གཞི་རིམ་དུ་རྐང་བཙུགས་ནས་རོང་འབྲོག་པར་ཞབས་འདེགས་ཞུས་པ།
2017.07.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 35

ཞིང་ཆེན་ཕན་བདེ་སྙིང་རྗེ་སྨན་ཁང་གིས“དབུལ་སྐྱོར་སྲོག་སྐྱོབ”ཀྱི་རྩ་དོན་གཙིགས་སུ་བཟུང་ནས་རང་ཞིང་གི་རོང་འབྲོག་ཁུལ་དུ་རྐང་འཛུགས་པ་དང་། རྒྱ་ཆེའི་རོང་འབྲོག་པར་དམིགས་ཏེ།རང་ཞིང་གི་མ་མཐའི་འགན་སྲུང་ཁྱིམ་ཚང་དང་ལྔ་སྐྱོང་ཁྱིམ་ཚང་། རྒན་རབས་པ། དབང་པོ་སྐྱོན་ཅན། དྭ་ཕྲུག དམིགས་བསལ་རོགས་སྐྱོར་བྱ་ཡུལ།གནོད་ཐེབས་རོང་འབྲོག་པ་སོགས་ལ་སྤུས་ལེགས་ཤིང་གོང་བདེའི་ནད་བཅོས་ཞབས་ཞུ་བྱས་པས། སྤྱི་ཚོགས་ལས་རིགས་སོ་སོ་དང་། རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ཀྱིས“ང་ཚོ་བེ་སང་གི་སྨན་ཁང་བཟང་པོ”ཞེས་བསྔགས་བཞིན་ཡོད།

ཉིས་སྟོང་དྲུག་ལོའི་ཟླ་དང་པོར་བཙུགས་པའི་སྨན་ཁང་འདི་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོའི་འོག་ཏུ། ཞིང་ཆེན་དམངས་སྲིད་ཐིང་གིས་རང་ཞིང་གི་དཀའ་ངལ་ཡོད་པའི་རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ཀྱི་དོན་དངོས་ལ་གཞིར་བཟུང་བ་དང་། རང་ཞིང་གི་ཕན་བདེ་དང་སྙིང་རྗེ། སྨན་བཅོས་རོགས་སྐྱོར་སོགས་གཞི་གཅིག་ཏུ་སྦྲེལ་ནས་བཙུགས་པའི་སྤྱི་ཕན་སྣ་འཛོམས་སྨན་ཁང་ཞིག་རེད། སྨན་ཁང་བཙུགས་པའི་ལོ་ངོ་བཅུ་ལྷག་གི་རིང་སྨན་བཅོས་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་ལག་ཏུ་བསྟར་ཏེ།གཞི་རིམ་གྱི་རོང་འབྲོག་པ་མང་ཚོགས་ལ་རིན་གོང་ཆག་ཡང་གི་བྱེད་ཐབས་སྤྱད་དེ་མཁྲིས་རྡོ་དང་མངལ་སྐྲན།བསམ་སེའུ་སྐྲངས་པ།མདུན་ཆགས་གཤེར་རྨེན་ཆེར་རྒྱས།རུས་གཅོང་། ཁྲག་ཤེད་མཐོ་བ། གློ་སྙིང་ནད། གཅིན་སྙི་ཟ་ཁུ་ནད།འབྲས་སྐྲན་སོགས་ནད་རིགས་སྣ་ཚོགས་སྨན་བཅོས་བྱས་པས།ནད་པའི་སྡུག་བསྔལ་བསལ་བར་མ་ཟད།ད་དུང་འགྲོ་སྒོའི་ཁུར་པོ་ཡང་ཇེ་ཡང་དུ་བཏང་།

ཉེ་བའི་ལོ་འགར་སྨན་ཁང་གིས་བསྡོམས་པས་ནད་པ་མི་ཐེངས་ཁྲི་བཅུ་གཉིས་ལྷག་ལ་སྒོ་བསྟེན་སྨན་བཅོས་བྱས་པ་དང་། མི་ཐེངས་ཁྲི་གཅིག་ལྷག་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས།ནད་པའི་ནང་གི་བརྒྱ་ཆའི་དགུ་བཅུ་ནི་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་པ་དང་རོང་འབྲོག་ཁུལ་གྱི་མ་མཐའི་འཚོ་བའི་འགན་སྲུང་པ། ལྔ་སྐྱོང་ཁྱིམ་ཚང་།དྭ་ཕྲུག དམིགས་བསལ་གཟིགས་སྐྱོང་བྱ་ཡུལ། དབང་པོ་སྐྱོན་ཅན་སོགས་རེད།དེའི་ནང་འཁྱམ་པོ་དང་བདག་མེད་ནད་པ་མི་ཐེངས་བརྒྱད་བརྒྱ་ལྷག་དང་དབུལ་ཕོངས་རྒན་རབས་པ་མི་ཐེངས་སྟོང་ལྔ་དང་དགུ་བརྒྱ་བཞི་བཅུ་ལ་སྨན་བཅོས་བྱས་ཤིང་། ནད་པསྟོང་ལྔ་ལ་གཤག་བཅོས་བྱས།ཉུང་འཕྲི་བྱས་པའི་རོགས་སྐྱོར་སྨན་རིན་སྒོར་ཁྲི་སྟོང་གཅིག་དང་བདུན་བརྒྱ་ལྷག་ལ་སླེབས་ཡོད།

སྨན་ཁང་རྒྱ་ཆེར་བསྐྱེད་པ་དང་བསྟུན། ཞིང་ཆེན་ཡོངས་ཀྱི་གནད་ཆེའི་གཟིགས་སྐྱོང་བྱ་ཡུལ་དང་དབུལ་ཕོངས་རྒན་རབས་པའི་སྨན་བཅོས་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་ཆེད། ཕན་བདེ་སྙིང་རྗེ་སྨན་ཁང་གི་རྨང་གཞིའི་ཐོག“མཚོ་སྔོན་ཞིང་ཆེན་གཟིགས་སྐྱོང་སྨན་ཁང”དང“མཚོ་སྔོན་ཞིང་ཆེན་རྒན་རབས་པའི་སྨན་ཁང”ཟུར་དུ་བཙུགས་པས།མཚོ་སྔོན་ལ་གཟིགས་སྐྱོང་དང་རྒན་རབས་པའི་སྨན་ཁང་མེད་པའི་སྟོང་ཆ་བསྐངས་པ་དང་། ཞིང་ཆེན་ཡོངས་ཀྱི་གཟིགས་སྐྱོང་བྱ་ཡུལ་དང་དབུལ་ཕོངས་རྒན་རབས་པར་སྔར་ལས་བཟང་བ་དང་ཆ་ཚང་གི་ལུས་ཁམས་བདེ་སྲུང་སྟེགས་བུ་ཞིག་བཙུགས། ད་ལྟ་སྨན་ཁང་འདིར་ཁོང་ནད་དང་ཕྱི་ནད། རུས་ནད།མོ་ནད།བྱིས་ནད།རྒན་པའིནད། ལུས་གསོ་ཟུངས་བསྐྱེད། བོད་ལུགས་གསོ་རིགས་སོགས་ནད་བཅོས་བརྟག་དཔྱད་ཚན་ཁག་མང་པོ་ཡོད་ཀྱང་། རྒྱལ་སྤྱིའི་སྟེང་སྔོན་ཐོན་ཡིན་པའིCTའཕྲུལ་ཆས་སོགས་ཡོ་བྱད་ཆ་ཚང་ཡོད་པ་ལས་གཞན། ད་དུང་སྤྱོད་པ་བཟང་ཞིང་ལྷག་བསམ་ཆེ་ལ།ཉམས་མྱོང་འཛོམས་ཤིང་ལག་རྩལ་མཁས་པའི་ཆེད་མཁས་པ་དང་སྨན་བཅོས་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་དང་བླངས་ཆེད་མཁས་པའི་དཔུང་ཁག་ཅིག་ཡོད་པས།སྨན་ཁང་གི་སྨན་བཅོས་ཆུ་ཚད་དང་ཞབས་ཞུ་ནུས་པ་ཇེ་དྲག་ཏུ་གྱུར་དང་འགྱུར་བཞིན་འདུག

ཉེ་བའི་ལོ་འགར། ཕན་བདེ་སྙིང་རྗེ་ལས་དོན་དེ་དབུལ་ཐར་འགག་སྒྲོལ་ཁྲོད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་དང་། དབུལ་ཕོངས་ཁྱིམ་ཚང་ལ་ཐུམ་འབུ་སོགས་ནད་ཀྱི་སྡུག་བསྔལ་ལས་ཐར་དུ་འཇུག་ཆེད།ཞིང་ཆེན་ཕན་བདེ་སྙིང་རྗེ་སྨན་ཁང་གིས་ཞིང་ཆེན་དམངས་སྲིད་ཐིང་དང་སྙིང་རྗེ་སྤྱི་ཁྱབ་ཚོགས་པའི་བཀོད་སྒྲིག་ལྟར། རང་ཞིང་གི་རོང་འབྲོག་ཁུལ་གྱི་གནས་ཚུལ་དངོས་ལ་གཞིར་བཟུང་ནས་ཐུམ་འབུ་ནད་དང་། མཁྲིས་རྡོ། མཆུ་ཤོ་སོགས་དམིགས་བསལ་ནད་རིགས་ཀྱི་སྨན་བཅོས་ལས་གཞི་སྤེལ་ནས།ཡུས་ཧྲུའུ་དང་མགོ་ལོག་སོགས་ཁུལ་དྲུག་དང་།མཚོ་ཤར་ས་ཁུལ་སོགས་ཀྱི་ཐུམ་འབུ་དང་། མཁྲིས་རྡོ། མཆུ་ཤོ་ནད་པར་སྨན་བཅོས་རོགས་སྐྱོར་བྱས་ཏེ། ཐུམ་འབུ་ནད་པའི་གཤག་བཅོས་དང་སྨན་ཁང་དུ་བསྡད་པའི་འགྲོ་སྒོ་མི་ལེན་པ་བྱས་པར་མ་ཟད། ད་དུང་ནད་པ་རེར་ཁམས་གསོ་དང་འགྲིམ་འགྲུལ་གྱི་འགྲོ་སྒོ་སྒོར་སྟོང་གཉིས་རེ་བྱིན།མིག་སྔའི་བར། ནད་པ་མི་ཐེངས་ཁྲི་གཅིག་དང་སྟོང་བཞི་བརྒྱད་རྒྱ་དོན་ལྔ་ལ་སྨན་བཅོས་བྱས་པ་དང་། རོགས་དངུལ་སྒོར་སྟོང་གཅིག་དང་བཞི་བརྒྱ་ཅ་བདུན་ལྷག་བཏང་།མཆུ་ཤོ་ནད་པ་སུམ་བཅུ་ལ་གཤག་བཅོས་བྱས་པ་དང་། ལས་གཞི་འདི་ད་ལོར་མུ་མཐུད་དུ་སྤེལ་བཞིན་འདུག

ཞིང་ཆེན་ཡོངས་ཀྱི་གནད་ཆེའི་གཟིགས་སྐྱོང་བྱ་ཡུལ་དང་གྲོང་ཁྱེར་སྨན་བཅོས་རོགས་སྐྱོར་གྱི་དངོས་འབེབས་སྨན་ཁང་ཁོ་ན་ཡིན་པའི་ཞིང་ཆེན་ཕན་བདེ་སྙིང་རྗེ་སྨན་ཁང་འདིས་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་དང་བསྟུན། ཞིང་ཆེན་ཡོངས་ཀྱི་མངའ་ཁོངས་སུ་སྨན་བཅོས་ཀྱི་གནད་ཁེལ་དབུལ་སྐྱོར་བྱ་འགུལ་སྣ་ཚོགས་སྤེལ་ནས་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པ་མང་ཚོགས་དང་གཞི་རིམ་གྱི་དབུལ་ཕོངས་ཁྱིམ་ཚང་ལ་སྨན་རིན་ཆག་ཡང་ངམ་མི་ལེན་པའི་སྒོ་ནས་སྨན་བཅོས་ཞབས་ཞུ་བྱས་དང་བྱེད་བཞིན་ཡོད་པས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ནད་པའི་དགའ་བསུ་ཆེན་པོ་ཐོབ།
                                                                                                                                                                             
                                                                                                                                                                             རྩོམ་སྒྲིག་པ། སྐར་མ་མཚོ།