ཡོད་པ་དང་། འཛིན་གྲྭའི་ནང་དུ་སློབ་མ་བཅུ་མ་གཏོགས་མེད་པ་རེད། སྐབས་དེར། ང་ཚོས་ཕྱུགས་ཟོག་ཁོ་ན་འཚོ་དགོས་པས་རི་ཁུལ་དུ་ཡོད་པ་དང་། ཉིན་གཅིག་གི་རིང་ལ་ལོ་གཅིག་གི་དུས་བཞིའི་ནམ་ཟླའི་འགྱུར་བར་འཕྲད་པ་ནི་ཉིན་རྒྱུན་གྱི་སྣང་ཚུལ་ཞིག་རེད། ཁངས་ཆེན་བབས་པར་འཕྲད་ན་བབ་ཆགས་ཀྱི་སྦྲ་གུར་ནང་དུ་ཤེས་བྱར་སྦྱངས་འདོད་ཀྱི་རེ་བ་སྐོམ་པའི་ཆུ་འདོད་དུ་ཡོད་པའི་བྱིས་པ་བཅུ་ཕྲག་འགས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་ཨོང་བ་འབུད་པར་བརྟེན་ནས་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། མཇུག་མཐར་བྱིས་པ་བཅུ་བོའི་ཁྱིམ་ཚང་ལ་དཀའ་ངལ་ལ་འཕྲད་པའི་རྐྱེན་གྱིས་སློབ་གྲྭ་ནས་ཕྱིར་འབུད་བྱས་པ་རེད།
སྐབས་དེར། ཚུལ་ཁྲིམས་རྒྱ་མཚོའི་བཟའ་ཟླ་ཡིས་སྐད་ཆ་ཚིག་གཅིག་བཤད་བྱུང་། ས་ཆ་གང་དུ་སོང་ཡང་རང་ཉིད་ཀྱི་སྒོ་ཁ་ནས་སྒོར་མོ་བཙལ་སླ་བ་ལྟ་བུ་ཞིག་མེད་པ་རེད་ཟེར།
དགའ་འོས་པ་ཞིག་ལ་ཉེ་བའི་ལོ་འགའི་རིང་ལ། རྨ་སྟོད་རྫོང་ལ་ཉིན་རེ་ནས་ཉིན་རེར་འགྱུར་ལྡོག་གསར་བ་འབྱུང་བཞིན་ཡོད་པ་དང་། རྨ་སྟོད་རྫོང་དུ་གནས་སྐོར་ལ་ཡོང་བའི་མི་ཡང་ཉིན་རེ་ལས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད། རང་ཁྱིམ་གྱི་སྒོ་ཁ་ནས་ལས་ཞོར་དུ་སྣེ་ཤན་པའི་བྱ་བ་རེག་ཐུབ། གནས་འདིར་ཡོང་མཁན་གྱི་མི་མང་པོ་ཡོད་པས། ང་ཡང་ས་གཞན་དུ་སོང་ནས་ཞོར་ལས་གཉེར་མི་དགོས་ལ། འདི་ལྟར་བྱས་ན་གཅིག་ནས་རང་ཁྱིམ་གྱི་མིར་ལྟ་སྐྱོང་བྱེད་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་སྒོར་མོ་ཡང་བཙལ་ཐུབ་པ་རེད། ད་ལྟའི་འཚོ་བ་འདི་ལ་ཕྱིར་འདང་ཞིག་བརྒྱབ་ན། ངོ་མ་སྔོན་ཆད་ལས་ལྡབ་འགྱུར་གྱིས་ཇེ་བཟང་དུ་སོང་ཡོད་པ་རེད་ཟེར།
ད་ལྟ། ཚུལ་ཁྲིམས་རྒྱ་མཚོས་སྡོད་ཁང་མེད་པའི་གནད་དོན་དང་། སྨན་པར་སྟོན་དཀའ་བ། བྱིས་པ་སློབ་གྲྭར་སོང་ན་སློབ་ཡོན་སྟེར་རྒྱུ་མེད་པའི་གནད་དོན་ལ་སེམས་ཁུར་བྱེད་མི་དགོས་པ་རེད། ད་ལྟ་ཁོ་ཚོའི་འཚོ་བར་འགན་སྲུང་ཡོད་པས་སེམས་ལ་བདེ་སྐྱིད་ཀྱི་སྣང་བ་ཞིག་དབང་མེད་དུ་འཆར་ཡོང་བཞིན་ཡོད།
ལོ་ཙཱ། ཚེ་རིང་སྒྲོལ་མ།