བསོད་ནམས་སྟོབས་ལྡན་གྱི་བདེ་སྐྱིད་འཛུམ་མདངས།
2017.09.25 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 41

ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་གྱི་ཞོགས་པར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཆུ་ཞང་རེ་ཆུ་སྡེ་བའི་འབྲོག་པ་བསོད་ནམས་སྟོབས་ལྡན་འཕྲུལ་རྟར་བཞོན་ནས་རྫོང་མཁར་གྱི་ཡུལ་མི་གནས་སྤོ་བྱེད་སར་སོང་སྟེ། གཏན་སྡོད་ཁང་པ་ལས་བཞིན་པའི་ལས་ཀ་པ་རྣམས་ལ་རོགས་རམ་བྱས།

དེ་ནི་རྨ་སྟོད་རྫོང་གི་དབུལ་སྐྱོར་གནས་སྤོར་གྱི་ལས་གཞི་བཟོ་འགོད་ཅིག་རེད། ལས་གཞི་དེ་གྲོང་རྡལ་གཅིག་དང་ཞང་གཉིས་ཀྱི་ཁྱིམ་ཚང་བརྒྱ་དང་ཉེར་བརྒྱད་ཀྱི་མི་སུམ་བརྒྱ་དང་གྱ་གཅིག་ལ་བགོ་རྒྱུ་ཡིན་པ་དང་། དེའི་ནང་མཚོ་སྐྱ་རིང་ཞང་དཀར་རྩེ་སྡེ་བའི་ཁྱིམ་ཚང་སོ་བདུན་དང་། རྨ་ཁྲ་ལི་གྲོང་རྡལ་ལུང་རྒན་སྡེ་བའི་ཁྱིམ་ཚང་སོ་བརྒྱད། རྨ་ཆུ་ཞང་རེ་ཆུ་སྡེ་བའི་ཁྱིམ་ཚང་ང་གསུམ་བཅས་ཡོད་པ་དང་། སྡོད་ཁང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ཁྲི་གཉིས་དང་སྟོང་ལྔ་དྲུག་བརྒྱ་ཡོད་ཅིང་། བསྡོམས་པས་མ་དངུལ་སྒོར་མོ་བྱེ་བ་གཉིས་དང་ས་ཡ་གཉིས་འབུམ་ལྔ་ཁྲི་གཉིས་ལྷག་བཏང་བ་དེ་ཁྱིམ་ཚང་རེར་ཆ་སྙོམས་སུ་མ་དངུལ་སྒོར་འབུམ་གཅིག་དང་ཁྲི་བདུན་ལྷག་ཡོད་པ་དང་ཁྱིམ་ཚང་རེ་རེར་ལས་པའི་སའི་རྒྱ་ཁྱོན་གྱིས་མུས་གྲུ་བཞི་མ་ཉིས་བརྒྱ་རེ་ཟིན།

བསོད་ནམས་སྟོབས་ལྡན་ཚང་ཡང་གནས་སྤོར་ཁྱིམ་ཚང་ཡིན། ཉིས་སྟོང་བཅུ་དྲུག་ལོར་ལས་གཞི་དེ་ལག་བསྟར་བྱས་པའི་ཚུན་དུ། ཁོ་རང་ཉིན་རྒྱུན་ལས་ཀ་ལས་ཡུལ་དུ་སོང་སྟེ། ལས་ཀ་པ་རྣམས་ལ་གླ་ཡོན་མེད་པར་ལས་རོགས་བྱས་པ་དང་། བཟའ་མི་ཚང་མ་སྔ་མོ་ནས་གནས་འདིར་སྤོར་ཐུབ་པའི་རེ་བ་འཆང་བཞིན་ཡོད།

མ་འོངས་པ་གླེང་དུས། བསོད་ནམས་སྟོབས་ལྡན་འཚོ་བ་གསར་པར་རེ་བས་ཁེངས་ཡོད། ཁོས་བཤད་རྒྱུར། ཉིན་འགའ་འགོར་རྗེས། ང་ཚོ་གནས་འདིར་སྤར་ཏེ། དབུལ་སྐྱོར་གནས་སྤོར་ལས་གཞིའི་འབྲེལ་ཡོད་སྲིད་ཇུས་བཟང་པོ་ལོངས་སྤྱོད་བྱེད་ཐུབ་རྒྱུ་ཡིན་པ་ལས་གཞན། རྫོང་གིས་ང་ཚོ་དབུལ་སྐྱོར་ཐོན་ལས་ར་བ་ནས་གླ་རྒྱག་པ་བཀོད་སྒྲིག་བྱས་ཡོད། དེའི་ཕྱིར་འཚོ་བ་དང་ཡོང་སྒོ་སོགས་ཕྱོགས་སོ་སོར་འགྱུར་ལྡོག་ཆེན་པོ་འབྱུང་རྒྱུ་ཡིན་པ་དང་། དེ་དག་ཚང་མ་ནི་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཡིན་ཞེས་ཟེར་ཞོར་དུ་གདོང་ལ་འཛུམ་གྱིས་ཁེངས་འདུག

བསོད་ནམས་སྟོབས་ལྡན་ཚང་སྔོན་ཆད་རྫོང་མཁར་དང་བར་ཐག་སྤྱི་ལེ་བདུན་ཅུ་དོན་ལྔ་ཡོད་པའི་འབྲོག་སར་གཞིས་ཆགས་ཡོད་ལ། ལོ་རེར་རྩྭ་ཆུར་བསྙེགས་ནས་གཞིས་ཆགས་པའི་ཕྱུགས་ལས་ཀྱི་འཚོ་བ་རོལ་སྟངས་ལ་བརྟེན་ནས་དུས་ཚོད་མང་པོ་ལམ་ནས་ཆུད་ཟོས་སུ་གཏོང་བཞིན་ཡོད་པ་རེད།

ད་ལྟ། བསོད་ནམས་སྟོབས་ལྡན་ཚང་རྫོང་དང་ཞ ང་སྲིད་གཞུང་གིས་དབུལ་སྐྱོར་གནས་སྤོར་ཁྱིམ་ཚང་གྲས་སུ་བཞག་ཡོད་པ་དང་། ལས་ནས་འགྲུབ་ལ་ཁད་ཡོད་པའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་བདུན་ཅུ་དོན་བཞི་ཡོད་པའི་སྡོད་ཁང་གསར་པ་དེ་ནི་ཁང་ཀླད་དམར་པོ་དང་གྱང་ངོས་དཀར་པོ་ཡིན་པས་མིག་ལ་མཛེས་ཤིང་། སྒེའུ་ཁུང་གི་ཁ་ཞེང་ཡང་ཆེ་ལ། ཁྱིམ་ཚང་རེར་མལ་ཁང་གཉིས་དང་འགྲུལ་ཁང་གཅིག ཇ་ཁང་གཅིག་རེ་ལས་ཡོད་པར་མ་ཟད། མུས་གྲུ་བཞི་མ་བརྒྱ་དང་བཅུ་བཞི་རེ་ཡོད་པའི་མེ་ཏོག་ར་བའི་ནང་དུ་སྔོ་ཚོད་སྣ་ཚོགས་བཏབ་ཆོག

དམངས་ཕན་སྲིད་ཇུས་ལས་མང་ཚོགས་ལ་ཁེ་ཕན་ཐོབ་པས། བསོད་ནམས་སྟོབས་ལྡན་གྱིས་སྒེའུ་ཁང་ཕྱི་རོལ་ཏུ་བལྟ་ཞོར་དུ། ད་ལོར་ཁོ་ཚང་གི་བཟའ་མི་བཞི་བོའི་ཁྲོད་ནས་བཟའ་མི་གསུམ་གྱིས་མ་མཐའི་འཚོ་བའི་འགན་སྲུང་ལོངས་སྤྱོད་བྱེད་ཐུབ་པ་བྱུང་བ་དང་། ལོ་རེར་མི་རེར་སྲིད་གཞུང་གིས་རྩྭ་ཐང་གི་ཁ་གསབ་རོགས་དངུལ་སྒོར་མོ་སྟོང་བརྒྱད་དང་དགུ་བརྒྱ་བཅུ་བཞི་སྟེར་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།