བློ་བཟང་རྒྱ་མཚོའི་ཕུགས་འདུན།
2017.07.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་གསེར་དངུལ་རྩྭ་ཐང་དུ་སྲོལ་རྒྱུན་རིག་གནས་ཀྱི་རྔམ་ཁ་ཧ་ཅང་མཐུག་པོ་ཡོད་པས། ངོ་མཚར་བའི་གཏམ་རྒྱུད་དང་གཟི་འོད་འབར་བའི་རིག་གནས་ཞིག་ཀྱང་བསྐྲུན་ཡོད་པ་རེད། ལོ་བཞི་བཅུར་སོན་པའི་བློ་བཟང་རྒྱ་མཚོ་ནི་ལྐོག་གྱུར་གྱིས་གཏམས་པའི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་འདིར་འཚར་ལོངས་བྱུང་ཞིང་། ཆུང་དུས་ནས་སློབ་ལ་དགའ་བའི་བློ་བཟང་རྒྱ་མཚོར་མཚོན་ན། གླུ་དབྱངས་ལེན་རྒྱུར་དགའ་བའི་ཐོག་ད་དུང་རང་སྟེང་ནས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ནོར་ལུག་འཚོ་མཁན་ཞིག་ནས་ཞིང་ཆེན་གྱི་གླུ་དབྱངས་ལེན་མཁན་གྲགས་ཅན་ཞིག་ཏུ་གྱུར། རང་ཉིད་ཀྱི་སེམས་ན་ཕུགས་བསམ་ཡོད་པས། གསར་སྐྲུན་བྱས་པ་བརྒྱུད། གླུ་དབྱངས་ལེན་མཁན་ཞིག་ནས་ས་དེ་དང་ཐ་ན་ཞིང་ཆེན་ཡོངས་ནས་མི་རིགས་རིག་གནས་ལུས་རྩལ་གནས་སྐོར་ཐོན་ལས་སོགས་མཉམ་དུ་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་དམངས་ཁྲོད་ཀྱི་ཁེ་ལས་པ་ཞིག་ཏུ་གྱུར། 

བློ་བཟང་རྒྱ་མཚོའི་ཕུགས་བསམ་ནི་རིག་གནས་འཁྲབ་སྟོན་ལས་དོན་གྱི་དགའ་མོས་དང་འཚོལ་སྙེག་ལས་བྱུང་བ་ཡིན། 

1977ལོར། བློ་བཟང་རྒྱ་མཚོ་ཆ་རྐྱེན་ཅུང་ཞན་པའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་པ་དང་། ཉིས་སྟོང་ལོར། མཚོ་སྔོན་སྒྱུ་རྩལ་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་ཁོས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པའི་གླུ་དབྱངས་ལེན་མཁན་ཞིག་ཏུ་གྱུར་བ་དང་། བྱ་བར་ཞུགས་པ་ནས་བཟུང་། ཁོ་རང་བློ་སེམས་རྩེ་གཅིག་གི་སྒོ་ནས་རང་ཉིད་ཆེས་དགའ་བའི་རིག་གནས་འཁྲབ་སྟོན་ལས་དོན་ཁྲོད་ཞུགས། མིག་སྔའི་བར་དུ། “ཕ་ཡུལ་ལ་བསྟོད་གླུ་ལེན། ཕ་ཡུལ་དྲིལ་སྒྲོག་བྱེད”ཅེས་པ་བརྗོད་བྱ་ཡིན་པའི་མི་སྒེར་གྱི་ཆེད་སྒྲིག་བརྙན་འཁོར་ཐོག་མ་འགྲེམ་སྤེལ་བྱས་པ་དང་། ཉིས་སྟོང་གསུམ་ལོར་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པའི་ཁོངས་མི་བྱས་ནས་ཀྲུང་གོ་དང་ཐེ་གོའི་བར་འབྲེལ་བ་བཙུགས་ནས་ལོ་ཉེར་བརྒྱད་འཁོར་བའི་རིག་གནས་བརྗེ་རེས་བྱ་འགུལ་ཁྲོད་ཞུགས་ཤིང་། ཉིས་སྟོང་བཅུ་ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་སྐར་འོད་ལམ་ལམ་ཞེས་པའི་ལེ་ཚན་ཁྲོད་ཞུགས་ནས་ཕུལ་བྱུང་བྱ་དགའ་ཐོབ་པར་མ་ཟད། ཉིས་སྟོང་བཅུ་གཅིག་ལོར་ཀྲུང་གོའི་འཇར་པན་ལ་འཚམས་འདྲི་བྱེད་པའི་ཚོགས་པའི་ཁོངས་མི་བྱས་ནས་ཀྲུང་གོ་དང་འཇར་པན་གྱི་རིག་གནས་བརྗེ་རེས་བྱ་འགུལ་ཁྲོད་ཞུགས། ཉིས་སྟོང་བཅུ་དྲུག་ལོར་ཀྲུང་གོ་སྤུན་ཟླའི་བརྩེ་སེམས་ཀྲུང་ཧྭའི་མི་དམངས་དང་འབྲེལ་ཡོད་ཞེས་པའི་སྒྱུ་རྩལ་ཚོགས་པའི་ཁོངས་མི་བྱས་ཏེ་དབྱི་ཐ་ལི་དང་། སི་རི་ཡ་རྒྱལ་ཁབ་ལ་འཚམས་འདྲིའི་འཁྲབ་སྟོན་ལ་བྱིན། དེ་དང་ཆབས་ཅིག་ཏུ། མཚོ་སྔོན་ཞིང་ཆེན་གྱི “མཁའ་མཐའི་བརྩེ་གླུ”ཞེས་པ་དང་། “ཡུས་ཧྲུའུ་ལ་བརྩེ་བས་ཁེངས”ཞེས་པ། “གླུ་གར་གྱི་རྒྱ་མཚོ” “དབུས་མགྲོན”སོགས་བརྙན་འཕྲིན་ཟློས་གར་མང་པོའི་ནང་གི་འཁྲབ་སྟོན་མི་སྣ་བྱས་མྱོང་། བརྒྱུད་རིམ་འདི་དག་གིས་བློ་བཟང་རྒྱ་མཚོས་རིག་གནས་ལས་དོན་ཐད་ལ་བྱ་བ་སྒྲུབ་པར་ཡིད་ཆེས་བསྩལ་བ་དང་། ཁོས་རིག་གནས་བརྒྱུད་དེ་ཕ་ཡུལ་དྲིལ་སྒྲོག་དང་། ཕ་ཡུལ་འཕེལ་རྒྱས་གཏོང་བའི་ཕུགས་འདུན་ལ་སྐུལ་སློང་བྱས། 

གསར་སྐྲུན་བྱ་བའི་མགོ་ཚུགས་སྐབས། བློ་བཟང་རྒྱ་མཚོས་བོད་མི་རིགས་ཀྱི་དམངས་སྲོལ་རིག་གནས་སྔོག་འདོན་བྱེད་རྒྱུ་དེ་ཀུང་ཟི་འཕེལ་རྒྱས་ཀྱི་སྲོག་ཤིང་བྱས་པ་དང་། མདའ་བཞི་དམངས་སྲོལ་སྡེ་བའི་ཡུལ་ལྗོངས་ཁུལ་བསྐྲུན་པ་གཙོ་བོ་བྱས་ཏེ། མདའ་བཞི་དམངས་སྲོལ་མགྲོན་ཁང་དང་། དམངས་སྲོལ་ཉམས་སད་ཁུལ། བློ་བཟང་འཁྲབ་སྟོན་ཁང་། ཡུལ་ལྗོངས་ལ་རྒྱང་ལྟ་བྱེད་ས། རྩེད་འཇོར་རོལ་ས། རྩྭ་ཐང་ལྟ་སྐོར་མགྲོན་ཁང་། གནས་སྐོར་དྲན་རྟེན་ཚོང་ར་སོགས་གནས་སྐོར་དང་། ཉོ་འཚོང་། རྩེད་མོ། འགྲོ་འདུག་སྡོད་གསུམ་སོགས་ཀྱི་བྱེད་ནུས་ཁ་ཚང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། ཁྱད་ཆོས་མངོན་གསལ་ཡིན་པའི་གནས་སྐོར་ཡུལ་ལྗོངས་ཁུལ་ཞིག་ལས། ཡུལ་ལྗོངས་ཁུལ་གྱིས་རང་བྱུང་ཁམས་ནས་ཐོན་ཏེ། རང་བྱུང་ཁམས་སུ་འདྲེས་པ་དང་། རང་བྱུང་ཁམས་སུ་ཕྱིར་ལོག་པའི་བསམ་ཕྱོགས་མཚོན་ཅི་ཐུབ་བྱས་ནས། བོད་མི་རིགས་ཀྱི་དམངས་སྲོལ་རིག་གནས་དང་གསོལ་འདེབས་རིག་གནས་བརྒྱུད་དེ། ས་གནས་ཀྱི་ཁྱད་ཆོས་དང་དེང་རབས་དཔལ་ཡོན་གཉིས་ཟུང་འབྲེལ་གང་ལེགས་བྱེད་ཐུབ་པ་བྱས་པ་དང་། དེ་མཚོ་སྐོར་ས་ཁུལ་གྱི་བོད་མི་རིགས་ཀྱི་དམངས་སྲོལ་རིག་གནས་མངོན་སའི་སྒེའུ་ཁུང་ལྟ་བུར་འགྱུར་བར་བྱས། 

ཉིས་སྟོང་བཅུ་ལོར། མཚོ་སྔོན་པོ་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་གྱི་ཤན་ཤུགས་འོག་ཏུ། བློ་བཟང་རྒྱ་མཚོས་མཛེས་སྡུག་ལྡན་པའི་མཚོ་སྔོན་པོའི་མཐའ་འཁོར་དུ་ལྕགས་རྟ་སྐོར་ནས་ལྗོངས་རྒྱུ་བྱེད་ཆོག་པའི་ཞབས་ཞུའི་རྟེན་གཞི་ཞིག་བཙུགས་ན་མདུན་ལྗོངས་ཤིན་ཏུ་ལེགས་པོ་ཡོད་པ་ཤེས། དེ་ནས་བློ་བཟང་རྒྱ་མཚོ་དང་བྱིས་དུས་ཀྱི་གྲོགས་པོ་སྐོར་ཞིག་གིས་མཚོ་སྔོན་པོའི་མཐའ་འཁོར་གྱི་ལྕགས་རྟའི་གནས་སྐོར་ལས་རིགས་མགྱོགས་པོར་འཕེལ་རྒྱས་འགྲོ་བའི་གོ་སྐབས་དང་བསྟུན་ནས་མཚོ་བྱང་མདའ་བཞི་ཚོ་བའི་རིག་གནས་ལུས་རྩལ་གནས་སྐོར་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་ཟི་ཞེས་པ་ཞིག་བཙུགས་པ་དང་། མིག་སྔར། ཀྲུང་གོའི་ཆེས་ཆེ་བའི་ལྕགས་རྟའི་གནས་སྐོར་ཕྱོགས་བསྡུས་ཞབས་ཞུའི་རྟེན་གཞི་སྟེ། མདའ་བཞི་ཚོ་བ་ཞེས་པ་ཞིག་འཛུགས་སྐྲུན་བྱས། ལོ་བཞིའི་འཕེལ་རྒྱས་བརྒྱུད་དེ། མདའ་བཞི་ཚོ་བ་དེ་མཚོ་སྐོར་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དང་། ཞབས་ཞུའི་འགན་ནུས་ཁ་ཚང་བ། དོ་དམ་འཁོར་བསྐྱོད་བཟང་བའི་མཚོ་སྔོན་པོར་བསྐོར་བ་རྒྱག་པའི་ལྕགས་རྟའི་གནས་སྐོར་ཕྱོགས་བསྡུས་ཞབས་ཞུའི་རྟེན་གཞི་ཞིག་ཏུ་གྱུར་བར་མ་ཟད། ལྕགས་རྟར་ཞོན་ནས་གནས་སྐོར་དང་མཇལ་སྐོར་བྱེད་པའི་མདའ་བཞི་ས་ཁུལ་གྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱས། མིག་སྔར། མཚོ་སྐོར་ས་ཁུལ་གྱི་ལྕགས་རྟ་འབབ་ཚུགས་བཞི་ནས་ཉིན་རེར་ལྕགས་རྟ་བསྐོར་མཁན་གྱི་མི་སྟོང་གཅིག་རེ་སྣེ་ལེན་བྱེད་བཞིན་ཡོད་པ་དང་། རྒྱུ་སྤུས་བཟང་བ་དང་རྒྱུ་སྤུས་འབྲིང་བའི་ལྕགས་རྟ་སྟོང་གསུམ་ཡོད། སྡོམ་རྩིས་བྱས་པ་ལྟར་ན། ཉིས་སྟོང་བཅུ་གསུམ་ལོར་ཀུང་ཟིས་ལྕགས་རྟར་ཞོན་ནས་གནས་སྐོར་བྱེད་མཁན་གྱི་འགྲུལ་བ་ཁྲི་གསུམ་སྣེ་ལེན་བྱས་པ་དང་། མིག་སྔར་མི་ཁྲི་བདུན་ལ་སླེབས་ཡོད་ཅིང་། ལོ་རེའི་ཆ་སྙོམས་ཡོང་སྒོ་བརྒྱ་ཆའི་སུམ་ཅུ་འཕར་སྣོན་བྱུང་ལ། དེས་ཚོང་རའི་ཐོབ་ཆའི་བརྒྱ་ཆའི་སུམ་ཅུ་ཡན་ཟིན་ཡོད། 

ཉེ་བའི་ལོ་འགའི་རིང་ལ། ཀུང་ཟིས་དཀའ་སྤྱད་འབད་བརྩོན་བྱས་ནས་གསར་སྐྲུན་བྱེད་པ་དང་། གསར་སྐྲུན་ཡར་ཐོན་རྒྱུན་འཁྱོངས་བྱས་པས། ཁྱད་ཆོས་མངོན་གསལ་ཡིན་པ་དང་། ནང་དོན་ཕུན་སུམ་ཚོགས་པའི་རིག་གནས་དང་། ལུས་རྩལ། གནས་སྐོར་ཐོན་ལས་སོགས་མཉམ་འདྲེས་ཀྱི་འཕེལ་རྒྱས་ལམ་ཕྱོགས་ཤིག་ཏུ་བསྐྱོད་ཐུབ་པ་བྱུང་། རང་སྟེང་འཕེལ་རྒྱས་སོང་བའི་དུས་མཚུངས་སུ། མདའ་བཞི་ཀུང་ཟིས་ད་དུང་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས་སྔོན་ལ་དབུལ་ཕོངས་ས་ཁུལ་གྱི་སློབ་གྲྭ་ཆེན་མོ་དང་། ལས་ཀ་ཤོར་བའི་མི་སྣ། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་ལྷག་མ་སོགས་ཀུང་ཟིའི་ནང་བསྡུ་ལེན་བྱས་ནས་ལས་ཞུགས་བྱེད་དུ་བཅུག་ཅིང་། མི་སུམ་བརྒྱ་ལྷག་ལ་ལས་ཞུགས་ཀྱི་གོ་སྐབས་བསྐྲུན། ད་ལོར་ཁོས་ད་དུང་མདའ་བཞི་རྫོང་གི་དབུལ་ཕོངས་ཁྱིམ་ཚང་དྲུག་བརྒྱ་དང་བཅུ་དབུལ་ཕོངས་ལས་ཐར་བའི་ལས་འགན་ཕྲག་ཏུ་བླངས་པས་མདའ་བཞི་རྫོང་གི་གནས་སྐོར་དབུལ་སྐྱོར་ཚོད་ལྟ་ཁུལ་དུ་གྱུར། འབད་བརྩོན་བྱས་པ་བརྒྱུད། མདའ་བཞི་ཀུང་ཟི་ཡིས་ས་དེའི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་ཀྱི་འཚོ་བ་ལེགས་བཅོས། སྤྱི་ཚོགས་བརྟན་འཇགས་འགྲོ་བའི་ཐད་ལ་བྱས་རྗེས་བཞག་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་སྒེའུ་ཁུང་ལྟ་བུ་ཞིག་ཏུ་གྱུར། 

ལེན་དཀའ་བའི་གྲུབ་འབྲས་འདི་དག་ལ་ཁ་གཏོད་སྐབས། མི་ཚོས་བློ་བཟང་རྒྱ་མཚོར་འདྲི་རྒྱུར། ཁྱོད་ཀྱིས་ཅི་ཞིག་ལ་བརྟེན་ནས་གྲུབ་འབྲས་འདི་འདྲ་བླངས་པ་ཡིན་ནམ་ཞེས་པར་ཁོས་བཤད་རྒྱུར། འདི་ནི་རང་གི་ཕུགས་བསམ་ཡིན་པ་དང་ཕུགས་བསམ་འདི་མུ་མཐུད་དུ་རྒྱུན་འཁྱོངས་དང་འཚོལ་སྙེགས་བྱས་པའི་རྐྱེན་ཡིན་ཟེར། 

བློ་བཟང་རྒྱ་མཚོ་དང་མདའ་བཞི་ཚོ་བར་ད་དུང་ཕུགས་བསམ་མང་པོ་ཡོད། ལྕགས་རྟ་བསྐོར་ནས་མཚོ་སྔོན་པོར་གནས་སྐོར་བྱེད་པ་བརྗོད་བྱ་ཡིན་པའི་མཐོ་སྒང་གི་སྐྱེ་ཁམས་གནས་སྐོར་ཚོང་རྟགས་སྣང་བརྙན་གསར་སྐྲུན་བྱས་ཏེ། ཕྱོགས་ཡོངས་ནས་རླངས་འཁོར་སྒར་སའི་གནས་སྐོར་ལས་གཞི་མགོ་བརྩམས་པ་དང་། མདའ་བཞི་རིག་གནས་ལུས་རྩལ་གནས་སྐོར་ཐོན་རྫས་དེ་འཕེལ་རྒྱས་དང་མཉམ་དུ་རྒྱུ་སྤུས་སྔར་ལས་མཐོ་བ་དང་། ཕན་འབྲས་སྔར་ལས་བཟང་བ། གྲུབ་ཚུལ་སྔར་ལས་ལེགས་པ། ཁྱད་སྟོབས་གང་ལེགས་སྒོས་འདོན་པའི་ལམ་བུ་སྟེང་ཞུགས་པར་ཡར་སྐུལ་བྱས་པ་དང་། དེ་མཛེས་པའི་མཚོ་སྔོན་གྱི་གནས་སྐོར་ཚོང་རྟགས་གྲགས་ཅན་ཞིག་ཏུ་གྱུར་ཡོད་པ་རེད། 

ལོ་ཙཱ། ཚེ་རིང་སྒྲོལ་མ།