བོད་སྨན་ལས་དོན་དུས་རབ་གསར་བར་བསྐྱོད་པའི་སྣེ་ཁྲིད་མཁན་བཟང་བོ་ཞིག་བྱེད།
2017.11.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 42

 ཞོགས་པ་སྔ་མོར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་ཡོང་བའི་ནད་པ་རྡོ་རྗེ་རིན་ཆེན་ཐད་ཀར་དུ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་མགོ་གཙོ་གཞོན་པ་དབང་ཆེན་ཚེ་བརྟན་གྱི་གཞུང་ལས་ཁང་དུ་ཐོན་ནས་ལུས་ཕུང་ལ་བརྟག་དཔྱད་བྱས་རྗེས།   དབང་ཆེན་ཚེ་བརྟན་གྱིས་ཁོ་ལ“ཟས་སྤྱོད་ལ་མཉམ་འཇོག་བྱས་ཏེ་སྨན་དུས་ཚོད་ལྟར་འཐུང་ན་ཁྱོད་ཀྱི་ནད་གཞི་དེ་སྔ་མོ་ནས་དྲག་སྐྱེད་འབྱུང་ཐུབ།”ཟེར།   ཁྱོད་ཀྱིས་རྒྱ་སྐད་དང་བོད་སྐད།  ཡང་ན་སོག་སྐད་བཅས་སྐད་རིགས་གང་ཞིག་གི་ལམ་ནས་རང་གི་ནད་ཀྱི་གནས་ཚུལ་འདྲི་དགོས་ན་དབང་ཆེན་ཚེ་བརྟན་བཙལ་རོགས།  དབང་ཆེན་ཚེ་བརྟན་ནི་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་མགོ་གཙོ་གཞོན་པ་ཡིན་ཞིང་། ནམ་རྒྱུན་དུ་ནད་པ་རེ་རེ་ཐོན་དུས་ཁོ་རང་ལ་མགོ་ཁྲིད་ཅིག་ཡིན་པའི་ཉམས་སྣང་ཅི་ཡང་མེད་པར་ནད་པ་རེ་རེ་བཞིན་བརྩེ་བའི་འཛུམ་གྱིས་བསུ་བཞིན་ཡོད། ཁོས་རྒྱུན་དུ་ང་རང་སྨན་པ་ཞེས་པའི་མིང་འདི་ལ་ཤིན་ཏུ་དགའ་ཟེར། ད་ལྟ་ཁོ་རང་སྲིད་འཛིན་གྱི་བྱ་བའི་ཐད་ནས་བྲེལ་བ་ཅུང་ཆེ་ནའང་། གལ་ཏེ་ནད་པ་ཞིག་གིས་ཁོ་རང་བཙལ་འོང་ཚེ་ཁོས་དེར་ཁ་ཡ་མི་བྱེད་པ་དཔེ་མི་སྲིད།  

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་ཟིན་ན་ཡང་དབང་ཆེན་ཚེ་བརྟན་ལ་མཚོན་ནས་བཤད་ན་ཏང་གི་འཐུས་མི་ཞིག་གི་འགན་འཁྲི་ཏག་ཏག་མགོ་བརྩམས་རུང་རེད།
ནད་པ་སྣེ་ལེན་བྱས་ཚར་རྗེས། དབང་ཆེན་ཚེ་བརྟན་མྱུར་དུ་རླངས་འཁོར་ལ་བསྡད་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་ལམ་ལ་ཆས། དེ་རུ་ཁོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་ཚོགས་སྙན་ཞུ་ཞིག་འབུལ་དགོས་ཀྱི་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པ་དེས་ང་ལ་གཟི་བརྗིད་ཀྱི་བདེན་དཔང་བསྩལ་ཞིང་། དེ་ནི་ང་རང་ཉིད་ཁོ་ནའི་གཟི་བརྗིད་མ་ཡིན་པར། ཞིང་ཆེན་ཡོངས་ཀྱི་བདེ་ཐང་ཁྱབ་ཁོངས་ཀྱི་གཟི་བརྗིད་ཅིག་དང་ལྷག་པར་དུ་བོད་སྨན་ལས་དོན་འཕེལ་རྒྱས་ཀྱི་གཟི་བརྗིད་ཅིག་རེད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྲོད་དུ་བཏོན་པའི་བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་བྱེད་པ་དང་རྒྱལ་དམངས་ཀྱི་བདེ་ཐང་སྲིད་ཇུས་འཐུས་ཚང་དུ་གཏོང་བ། མི་དམངས་མང་ཚོགས་ལ་ཕྱོགས་ཡོངས་ཀྱི་བདེ་ཐང་ཞབས་ཞུ་འདོན་སྤྲོད་བྱེད་དགོས་པ་བཅས་ནི་མི་དམངས་མང་ཚོགས་ལ་ན་ཚ་བྱུང་ཚེ་སྨན་པར་སྟོན་ཐུབ་པའི་ཆེད་དུ་རེད། ང་ཚོས་སྔར་ལས་བརྩེ་བ་དང་འབད་བརྩོན་ཆེན་པོས་ཡོད་ཚད་རང་གི་བྱ་བའི་ལས་རིགས་སྟེང་ཕུལ་ཏེ། བོད་སྨན་ལས་དོན་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་དགོས་ཟེར།

དབང་ཆེན་ཚེ་བརྟན་གྱིས་རང་ཉིད་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་སྐབས་ཀྱི་མཐོང་ཐོས་མྱོང་གསུམ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ཁྲོད་བཏོན་པའི་བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་བྱེད་དགོས་ཞེས་པ་གཉིས་ཟུང་འབྲེལ་གྱིས་ཕྱོགས་ཡོངས་ནས་དུས་རབས་གསར་བའི་བདེ་ཐང་འཕྲོད་བསྟེན་ལས་དོན་གྱི་འཕེལ་རྒྱས་མདུན་ལྗོངས་དང་། མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་འཕེལ་རྒྱས་ལས་དོན་གྱི་གནས་ཚུལ་ལ་དབྱེ་ཞིབ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་ལས་དོན་འཕེལ་རྒྱས་ཐད་ངོས་ཟིན་གསར་བ་བཏོན་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བོད་སྨན་ཁང་གི་དངོས་ཡོད་གནས་ཚུལ་ལ་དབྱེ་ཞིབ་བྱས་ནས་གསར་སྐྲུན་ནི་འཕེལ་རྒྱས་ནང་འདྲེན་བྱེད་པའི་སྒུལ་ཤུགས་དང་པོ་ཡིན་པར་མ་ཟད། སྨན་བཅོས་འཕྲོད་བསྟེན་ཁྱབས་ཁོངས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་འདེགས་སྐྱོར་ཡིན་པ་ནན་གྱིས་བསྟན།

དབང་ཆེན་ཚེ་བརྟན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་དངོས་བརྒྱུད་ཀྱི་མྱོང་བ་དང་ངོས་ཟིན་སྐོར་སྤྲོ་སེམས་འཁོལ་བའི་ངང་བཤད་པ་དེས་ཚོགས་ཞུགས་མི་སྣ་རྣམས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སྔར་ལས་གོ་བ་གཏིང་ཟབ་མོ་རྙེད་ཅིང་ཚོགས་ར་ཧྲིལ་བོར་དགའ་སྤྲོའི་ཐལ་མོ་རྡེབ་སྒྲས་ཁེངས།

དབང་ཆེན་ཚེ་བརྟན་པེ་ཅིན་ནས་ཕྱིར་བསླེབས་རྗེས་ཁོ་རང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི་ཞིག་ཡིན་པའི་ངོས་ནས་ཐེངས་མང་པོར་གཞི་རིམ་དུ་ཟབ་ཞུགས་བྱས། ཟི་ལིང་གྲོང་ཁྱེར་གྱི་འཕྲོད་བསྟེན་ཁོངས་གཏོགས་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་འཕྲོད་བསྟེན་ཁོངས་གཏོགས། ཞིང་ཆེན་གསོ་རིག་ལྷན་ཚོགས་དང་བོད་སྨན་ཁང་གི་ཏང་ཀྲི་པུའུ་དང་ཚན་ཁག་སོ་སོ། དེ་མིན་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་ནད་པ་བཅས་ལ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་བཤད་བྱས་པ་དང་། ཏང་གི་སྲིད་ཇུས་གཞི་རིམ་གྱི་ས་ཁུལ་སོ་སོར་བརྒྱུད་སྒྲོག་བྱས་ཏེ་སྔར་ལས་ལྷག་པའི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བ་མང་པོར་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་བཤད་བྱས།

བོད་སྐད་ལ་བྱང་ཆ་ལྡན་པའི་མཚོ་སྔོན་ཞིང་ཆེན་གྱི་འཕྲོད་བསྟེན་ཁོངས་གཏོགས་ཀྱི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི་གཅིག་པུ་ཡིན་པའི་ཆ་ནས་དབང་ཆེན་ཚེ་བརྟན་གྱིས་ཨ་མདོ་བརྙན་འཕྲིན་ཁང་གི་ཆེད་དོན་བཅར་འདྲི་དང་ལེན་བྱས་པ་དང་། སྐབས་དེར་ཁོས་བཅར་འདྲིའི་གོ་རིམ་ཧྲིལ་བོར་བོད་སྐད་ཀྱི་ལམ་ནས་རྒྱལ་ཡོངས་བོད་ཁུལ་གྱི་གཞི་རིམ་ཏང་ཡོན་དང་མི་དམངས་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གོ་བདེའི་ངང་སྒྲོག་བཤད་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་བོད་ཁུལ་ཡོངས་ལ་བརྒྱུད་སྒྲོག་བྱས། བོད་སྐད་ཀྱི་ལམ་ནས་གསོན་ཉམས་ལྡན་པའི་འགྲེལ་བཤད་བྱེད་ཐབས་སྤྱད་པས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མི་དམངས་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གྱི་ཉིང་བཅུད་ལ་གོ་བ་གསལ་བོ་ལེན་པར་དགེ་མཚན་ལྡན་པའི་ཆ་རྐྱེན་བསྐྲུན།

སྒྲོག་བཤད་བྱེད་པ་དང་རང་གི་བྱ་བ་གཉིས་སོ་སོར་བཟང་བོར་བསྒྲུབ་དགོས། ཐེངས་རེ་རེར་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་བཤད་བྱས་ཚར་རྗེས། དབང་ཆེན་ཚེ་བརྟན་ལ་ཁོམ་ལོང་ཅུང་ཙམ་ཡང་མེད་པར་ཕྱིར་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་ལོག་བཞིན་ཡོད། སྨན་ཁང་དུ་བྱ་བ་མང་པོ་ཞིག་ཐག་གཅོད་བྱེད་དགོས་པ་དང་། ད་དུང་ནད་པ་མང་པོ་ཞིག་གིས་ཀྱང་ང་ལ་སྒུག་ནས་བསྡད་ཡོད་ཟེར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་རྗེས་སུ་དབང་ཆེན་ཚེ་བརྟན་གྱིས་རང་གི་བྱ་བའི་ལས་འགན་གྱི་ཕྱོགས་ཡོངས་ལ་ངོས་ཟིན་གསར་བ་ཞིག་རྙེད་ཡོད་པ་ནི། མི་གཞན་དང་བསྡུར་ན་རང་གིས་ལས་ཀ་མང་དུ་ལས་དགོས་པ་དང་ཚད་གཞི་གཞན་ལས་མཐོ་དགོས་པ་དེ་རེད། ཁོས་བཤད་རྒྱུར། ངས་མུ་མཐུད་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ་གོ་བ་ཡང་དག་ལེན་པ་དང་། དྲིལ་སྒྲོག་དང་ལག་བསྟར་བཟང་བོ་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པའི་ལྟ་སྐྱོང་བ་ཞིག་བྱས་ཏེ། བོད་སྨན་ལས་དོན་དུས་རབས་གསར་བར་བསྐྱོད་པའི་སྣེ་ཁྲིད་མཁན་ཞིག་བྱེད་རྒྱུ་ཡིན་ཟེར།

ལོ་ཙཱ་བ།  གཡང་འབུམ་རྒྱལ།