ཀ་ཧེ་སྡེ་བའི་སྨན་པ་བཟང་བོ་ཀླུ་འབུམ་རྒྱལ།
2017.09.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

“སྨན་པ། རང་སྡེ་བའི་ཁྲི་བྷོ་འཕྲུལ་རྟ་ལས་ས་ལ་འགྱེལ་བས། ཁྱེད་ཡོང་ནས་བལྟ་རོགས།”ཟླ་བརྒྱད་པའི་ཟླ་དཀྱིལ་གྱི་ཉིན་ཞིག་གི་ཕྱི་དྲོར། དབྱར་ས་ནས་ཕྱིར་ཁྱིམ་དུ་ཐོན་རྗེས། ཧེ་ཡན་རྫོང་ཝ་འཇོག་ཞང་ཀ་ཧེ་སྡེ་བའི་སྨན་པ་ཀླུ་འབུམ་རྒྱལ་ལ་སྡེ་བའི་ནང་གི་མི་ཞིག་གིས་ཁ་པར་ཐོན་བྱུང་། ནོར་ལུག་ཆུང་མ་ནོར་བུ་མཚོ་མོ་ལ་སྤྲད་དེ། ཀླུ་འབུམ་རྒྱལ་མྱུར་དུ་ཁྲི་བྷོ་དོན་དག་བྱུང་སའི་གནས་སུ་ཐོན།

“ཁྲི་བྷོ་ཡི་རྐང་བ་རྨས་སྐྱོན་ཕོག་ཡོད་པ་དང་། སྨན་ཁང་ཆེན་པོ་ཞིག་གི་ནང་དུ་སོང་ནས་སྨན་བཅོས་བྱེད་དགོས།”ཀླུ་འབུམ་རྒྱལ་གྱིས་རྨས་མར་སྟབས་བདེའི་ནད་བཅོས་ཞིག་བྱས་རྗེས། རང་གི་རླངས་འཁོར་སྐོར་ཏེ། ཁྲི་བྷོ་ཧེ་ཡན་རྫོང་མི་དམངས་སྨན་ཁང་དུ་བསྐྱལ།

ཀ་ཧེ་སྡེ་བ་རུ་སྨན་པ་བྱས་ནས་ལོ་བཅུ་བདུན་འགོར་བའི་རིང་ལ། འདི་ལྟ་བུའི་བྲེལ་མྱུར་སྒོས་ནད་ལ་བལྟ་དགོས་པའི་གྲངས་ཀ་ཧ་ཅང་མང་བ་དང་། ཐེངས་རེ་རེར་ཀླུ་འབུམ་རྒྱལ་རང་ཉིད་སྔོན་དུ་ཡོང་ནས་ནད་བཅོས་བྱེད་བཞིན་ཡོད། གལ་ཏེ་ནད་ཆེན་ལ་འཕྲལ་ཚེ། ཀླུ་འབུམ་རྒྱལ་གྱིས་ནད་པ་རིན་མེད་སྒོས་སྨན་ཁང་གཞན་དུ་བསྐྱལ་བཞིན་ཡོད། སྡེ་བའི་ནང་གི་ཁྱིམ་ཚང་ལ་ལར་དཀའ་ཁག་ཆེ་བ་དང་སྨན་རིན་སྤྲོད་མི་ཐུབ་པ་རེད། ཀླུ་འབུམ་རྒྱལ་གྱིས་རང་འགུལ་སྒོས་ནད་པ་དེ་དག་ལ་སྨན་རིན་སྤྲོད་བཞིན་ཡོད། ཁོ་ནི་དེ་འདྲའི་མི་སེམས་བཟང་ཅན་ཞིག་ཡིན་པས། སྡེ་བའི་མི་རྣམས་ཀྱིས་བརྩེ་བའི་སྒོ་ནས་ཁོ་ལ་ཉེ་འགྲམ་གྱི་སྨན་པ་བཟང་བོ་ཞེས་འབོད་ཀྱིན་ཡོད།

ཀླུ་འབུམ་རྒྱལ་གྱིས་སྡེ་བའི་སྨན་པའི་བྱ་བ་སྒྲུབ་པའི་ལོ་གསུམ་འགོར་བའི་སྐབས་ནི2004ལོའི་དགུན་ཁའི་དགོང་མོ་ཞིག་ཡིན་ལ། ར་སྐོར་ནང་གི་ཁྱི་ཟུག་བཞིན་ཡོད་པ་དང་། ཀླུ་འབུམ་རྒྱལ་གྱིས་མི་ཞིག་གིས་སྲོག་སྐྱོབ་ཞེས་འབོད་བཞིན་པ་ཐོས། ཕྱི་རུ་སོང་ནས་བལྟས་ཚེ། གསར་བུ་ཞིག་ལ་རྨས་སྐྱོན་ཕོག་ནས་ཁྲག་བཞུར་བཞིན་ཁོ་ཚང་གི་སྒོ་རྡུང་བཞིན་པ་མཐོང་།

རྒྱ་རིགས་གསར་བུ་དེའི་མིང་ལ་ཧྥུའུ་དི་མིན་ཟེར་བ་དང་། རྟ་ཐང་ཧོས་རིགས་རང་སྐྱོང་རྫོང་ནས་ཡོང་བ་རེད། ཁོ་དང་མི་གཞན་ཞིག་གིས་འདྲུད་འཐེན་འཕྲུལ་འཁོར་སྐོར་ནས་ཝ་འཇོག་ཞང་དུ་ཡོང་ནས་ཕྱེ་བཙོང་བཞིན་ཡོད། ཉིན་དེར་ས་རུབ་པ་དང་ལམ་གསལ་བོར་མ་མཐོང་བས། ཁོ་གཉིས་ལ་རླངས་འཁོར་དོན་རྐྱེན་བྱུང་བ་རེད། ཀླུ་འབུམ་རྒྱལ་གྱིས་བཤད་རྒྱུར། ང་རང་དོན་རྐྱེན་བྱུང་སའི་གནས་སུ་སོང་ནས་བལྟས་ཚེ། ཁོའི་གྲོགས་པོ་འདྲུད་འཐེན་འཕྲུལ་འཁོར་གྱི་འོག་ཏུ་མནན་ཡོད། ང་ཚོས་མཉམ་དུ་མི་འཕྲུལ་འཁོར་འོག་ནས་ཕྱིར་བླངས་པ་དང་། མི་དེར་རྨས་སྐྱོན་ཕོག་པ་དེ་འདྲ་མི་ལྕི་ཟེར།

སེམས་ཞིབ་པའི་ཀླུ་འབུམ་རྒྱལ་གྱིས་ཧྥུའུ་དི་མིན་དང་ཁོའི་གྲོགས་པོ་བདེ་འཇགས་ཡིན་པ་མཐོང་རྗེས། ཁྱིམ་ནས་ཨོང་བ་ཁུག་མ་གཉིས་དོན་རྐྱེན་བྱུང་སའི་གནས་སུ་འཁྱེར་ཡོང་། དོན་རྐྱེན་བྱུང་བའི་འདྲུད་འཐེན་འཁོར་ལོ་ད་དུང་གཞུང་ལམ་སྟེང་ཡོད་པ་དང་། ཕར་འགྲོ་ཚུར་འོང་བྱེད་པའི་རླངས་འཁོར་གྱིས་གལ་ཏེ་མཉམ་མ་བཞག་ཚེ། ཡང་བསྐྱར་གདོང་གཏུག་བྱེད་སྲིད། སྐབས་དེར་གློག་མེད་པས། ཀླུ་འབུམ་རྒྱལ་གྱིས་ཨོང་བ་ལམ་འགྲམ་དུ་སྦར་ནས་བདེ་འཇགས་ཉན་བརྡའི་བྱེད་ནུས་ཐོན་དུ་བཅུག དེའི་རྗེས། ཁོས་འཕྲུལ་རྟ་བསྐོར་ནས་རྨས་ཅུང་ལྗིད་མོ་ཕོག་པའི་ཧྥུའུ་དི་མིན་ཁྲིད་ནས་ཝ་འཇོག་ཞང་སྨན་ཁང་དུ་སོང་ནས་སྨན་བཅོས་བྱས།

ཧྥུའུ་དི་མིན་གྱིས་རྨ་ཁ་སྨན་བཅོས་བྱས་རྗེས། སྨན་ཁབ་བརྒྱབ་ཏེ་ནམ་གུང་གི་དུས་ཚོད་གསུམ་དུ་སླེབས་ཡོད། སྨན་རིན་སྤྲོད་སྐབས། ཧྥུའུ་དི་མིན་གྱི་ལུས་སྟེང་དུ་སྒོར་ཉི་ཤུ་འགའ་མ་གཏོགས་མེད་ལ། ཀླུ་འབུམ་རྒྱལ་གྱིས་ཅི་ཡང་མ་བཤད་པར། ཧྥུའུ་དི་མིན་ལ་སྒོར་བརྒྱ་དང་བདུན་ཅུ་ལྷག་གི་སྨན་རིན་སྤྲད། “སྨན་པ། ཁྱེད་ནི་ངའི་སྲོག་སྐྱོབ་དྲིན་ཆེན་ཡིན་ཟེར།” ཀླུ་འབུམ་རྒྱལ་གྱི་རོགས་སྐྱོར་ལ་ཧྥུའུ་དི་མིན་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་ཡོད། ད་ལྟའི་བར་དུ། ཧྥུའུ་དི་མིན་ལ་དུས་ཚོད་ཡོད་ཚེ་ཀླུ་འབུམ་རྒྱལ་ལ་སྐོར་རྒྱག་ཏུ་ཡོང་བ་དང་། ཁོ་གཉིས་ད་ལྟ་ཆེས་བཟང་བོའི་གྲོགས་པོར་གྱུར་ཡོད།

མི་རྣམས་ཀྱི་མིག་ནང་གི་སྨན་པ་བཟང་བོ་སྟེ། སྡེ་བའི་ནང་གི་ཧོས་རིགས་རྒན་པ་ཀྲང་ཧྲིན་ཧྥུའུ་ཡི་མིག་ནང་དུ་ཁོ་ནི་ཉེ་མི་ལྟ་བུ་རེད། བགྲེས་པོ་ཀྲང་ཧྲིན་ཧྥུའུ་ནི་དེ་སྔོན་ཞིང་ལས་རུ་ཁག་གི་ཡིན་ལ། བྱིས་པ་གཅིག་ཀྱང་མེད་ལ་ཁོ་གཅིག་པུ་ཁེར་སྡོད་བྱས་ཡོད་པས། འཚོ་བའི་སྟེང་དཀའ་ཁག་ཧ་ཅང་ཆེན་པོ་ཡོད། བགྲེས་པོ་རྒྱུན་དུ་ཆམ་པ་ཕོག་པ་དང་ནད་བྱུང་ཚེ། སྨན་རིན་སྤྲོད་རྒྱུ་མེད་པས་སྨན་ཁང་དུ་སྨན་བཅོས་བྱེད་དུ་འགྲོ་བཞིན་མེད། ཀླུ་འབུམ་རྒྱལ་གྱིས་བགྲེས་པོའི་གནས་ཚུལ་ཤེས་རྗེས། དུས་རྒྱུན་བགྲེས་པོའི་ཁྱིམ་དུ་སོང་ནས། ནད་ལ་བལྟ་བ་དང་སྨན་སོགས་སྟེར་བཞིན་ཡོད་པས། བགྲེས་པོ་སེམས་འགུལ་ཚད་མེད་ཐེབས་བཞིན་ཡོད།

འབྲོག་ཁུལ་གྱི་འབྲོག་པའི་སྡོད་གནས་ཁ་ཐོར་ཡིན་ལ། ཀླུ་འབུམ་རྒྱལ་དུས་རྒྱུན་ནད་པའི་ཁྱིམ་དུ་སོང་ནས་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད། ཁོ་རང་ཆེས་ཐག་རིང་བར་སྨན་བཅོས་བྱེད་དུ་འགྲོ་སའི་གནས་དེ་འཕྲུལ་རྟ་ཞོན་ན་སྤྱི་ལེ་དྲུག་ཅུ་ལྷག་བགྲོད་དགོས། “ཁ་པར་བཏང་ཚེ། ལམ་ཐག་ཇི་འདྲ་རིང་ཡང་ཀླུ་འབུམ་རྒྱལ་སྨན་བཅོས་བྱེད་དུ་འགྲོ་སྲིད།”ཀ་ཧེ་སྡེ་བའི་སྡེ་དམངས་རྣམས་ཀྱི་ཀླུ་འབུམ་རྒྱལ་ནི་དུས་ཐོག་ཆར་བར་དཔེ་ལེན་བཞིན་ཡོད་ལ། ཚང་མ་ཁོ་རང་དགོས་མཁོ་ཡོད་པའི་སྐབས་སུ། ཁོ་རང་དུས་ཐོག་ཏུ་ཐོན་སྲིད།

དཀའ་ཁག་ཡོད་པའི་མང་ཚོགས་ལ་རིན་མེད་སྒོས་རོགས་སྐྱོར་བྱེད་པ་ལས་གཞན། མི་རྣམས་ལ་སྨན་རིན་སྤྲོད་བཞིན་ཡོད་པས། ཀླུ་འབུམ་རྒྱལ་ནི་ཀ་ཧེ་སྡེ་བའི་མི་རིགས་མཐུན་སྒྲིལ་གྱི་འོས་འགན་དྲིལ་སྒྲོག་མི་སྣ་རེད། སྡེ་བའི་ནང་གི་བྱིས་པ་རྡོ་རྗེ་ཚེ་བརྟན་ལ་གློ་ཚད་བྱུང་ཡོད་པ་དང་། ཁྱིས་མིས་ཁོ་རང་ཁྲིད་ཞིང་ཆེན་གྱི་སྨན་ཁང་དུ་སྨན་བཅོས་བྱེད་དུ་སོང་། སྨན་བཅོས་བྱས་ནས་དུས་ཡུན་ངེས་ཅན་ཞིག་འགོར་རྗེས། རྡོ་རྗེ་ཚེ་བརྟན་གྱི་ཁྱིམ་གྱིས་བྱིས་པའི་སྨན་བཅོས་གྲོན་དངུལ་གཏོང་མི་ཐུབ་པར་གྱུར། ཐབས་ཟད་དེ་བྱིས་པ་ཕྱིར་ཁྱིམ་དུ་ཁྲིད་ཡོང་།

ཀླུ་འབུམ་རྒྱལ་གྱིས་རང་ཉིད་ཀྱི་སྒོར་མོ་འཁྱེར་ཡོང་ནས་རྡོ་རྗེ་ཚེ་བརྟན་གྱི་ཕ་མར་བྱིན་པ་དང་། དེའི་རྗེས་ཁོ་རང་སྡེ་བའི་ནང་དུ་སོང་ནས། སྡེ་བའི་མི་རྣམས་ལ་སྐུལ་སློང་བྱས་ཏེ། ཚང་མས་རང་གི་ནུས་ཤུགས་རེ་བཏོན་ནས་རྡོ་རྗེ་ཚེ་བརྟན་བཟའ་མི་གང་བོ་དཀའ་ཁག་ལས་སྒྲོལ་རོགས་བྱས། ཀླུ་འབུམ་རྒྱལ་གྱིས་བཤད་རྒྱུར། “རང་མི་རིགས་དང་ད་དུང་མི་རིགས་གཞན་ཚང་མ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟ་བུ་ཡིན་པས། ཕན་ཚུན་རོགས་སྐྱོར་བྱས་ན་ད་གཟོད་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ”ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།