ཆོས་རྗེ་སྡེ་བའི་ཧྲུའུ་ཅི་བཟང་བོ་དཔའ་མཁར་རྒྱལ།
2017.08.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

གུང་ཧོ་རྫོང་སྤྲེལ་ནག་ཞང་ཆོས་རྗེ་སྡེ་བ་ནི་མི་གྲངས་སྟོང་གཅིག་དང་སུམ་བརྒྱ་ལྷག་ཡོད་པའི་ཕྱུགས་ལས་སྡེ་བ་ཞིག་ཡིན་ལ། སྡེ་བའི་ནང་དུ་མི་རྣམས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས་བའི་ཧྲུའུ་ཅི་བཟང་བོ་ཞིག་ཡོད། ཁོའི་མིང་ལ་དཔའ་མཁར་རྒྱལ་ཟེར།

ད་ལོ་ལོ་ང་བཞི་ཡིན་པའི་དཔའ་མཁར་རྒྱལ་ནི་ཕྱུགས་རྫི་གཞན་དག་དང་འདྲ་བར། ཆུང་དུས་ནས་འཚོ་བའི་འགན་འཁྲི་ལྕི་མོ་དང་དུ་བླངས། ཁོ་རང་ཡོད་སའི་ཆོས་རྗེ་སྡེ་བ་ནི་མཚོ་ངོས་ལས་ཆ་སྙོམས་བྱས་ན་མུས་སྟོང་གསུམ་དང་ཉིས་བརྒྱ་ཡོད་པ་དང་། གནས་དེའི་འགྲིམ་འགྲུལ་སྟབས་མི་བདེ་ལ། ས་གནས་ཀྱི་སྡེ་དམངས་རྣམས་ཀྱིས་ཕྱུགས་འཚོ་བར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། དཔལ་འབྱོར་གྱི་ཡོང་སྒོའི་ཐབས་ལམ་ཉུང་ལ། སྦྲ་ནག་རྩྭ་ཐང་ཡོངས་སུ་ཁེབས་ཡོད་པ་དང་། ནོར་ནག་དང་རྟ་ནི་འགྲིམ་འགྲུལ་གྱི་ཡོ་བྱད་གཙོ་བོར་གྱུར་ཡོད། བགྲོད་ལམ་ལེགས་པོ་མེད་པས་དགུན་ས་ནས་དབྱར་སའི་བར་རྐང་ཐང་དུ་སོང་ན་སྤྱི་ལེ་བརྒྱ་ལྷག་གི་ལམ་བརྒྱུད་དགོས། དཔའ་མཁར་རྒྱལ་གྱིས་གནས་ཚུལ་དེ་དག་བསམ་ནས་བྲེལ་བ་ལངས་བཞིན་ཡོད། 2007ལོར། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རུ་བདམས་པའི་དཔའ་མཁར་རྒྱལ་གྱིས་དབུལ་ཐར་ཕྱུག་བསྒྱུར་བྱས་མེད་པའི་འབྲོག་པ་མང་ཚོགས་ལ་ཁ་གཏད་ནས། སེམས་སུ་ངེས་པར་དུ་ཕ་ཡུལ་གྱི་རྣམ་པ་བསྒྱུར་དགོས་པ་དང་། ཕ་ཡུལ་མང་ཚོགས་ཀྱི་སྣེ་ཁྲིད་ནས་དབུལ་ཐར་ཕྱུག་བསྒྱུར་བྱེད་དགོས་པའི་སེམས་ཐག་བཅད།

དཀའ་ཁག་ལ་ཁ་གཏད་ནས། ཅི་ལྟར་ཕ་ཡུལ་གྱི་མི་དམངས་རྣམས་ལ་དབུལ་ཐར་ཕྱུག་བསྒྱུར་གྱི་སྣེ་ཁྲིད་དགོས་པ་དེ་ནི་མིག་སྔར་དཔའ་མཁར་རྒྱལ་གྱི་མདུན་དུ་ལྷགས་པའི་གནད་དོན་ཆེས་ཆེ་བ་དེ་རེད། ཆོས་རྗེ་སྡེ་བའི་དབུལ་ཕོངས་ཀྱི་ཁྱབ་རྒྱ་ཆེ་ལ། གནས་ཚུལ་དེ་ལྟ་བུར་ཁ་གཏད་ནས། དཔའ་མཁར་རྒྱལ་གྱིས་ཚོགས་འདུ་བསྡུས་ཏེ། མང་ཚོགས་ལ་བསམ་བློའི་བྱ་བ་སྒྲུབ་ནས། “ཚང་མ་ཕྱུག་པོར་གྱུར་ན། ད་གཟོད་མི་སྒེར་ཕྱུག་པོར་འགྱུར་ཐུབ”ཞེས་བཤད།

དེ་བས། དཔའ་མཁར་རྒྱལ་གྱིས་ཉམས་མྱོང་བསྡུ་ལེན་བྱས་ཏེ། “ཏང་ཡོན་གྱིས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་ལམ་ལུགས”ལག་བསྟར་བྱས་པ་དང་། ཏང་ཡོན་གཅིག་གིས་ཁྱིམ་ཚང་གཉིས་ནས་གསུམ་ལ་གྲོགས་སྒྲིག་རོགས་སྐྱོར་བྱས་ནས། དབུལ་ཕོངས་ཁྱིམ་ཚང་ལ་དབུལ་ཐར་བྱེད་རོགས་བྱེད་དགོས། ལོ་མང་པོའི་རིང་ཁྱིམ་ཚང་རེ་རེར་སོང་ནས་བྱ་བ་སྒྲུབ་པའི་ཁྲོད། སྡེ་བའི་ནང་ཆེས་དབུལ་བོའི་ཁྱིམ་ཚང་ཡོད་པ་དང་། ཁྱིམ་ཚང་དེ་དག་ལ་ཁ་གཏད་ནས། དཔའ་མཁར་རྒྱལ་གྱིས་རང་འགུལ་སྒོས་འགན་ལེན་བྱས་ཏེ། སྡེ་མི་དེ་རྣམས་ལ་མི་གཞན་ལ་ཕྱུགས་རྫི་བྱེད་པ་སོགས་གནས་སྐབས་ཀྱི་བྱ་བ་བཙལ།

དེ་དང་ཆབས་ཅིག དཔའ་མཁར་རྒྱལ་གྱི་སེམས་སུ་གསལ་བོར་ཤེས་པ་ནི། མགྱོགས་མྱུར་སྒོས་སྡེ་བའི་ལམ་ལས་ཏེ་སྡེ་དམངས་རྣམས་ཀྱི་སྣེ་ཁྲིད་ནས་ཕྱུག་བསྒྱུར་བྱེད་རྒྱུ་ནི་དོན་ཆེན་ཞིག་ཡིན་པ་རྟོགས་ཡོད། 2015ལོར། ཁོས་ཧུར་ཐག་གིས་རྫོང་ནོར་སྲིད་དང་དབུལ་སྐྱོར་སོགས་སྡེ་ཁག་ལ་འབྲེལ་འདྲིས་བྱས་ཏེ། མ་དངུལ་བརྩོན་ལེན་བྱས་ནས་སྤྱི་ལེ་བཅུ་དྲུག་གི་གཞུང་ལམ་ཞིག་གསོ་བྱས་པས། སྡེ་བའི་ནང་གི་ཁྱིམ་ཚང་བརྒྱ་ལྷག་སྤྱི་ལེ་བཞི་ལྔ་ཡི་རི་ལམ་དུ་སོང་ནས་ཆུ་འཁུར་དགོས་པའི་གནད་དོན་ཐག་གཅོད་བྱས། ད་ལྟ། སྡེ་བའི་ནང་དུ་ཨར་འདམ་གྱི་ལམ་ཁྱིམ་ཚང་རེ་རེའི་སྒོ་ཁར་འཐེན་ཡོད་པ་དང་། སྡེ་བའི་ནང་དུ་ཡང་སྡེ་བ་ཧྲིལ་བོར་བྱས་ནས་སྐུལ་འདེད་བྱེད་པའི་ལས་གཞི་དང་ཉེན་ཁང་བསྒྱུར་བཀོད་སོགས་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་ཐོན་ཡོད།
གཞུང་ལམ་ལེགས་འགྲུབ་བྱུང་བ་དང་། དེའི་རྗེས་སུ་དཔའ་མཁར་རྒྱལ་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཏང་ཡོན་བྱ་འགུལ་ཁང་ལས།

“ངས་བསམ་ན་སྡེ་བའི་ནང་དུ་བྱ་བ་ཅི་ཞིག་སྒྲུབ་རུང་། ཚང་མ་ཟབ་ཞུགས་བྱེད་དགོས་པས། མི་ཚང་མར་འགན་འཁྲི་ཡོད་ལ། སྡེ་བའི་ནང་གི་དོན་དག་ལ་ཚང་མས་སེམས་ཁུར་བྱེད་པས། དོན་དག་ཅི་ཞིག་སྒྲུབ་རུང་བློ་སེམས་གཅིག་མཐུན་རེད།”

ཆོས་རྗེ་སྡེ་བ་ནི་མི་རིགས་མང་པོའི་སྡེ་བ་ཞིག་ཡིན་ལ། དཔའ་མཁར་རྒྱལ་གྱིས་མི་རིགས་མཐུན་སྒྲིལ་གྱི་ཡོད་ཚད་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པས། ལམ་ལས་པ་དང་ཡང་ན་མཉམ་ལས་ཁང་འཛུགས་པ་སོགས་བྱ་བ་ཅི་ཞིག་སྒྲུབ་སྐབས་སྔོན་ལ་ཚོགས་འདུ་བསྡུས་ནས། མི་དམངས་ཀྱི་འདོད་བློ་བརྩོན་ལེན་བྱེད་བཞིན་ཡོད། 2011ལོར། ཁོས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྡུས་པ་དང་། དགེ་སྐྱོན་འཇལ་རྗེས་སྡེ་དམངས་ཡིད་མཐུན་བྱུང་ལ། སྡེ་དམངས་རྣམས་ཀྱི་སྣེ་ཁྲིད་ནས་མཚོ་སྔོན་ཨ་ཆེན་གངས་རྒྱབ་ཟས་རིགས་ཚད་ཡོད་ཀུང་སི་རུ་མ་རྐང་བཞག་པ་དང་། ད་ལྟ་ལོ་རེར་ཡོང་སྒོ་སྒོར་འབུམ་གཅིག་དང་ཁྲི་གཉིས་བགོ་བཤའ་རྒྱབ་ཆོག་པ་དང་། སྡེ་དམངས་རྣམས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་བའི་ཐབས་ལམ་ཅིག་ཏུ་གྱུར་ཡོད།

སེམས་སུ་མང་ཚོགས་བཅངས་ཡོད་པས། དཔའ་མཁར་རྒྱལ་གྱིས་མང་ཚོགས་ཀྱི་ཁེ་ཕན་ལ་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད་ལ། རང་ཉིད་ཀྱི་ཕྲག་ཏུ་བབས་པའི་འགན་འཁྲི་དང་ལེན་བྱས་ནས་མང་ཚོགས་ལ་བབ་ཆགས་ཟབ་མོ་བཞག་ཡོད། དཔའ་མཁར་རྒྱལ་གྱིས་སེམས་སུ་ནམ་ཡང་མང་ཚོགས་བསམ་ཡོད་པས། སྡེ་དམངས་རྣམས་ཀྱིས་ཀྱང་ཁོ་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱིན་ཡོད། ཆོས་རྗེ་སྡེ་བ་ནི་མཚོ་སྔོན་པོའི་འགྲམ་རྒྱུད་དུ་ཆགས་ཡོད་ལ། དབྱར་ཁའི་གནས་སྐོར་དུས་ཆེན་དུ་སླེབས་དུས། ཁོར་ཡུག་གི་འཕྲོད་བསྟེན་གནད་དོན་དེ་སྡེ་བའི་ནང་གི་དོན་དག་གལ་ཆེན་དུ་གྱུར་ཡོད། སྐབས་དེར། དཔའ་མཁར་རྒྱལ་གྱིས་ཚང་མར་སྐུལ་སློང་བྱས་ཏེ། ཚང་མ་མཉམ་དུ་མཚོ་འགྲམ་དང་ལམ་འགྲམ་དུ་སོང་ནས་གད་སྙིགས་གཙང་སེལ་བྱེད་བཞིན་ཡོད་ལ། སྡེ་དམངས་རྣམས་ལ་མི་འདོད་པའི་སྐད་ཆ་གཅིག་ཀྱང་བཤད་རྒྱུ་མེད།

སྡེ་དམངས་རྣམས་ལ་བྱ་བ་དེ་འདྲ་མང་པོ་སྒྲུབ་རུང་། འོན་ཀྱང་དཔའ་མཁར་རྒྱལ་གྱིས་ད་དུང་རིག་གནས་མེད་པར་ལེ་བདའ་བྱེད་བཞིན་ཡོད། གལ་ཏེ་རིག་གནས་ཡོད་ན་སྡེ་བ་འདི་ལས་ཀྱང་ཇེ་བཟང་དུ་འགྲོ་བར་བསམ་ཡོད། རྒྱུ་མཚན་དེ་དག་གི་དབང་གིས། ཁོས་སྡེ་བའི་ནང་གི་བྱིས་པ་སློབ་གྲྭར་འགྲོ་བའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། དུས་ངེས་མེད་དུ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྡུས་ཏེ། ཚང་མས་སློབ་གསོ་ལ་དོ་སྣང་བྱེད་དགོས་པའི་གལ་ཆེན་རང་བཞིན་བཤད་ཀྱིན་ཡོད། ད་ལྟ། སྡེ་བའི་ནང་གི་སློབ་མས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་རྗེས། སྡེ་བས་སྒོར་སྟོང་གཅིག་གི་རོགས་སྐྱོར་མ་དངུལ་བྱིན་ཏེ་སྐུལ་མ་གཏོང་བཞིན་ཡོད། དཔའ་མཁར་རྒྱལ་གཞན་ཕན་སྒྲུབ་པར་དགའ་བ་དང་། སྒེར་སེམས་མེད་པར་ཡོད་ཚད་ཕུལ་བས། སྡེ་བའི་རིགས་སོ་སོའི་མང་ཚོགས་ཀྱི་གདེང་འཇོག་ལེགས་པོ་ཐོབ་ལ། དེ་སྔོན་མཚོ་ལྷོ་ཁུལ་སྲིད་གཞུང་གིས“མཚོ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་སྔོན་ཐོན་དཔེ་སྟོན་མི་སྒེར”དང“སྔོན་ཐོན་བསྐྲུན་པ་དང་ཕུལ་བྱུང་བརྩོན་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན”སོགས་ཀྱི་གཟི་བརྗིད་མཚན་སྙན་གནང་།

རྗེས་ཕྱོགས། དཔའ་མཁར་རྒྱལ་གྱིས་ས་གནས་ཀྱི་ཐོན་ཁུངས་ཁྱད་སྟོབས་བེད་སྤྱོད་གང་ལེགས་བྱས་ཏེ། སྡེ་བའི་ནང་དུ་འབྲོག་པའི་སྤྲོ་ཁྱིམ་ཁང་སྒྲུབ་རྒྱུ་ཡིན་ལ། ཡུལ་སྐོར་གྱི་དུས་སུ་སླེབས་དུས། སྡེ་དམངས་རྣམས་ཀྱི་འབྱོར་ཕྱུག་གི་ཐབས་ལམ་བཟང་བོ་ཞིག་ཏུ་ངེས་པར་དུ་འགྱུར་སྲིད།

ལོ་ཙཱ་བ། ཤ་བོ་རིན་མཚོ།